མེ་མཆོད་ང་གཅིག་པར་སྨོན་ལམ་འདོན་སྐབས་ཀྱི་སེམས་འགྱུ།
གཡུ་དྲུག་དཀར། རྡ་ས།
མེ་མཆོད་ཀྱི་དཔའ་སྐད་འཇིགས་ཡེར་ཡེར་བ་དེ་ཁེར་རེ་ནས་གཉིས་རེ་བྱས་ཏེ་མཚམས་མ་ཆད་པར་གྲགས་འོང་བའི་ཉིན་འདི་དག་ལ། ད་དུང་ཡང་། ཕྱི་རོལ་གྱི་ཐོག་ཁང་མཐོན་པོའི་ནང་གི་རྐུབ་སྟེགས་མཐོན་པོ་དག་གི་ཕྱོགས་སུ་རྣམ་ཤེས་གཏད་ཚེ། ཁོང་ཚོ་ནི་རྡོ་ཕ་བོང་ཞིག་གམ། ཕ་བོང་མང་པོ་ཞིག་སྤུངས་ནས་བཞག་སྟེ་བདོ་བ་བཞིན་གྲགས་མེད་འགུལ་མེད་དུ་གནས་པས། མཚོ་མོ་ལས་ཟབ་ཅིང་། གངས་རི་ལས་མཐོ་བའི་ང་ཡི་མེ་མཆོད་ཀྱི་སྐྱོ་སྡུག་རྡོ་ལ་འཐིམ་གྱིན་པ་རེད་དམ། ང་ཚོས་ཡིད་ཆེས་རྡོ་ལ་བཅོལ་ནས། སེམས་པ་རྡོ་ལ་གླན་ནས། ང་ཚོས་དོན་ངོ་མར་སུ་ཡིས་ཀྱང་ཤེས་མེད་ཚོར་མེད་ཅིག་ཡིན་པ་ཤེས་བཞིན་གྱི་ཕ་བོང་སྐོར་ཞིག་ལ་རང་གི་སྐྱོ་སྡུག་བརྗོད་པ་རེད་དམ། སྤྱིར་ཡིན་ན་ང་རང་གི་དཀོན་མཆོག་གི་མདུན་ནས་འདི་ལྟར་ངུ་སྙིང་མི་འདོད། ང་ཚོ་རང་གི་དཀོན་མཆོག་གི་མདུན་ནས་ངུས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་མེད་ཀྱང་སྲིད་མོད། ད་ནི་ང་ལ་སྨོན་ལམ་འདོན་འདོད་མི་འདུག མར་མེ་སྒྲོན་འདོད་མི་འདུག ངས་སྨོན་ལམ་ཁྲི་མ་འབུམ་གྱི་རྟ་དབྱངས་མེ་དཔུང་ཁྲོད་ཀྱི་དཔའ་བོའི་ཀི་སྒྲ་དང་འབོད་སྒྲ་རུ་གོ་ཞིང་། མར་མེ་བརྒྱ་ཚར་སྟོང་ཚར་གྱི་སྣང་གསལ་རང་ལུས་མཆོད་མེར་ཕུལ་བའི་དཔའ་བོའི་སྣང་བརྙན་དུ་མཐོང་བས། ཁྱོད་ཀྱི་མདུན་ནས་རྐང་པ་གཉིས་དཀྱིལ་ཀྲུང་བཅས་ཏེ་ལག་པ་གཉིས་ཐལ་མོ་སྦྱར་ནས་སྨོན་ལམ་བཏོན་ཡང་། སེམས་པ་ནི་ལྡིང་ནས་མཆོང་ནས་བུད་འགྲོ། དེ་བས། ཚོགས་ཁང་ཆེན་པོ་འདིའི་ནང་གི་ང་ཡི་དཀོན་མཆོག་ལགས། ཁྱེད་ཀྱི་སྤྱན་སྟོང་གིས་གང་ལ་གཟིགས་ཀྱིན་ཡོད་དམ། ཁྱེད་ཀྱི་ཕྱག་སྟོང་གིས་ཅི་ཞིག་སྒྲུབ་ཀྱིན་བཞུགས་སམ། ད་ནི་འགྲོ་མིའི་ཐོག་ཁང་ཆེན་མོ་རུ་བདེན་པའི་བུ་ཆུང་ཡིན་མདོག་དང་། དྲང་མོའི་ཚད་ཐིག་ཡིན་མདོག་ཙམ་ལས། མི་འགྲོའི་དཀའ་སྡུག་གི་མདུན་དུ་ཁོང་ཚོ་ནི་གྲགས་མེད་འགུལ་མེད་ཀྱི་ཕ་བོང་རྐྱང་རྐྱང་ལས་ཅི་ཡང་རེད་མི་གདའ་བས། འདི་དག་སྒུལ་རོགས་གནོང་དང་། འགས་རོགས་མཛོད་དང་། དཔའ་སྙིང་རྡོག་རྡོག་ཅན་གྱི་ང་ཡི་སྤུན་ཟླ་དག་མ་རྫོགས་གོང་ལ། གཏོར་རོགས་ཀྱང་མཁྱེན་ནོ།།
ད་དུང་དུས་ད་ལྟ་བར་དུ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ནུབ་དང་ནུབ་ལ་འཕུར་གྱིན་པའི་ང་ཡི་མགོ་ཐོག་གི་གནམ་གྲུ་འདི་གང་ཞིག་ལ་འབབ་ཀྱིན་ཡོད་དམ། དེ་ཡང་རྡོ་གཞོང་ཞིག་གམ། དེ་དག་ཀུན་པོ་ཡང་རྡོ་ཡི་རྒྱལ་ཁམས་དང་། རྡོ་ཡི་སྲིད་འཛིན། རྡོ་ཡི་གྲོས་ཚོགས། རྡོ་ཡི་མང་ཚོགས་ཤ་སྟག་ཡིན་འདུག་ཨང་། བདེན་པ་དང་། ཐོབ་ཐང་། རང་དབང་སོགས་མིག་འབྲས་ལྟར་གཅེས་བར་རློམ་པའི་མི་བུ་ཆེན་པོ་དང་། ཚོགས་པ་ཆེན་པོ། རྒྱལ་ཁབ་ཆེན་པོ་ཐམས་ཅད་རྡོ་རུ་གྱུར་སོང་བ་རེད་དམ། འཇིག་རྟེན་མིའི་རིགས་འདི་ལྟར་གྲང་ངར་གྱི་ཀློང་ནས་འཁྱག་ཤི་འཐེབས་དགོས་པའི་རྡོ་གཞོང་ཞིག་ཏུ་འགྱུར་གྱིན་པ་རེད་དམ། ང་ཡི་དཀོན་མཆོག་ལགས། ངུ་ངག་འདི་ང་ཡི་སྨོན་ལམ་ཡིན། སེམས་ནས་བཏབས་པའི་སྨོན་ལམ་ཡིན།
ངས་བོད་པའི་ཆབ་སྲིད་པ་ངུ་ཡུ་མང་པོ་ཞིག་རིག་སོང་།
མ་འོངས་བའི་ཆེད་དུ་ཡིན་ནི་ན། འདས་ཚར་བ་ཞིག་གི་ཆེད་དུ་ཡིན་ནི་ན་ངས་ད་དུང་ཤེས་མེད། དཀོན་མཆོག་གསུམ་པོ་མཁྱེན། ཁྱེད་ཆོ་ཚང་མས་དབའ་ངུ་བྱེད་ཀི་ཡོད་པར་ཤོག།
དཔའ་ངུ་ལ་བཅོས།
མར་རྡོ་ལ་གཞུས་ན་མར་ཕམ། །
རྡོ་མར་གཞུས་ན་མར་ཕམ། །
རྡོ་ཡི་རྒྱལ་ཚོགས་ཟེར་ཡང་ཇུས་གཏོགས་ཆེ།།
རྡོ་ཡི་དཔོན་པོ་ཟེར་ཡང་གཡོ་བྱུས་མཁས།།
རྡོ་ཡི་མི་ཚོགས་ཟེར་ཡང་ཁེ་ཚོང་གཉེར།།
རྡོ་ཡི་འཇིག་རྟེན་འདི་ལ་རེ་བ་མེད།།
ཚེ་སྲོག་ང་གཅིག་མེ་ལྕེའི་ངོ་བོར་གྱུར།།
གངས་རིའི་འཁྱག་རོམ་བཞུར་བའི་འོད་རླབས་མཆེད།།
འཁྱགས་ལ་ཤོར་བའི་སེམས་པ་ཁྲི་མ་འབུམ།།
རིགས་ཞེན་ལ་རྒྱའི་བདེ་དྲོད་འབར་བ་རྨད།།
ཚེ་སྲོག་རྩ་ཆེན་དམར་པོ་མེ་ལ་བསྒྲོན།།
བདེན་པའི་ཀི་རྒྱངས་མེ་ལྕེའི་ཀློང་ནས་མཆེད།།
རྡོ་བའི་གཤིས་ལས་གྲུབ་པའི་རྒྱ་དམར་གཞུང་།།
འགྱུར་མེད་འགུལ་མེད་བཞིན་དུ་སྡོད་འདུག་ཨང་།།
མེ་ལྕེ་དགུང་ལ་མཆེད་པའི་ངར་ཤུགས་དེ།།
རྩྭ་ཡི་ཕོམ་པོ་འབར་བ་མ་ལེགས་ཏེ།།
ཚེ་སྲོག་རིན་ཆེན་འབར་བ་ལགས་མོད་ཀྱང་།།
རྒྱལ་ཚོགས་རྡོ་བའི་གཤིས་ལས་གཡོ་འགུལ་བྲལ།།
མེ་ལྕེ་ལམ་ལམ་འབར་བའི་ངར་ཤུགས་དེ།།
མུན་པའི་རང་བཞིན་འཐིབ་པ་མ་ཡིན་པར།།
མེ་ལྕེའི་རླབས་འོད་ཤིན་ཏུ་ཆེ་ན་ཡང་།།
མིག་རུབ་འཛམ་གླིང་མི་ཡིས་མཐོང་ཐབས་བྲལ།།