བསམ་གླིང་ཚེ་རིང་ལྷ་མོ།
མཚན་མོར་འཛུམ་པའི་མེ་ཏོག་ནི།།
ཀུ་མུད་གཅིག་པོ་ག་ལ་ཡིན།།
ཟླ་བའི་མཛེས་པ་ཁོ་ན་ཡིས།།
སྐྱེངས་ནས་ཡིབ་སྟེ་བཞད་པ་མང་།།
འཛུམ་པ་རྒྱས་པའི་ཟླ་འོད་ནི།།
ཆུ་འཛིན་སེང་ནས་ལྐོག་ཏུ་བཞད།།
མཛའ་གཅུགས་ཟབ་པའི་ཀུ་མུད་ཀྱིས།།
ཚེམས་ཕྲེང་གེ་སར་ཡང་ཡང་ངོམ།།
ཀུ་མུད་ས་རུ་བཞད་པར་ཡང་།།
ཟླ་བའི་འཛུམ་གྱིས་སྐྱོང་བདེན་ན།།
ཆར་དུས་ནམ་མཁའི་གླང་པོ་ནི།།
དགྲ་གྲོགས་གང་ཡིན་ཤེས་པར་དཀའ།།
ཟླ་བ་བསིལ་བའི་རང་བཞིན་ལས།།
དྲོད་ཀྱི་རང་བཞིན་ཡོད་ཅེ་ན།།
མཚན་མོར་བཞད་དེའི་བསུང་ངད་ཀྱིས།།
བློ་ཡིད་འཕྲོག་པར་ཐེ་ཚོམ་ཅི།།
ཆུ་གཏེར་བུ་མོའི་མཛེས་པས་ཀྱང་།།
སྐྱེ་ལྡན་དགའ་བདེ་འཕེལ་ཞེ་ན།།
ཟླ་བའི་དགྲ་ནི་ཡ་མཚན་ནས།།
ཡིད་ལ་ཟུག་ངུས་ལྷག་པར་གདུང་།།
མཁའ་ལ་བཀྲ་བའི་རྒྱལ་པོས་ནི།།
འཛུམ་པའི་བྱམས་ཀྱིས་མུན་སེལ་ན།།
དྲི་བྲལ་ཆུ་སྐྱེས་དཔལ་ལ་དེས།།
གདུང་བ་ལྷག་པར་འཕེལ་འདི་ཅི།།
ཤར་ནས་ནུབ་ཏུ་རྒྱུ་བ་ཡིས།།
ཆུ་གཏེར་འཕེལ་དེ་བགྲོད་བྱེད་པར།།
རྒྱ་མཚོའི་རླངས་པས་ཀུ་མུད་ལ།།
ཕྲག་དོག་འཕེལ་ནས་སྒྲིབ་ལ་ལྟོས།།
རི་བོང་མཚན་མའི་མཛེས་པ་ལ།།
ཀུན་གྱིས་བསྟོད་པ་བྱེད་པ་ཡིས།།
སྐྱེངས་པའི་བཞིན་དེ་ཆུ་འཛིན་གྱི།།
རྒྱབ་ཏུ་ཡིབ་ལ་བརྩོན་པར་བྱེད།།
མཁའ་ལ་བཀྲ་བའི་ཟླ་བ་ལ།།
རིང་མིན་ཐུང་མིན་ཚིག་གི་ཕྲེང་།།
གང་འདོད་སྤེལ་ཡང་དེ་ལ་ནི།།
ཁྲོ་བ་ནམ་ཡང་ཡོད་མ་ཡིན།།
ཁུ་སིམ་མཚན་མོའི་རྒྱུ་སྐར་ནི།།
ས་གཞིའི་མཛེས་པར་ལྟ་འདོད་ཀྱང་།།
ཆུ་གཏེར་འཕེལ་འདིའི་བྱེད་ལས་ཀྱིས།།
གསལ་བར་བྱེད་ལས་གཞན་གྱིས་མིན།།
མ་འོ་ཀླ་ཀློ་བདུད་སྤྲུལ་དེ། །
འཇམ་དབྱངས་ཞིང་དུ་འཁྲུངས་དོན་ཅི། །
ཧུ་ཅིན་ཐ་ཡི་གདུག་རྩུབ་དེ། །
ཆད་དུ་མེད་པའི་རྒྱ་རྐྱེན་ཅི། །
སྙན་དངགས་མཁན་ཨ་ཇ་ལྷ་མོ་ལགས་ཀྱིས་སྙན་རྩོམ་ཡག་པོ་བྲིས་གནང་འདུག །
པདྨའི་མཛེས་སྡུག་ཉི་མའི་དཔལ་ལས་བྱུང་།།
ཀུ་མུད་མཛེས་སྡུག་ཟླ་བའི་དཔལ་ལས་བྱུང་།།
ཕན་ཚུལ་དགྲ་ཟླའི་འདུ་ཤེས་མེད་གྱུར་ཀྱང་།།
སྙན་ངག་མཁན་ལ་ཐམས་ཅད་འཛུམ་ཤིག་ཤིག།
ཀུ་མུད་ཏ་ཡིས་མཚན་མོ་ལ། །
ཟླ་བར་འཛུམ་པའི་མེ་ཏོག་ནི། །
ཚེ་རིང་ལྷ་མོས་སྙིང་གི་གྲོགས། །
མཚན་མོར་དྲན་པའི་དོ་ཟླ་མིན། །
ཧཧཧ
ཟླ་བ་མེད་པའི་མཚན་མོ་དེར།།
ཀུ་མུད་འདབ་མ་རྙིད་པར་གྱུར།།
ཁྱེད་ཉིད་མེད་པའི་ལོ་ཟླའི་ནང་།།
གངས་ལྗོངས་མུན་པའི་གླིང་དུ་གྱུར།།
གདུག་རྩུབ་མུན་པའི་ཀློང་རོལ་ནས།།
མྱ་ངན་ན་ཟུག་གླེང་མཁན་མང་།།
བདེ་སྐྱིད་ཞིང་ཁམས་གྲུ་ཟུར་ནས།།
སྐྱིད་པའི་དགོད་སྒྲ་སྒྲོག་མཁན་མང་།།
ཚིག་གི་བ་གམ་མཐོན་པོ་ནས།།
དོན་གྱི་རི་མོ་སྣ་ཚོགས་མཐོང་།།
ངག་གི་རིག་བྱེད་ལྡབ་ལྡིབ་ལས།།
སེམས་ཀྱི་དེ་ཉིད་གསལ་བར་རྟོགས།།
ཨ་ཅག་ལྷ་མོ་དབུགས་ཐག་རིང་།།
ལོ་དང་ལོ་ཟླ་སྦྲེལ་བཞིན་དུ།།
སྙན་ཚིག་རྫ་རྔ་བརྡུང་བར་བྲེལ།།
དབྱངས་ཅན་མས་ཀྱང་ཆིག་ལབ་ཤོར།།
མུན་ནག་མཚན་རིང་དུས་རིང་ནང་། །
དད་ལྡན་གཞིས་བྱེས་ཀུ་མུད་དག །
རིང་ནས་བསྒུག་པའི་བོད་རིགས་མང་། །
པཎ་དགེའི་ཟླ་གཞོན་ག་དུས་འཆར། །
དངོས་གནས། གློ་བ་རངས་པའི་རྩོམ་ཡིག་ཟེར་བ་འདི་འདྲར་གསུངས་པ་ལོན་ཡིན་སྙམ།
བསམ་གླིང་བུ་མོ་འདི་ནོར་བྷེལ་མཐའ་སྣེ་ཞིག་ན་གནས་བཅས་ཡོད་པ་མིན་འགྲོ། ཁ་བྲོ་རྒྱུ་མའི་མཚན་མོ་འདི་ལ་རྫོགས་ཡ་ཞིག་མི་འདུག།
ཟླ་བས་ཀུ་མུ་ད་བཞད་བྱེད།
ཉི་མས་པདྨ་བཞད་བྱེད་བཞིན།
བོད་ཀྱི་སྐྱེས་པ་དང་སྐྱེས་མའི།
འབད་པས་བོད་སྐད་ལོ་ཏོག་སྤེལ།།
མུ་མུ་ད་བོད་ལ་མེད་པས། དེའི་དོན་ཤེས་དཀའ། ཀུ་ཞེས་པ་ནི། མུ་ད་ཞེས་པ་ནི་དགའ་བ་སྟེ། ས་མོས། ཞེས་བསྒྱུར་ཡོད་པ། ཁུ་ནུའི་བླ་མའི་ཞལ་སྔ་ནས་ཐོས་སོ།།
ཀུ་ཞེས་པ་ནི། ས་དང་། ཞེས་བཅོས་སོ།
བཀུར་འོས་དྲ་གྲོགས་ལྷན་རྒྱས་ཀྱིས་སྙན་ཚིག་གི་ལེགས་སྐྱེས་དང་། དཔྱད་གླེང་གནང་བར་བཀའ་དྲིན་ཆེ།
མེ་ལོང་མ་ཡི་ཚིག་རྒྱན་ལ།
ཤིན་ཏུ་བྱང་བའི་བོད་མོ་འདིས།
བསིལ་དང་དྲོད་ཀྱི་ཡོངས་བྲལ་བའི།
ཟླ་བའི་ཡོན་ཏན་བརྗོད་དེར་བསྟོད།། །།
པད་དཀར་འདབ་སྟོང་བཞད་པ་ཡང༌།།
ཉི་ཟེར་དྲིན་གྱིས་བསྐྱངས་ལས་ཅི།།
སེམས་ལ་བདེ་སྟོང་རྒྱས་པ་ཡང༌།།
རྒྱལ་བའི་དྲིན་ལས་གཞན་གྱིས་མིན།།
སྣ་ཚོགས་མེ་ཏོག་བཞད་པ་དེ།།
ལྡུམ་རའི་མཛེས་རྒྱན་ལོས་ཡིན་ཡང༌།།
འབྱུང་བཞིའི་འཁོརའགྲོས་མེད་འགྱུར་ན།།
གེ་སར་ཚེམས་ཕྲེང་གང་དུ་ངོམ།།
པད་དཀར་མཛེས་པའི་འགྲམ་ཆང་གིས།།
སྙན་ངག་མཁན་པོ་བཟི་འགྱུར་ན།།
འཇམ་མཉེན་ལོ་འདབ་ལ་འཁྱུད་པས།།
གློ་མཆིན་བརྗེ་ལ་ཐེ་ཚོམ་ཅི།།
བསམ་པ་གླིང་ལ་མ་འཁོར་ན། །
མི་ཚེ་རིང་ཡང་ལྷ་མོ་མིན། །
ཟླ་བའི་འོད་མདངས་མ་ཕོག་ན། །
འདབས་མ་བཞད་ཀྱང་ཀུ་མུད་མིན།
ལྷ་རྒྱལ་ལོ།
བཙུན་མའི་གསང་སྒོ་བཞད་ནའང་།།
གྲྭ་ཆུང་ཆེད་དུ་ཕྱེས་པ་མིན། །
ས་ཡི་མེ་ཏོག་བཞད་པ་དེ། །
མཆོད་པར་གཅོད་ན་བཙན་གནོན་ཡིན། །
བོད་མོས་སྟུ་སྒོ་བཞད་པ་ལ། །
བུ་ཆུང་མེད་ན་ལྟས་ངན་ཡིན། །
ཕོ་སྒོ་ཡག་པའི་གསར་བུ་ལ། །
བགྲེས་མོ་ཐོབ་པ་སྔོན་ལས་ཡིན། །
ཟླ་བའི་ཟེར་མདངས་ཞུ་བ་དེ། །
བདུད་རྩིར་འཁྲུལ་བ་རྟོག་བཟོ་ཡིན། །
བ་ཀུ་ལ་ཡི་མེ་ཏོག་ལ། །
ཁ་ཆུ་འདེབས་པ་སྒྲུང་གཏམ་ཡིན། །
མེས་པོའི་་རིག་གནས་མི་མཆོད་པར། །
གཞན་སྒོ་འགྲིམ་པ་ཞབས་འདྲེན་ཡིན། །
དཀར་ནག་རྒྱ་ལ་སྐྱབས་བཅོལ་ནས། །
རང་ཆས་བརླགས་པ་བདེན་པ་ཡིན། །
སྐྱེ་འཕེལ་དབང་པོ་མི་བཀོལ་བར། །
ཡར་རྒྱས་འདོད་པ་འཁྲུལ་སྣང་ཡིན། །
རང་གི་འབད་བརྩོན་མི་བྱེད་པར། །
གཞན་ལ་རེ་བ་རྒྱུད་ལུགས་ཡིན། །
སྙན་ངག་མཁན་པོའི་གླུ་ཆུང་གིས། །
འཁྲུལ་གཟུགས་བཟོས་པ་དོན་མེད་ཡིན། །
ཁ་སྟོང་བྲིན་པོའི་ངག་འཆལ་གྱིས། །
དུས་ཚོད་འདའ་བ་བླུན་པོ་ཡིན། །
རྒྱལ་རབས་ལོ་རྒྱུས་བཞུགས་བཞིན་དུ། །
དུམ་ཆོད་ཞིབ་འཇུག་འབྲས་མེད་ཡིན། །
མེས་པོའི་རིག་གཞུང་གོ་བཞིན་དུ། །
གཞན་རྗེས་འབྲངས་པ་བླུན་དད་ཡིན། །
བཙན་པོའི་རྣམ་ཐར་འདོན་བཞིན་བཞིན་དུ། །
སྤོབས་པ་མེད་ན་རྡར་མ་ཡིན། །
མདོར་ན་རང་གི་རུས་ལ་སོམ། །
གངས་རི་དཀར་པོར་ལོ་རྒྱུས་དྲིས། །
གནམ་དུ་གཤེགས་པའི་བང་སོ་འཚོལ། །
སྲོང་བཙན་སྒམ་པོའི་དམག་ཤུགས་དཔྱོད། །
སད་མ་ཀར་གྱི་སྙིང་སྟོབས་བསྟོད། །
བློན་ཆེན་འགར་གྱི་རིགས་པར་ལྟོས། །
མ་འོངས་མདུན་ལམ་མ་བརྗེད་ཅིག ། ལྷ་རྒྱལ་ལོ། །བསྭོ། བསྭོ། བསྶྭོ། །
གྲོགས་མོ་མཆོག་གཙོས་དྲ་གྲོགས་ལྷན་རྒྱས་ལ་ཕེབས་བསུ་ཞུ།
ཉི་མས་པད་མར་ཕན་ན་ཡང་། །
ཀུ་མུད་མོ་ལ་གཟིར་ཞིང་བསྡིགས། །
ཟླ་བས་ཀུ་མུད་མཛའ་ན་ཡང་། །
པད་མར་གསང་ཤིང་སྦས་དོན་ཅི། །
ཚེ་བསམ་ནི་རྩོམ་རྩལ་བཟང་། །
སྙན་ངག་ནི་དབྱངས་སུ་གྱེར། །
དྲ་གྲོགས་ནི་ཕོ་མོ་ཚོས། །
བསྟོད་བསྔགས་ནི་ཅི་ཡང་འཐེན། །
མེ་ཏོག་ནི་སེམས་པ་དགའ། །
དེ་སྔ་ནི་རིག་པའི་ཐང་། །
ཕོ་གཞོན་ནི་རྐྱང་རྐྱང་རེད། །
ད་ལྟ་ནི་རྩོམ་རིག་ཐང་། །
བུད་མེད་ནི་འགའ་ཞིག་ཐོན། །
དུང་གི་ཟླ་བར་མཐོང་ཐེངས་རེར། །
སྙིང་གི་མཛའ་བོ་དྲན་གདུང་གི །
མིག་ཆུ་སྨྱུག་རྩེར་བཞུར་འགྲོ་བ། །
སྙན་ངག་པ་ཡི་ཁྱད་ཆོས་ཉིད། །
གནའ་དུས་རྒྱ་གར་སྙན་ངག་པས། །
སྤྲིན་དཀར་དུམ་བུར་རྒྱུ་བ་ལ། །
རང་གི་མཛལ་མོར་བསྐུར་བ་ཡི། །
སྤྲིན་གྱི་ཕོ་ཉ་འདི་ལྟར་བྲིས། །
སྤྲིན་པ་ཟླ་བར་མཐོང་བ་ན། །
ལྷག་ཏུ་འདོད་ཆགས་འཕེལ་བ་ཡི། །
གཏམ་བརྒྱུད་ཡ་མཚན་རྒྱ་གར་བའི། །
སྔ་རྩོམ་ཁག་ན་ཡོད་ཚོད་སྐད། །
ཀུ་མུད་མཚན་མོར་ཟླ་བར་དད་ན་ཡང་། །
དྲི་མས་ཆགས་ལྡན་གཞན་གྱི་ཆགས་པ་སྤེལ། །
པད་མ་ཉིན་མོར་ཉི་མར་ཞལ་མཛུམ་ཡང་། །
མཛེས་དྲེགས་མིག་ལོག་ཀུན་མུད་མོ་ལ་འཕྱ། །
འཁོར་བའི་བྱ་གཞག་ཀུ་མུད་འདྲ་ན་ཡང་། །
སྐྱོ་ཤས་ངེས་འབྱུང་ཟླ་བ་ཤར་མི་སྲིད། །
ཐར་པའི་བདེ་བ་པད་མ་ལྟར་མཛེས་ཀྱང་། །
སྙིང་རྗེ་ཉི་མས་ཞི་མཐའར་གནས་མཁན་སུ། །
ཁུ་ནུ་བླ་མ་དང་ནི་ལ་དྭགས་པས། །
བསམ་གླིང་མོས།
མཚན་མོར་འཛུམ་པའི་མེ་ཏོག་ནི། །
ཀུ་མུད་གཅིག་པོ་ག་ལ་ཡིན། །
དགེ་བསྙེན་ཕོས།
ཟླ་དཀར་འོད་མདངས་རབ་རིབ་འོག །
འདོད་ལྡན་ཡིབ་ནས་འཕྲད་འདོད་མང་། །
ཀུ་མུད་རྒྱབ་ལ་ས་མོས་ཡིབ། །
ཀུ་མུད་རྒྱབ་ལ་ས་མོས་ཡིབ་པར་འདོད། །