སེར་ཤུལ་རིན་ཆེན་དོན་གྲུབ།
གླང་ཆེན་སྟོང་ཕྲག་གིས་ནུས་ཤུགས་ངོམ་གྱུར་ཅིང་།།
གཅན་གཟན་གཏུམ་པོ་ཡིས་མཆེ་སྡེར་བགྲད་སོང་ཡང་།།
འཇིགས་པའི་ངར་སྐད་ཀྱིས་ས་གཞི་གང་གྱུར་ཀྱང་།།
བདག་སྙིང་འཇིགས་སྐྲག་གི་བྲེལ་བ་ཅི་ཡང་མེད།།
རྡུལ་མཚོན་ནུས་ཤུགས་ཀྱིས་བང་རིང་བསྒྲིགས་ཀྱང་རུང་།།
དྲག་པོའི་རུ་དཔུང་གིས་མཚོ་ཆེན་བརྡོལ་ཡང་ཆོག །
སྟོང་གསུམ་བླ་འོག་གི་འགུལ་སྐྱོད་བྱེད་གྱུར་ཅིང་།།
བདག་ལ་འཇིགས་སྣང་གི་ཚོར་བ་སྐྱེས་མ་གྱུར།།
ཕྲག་དོག་འཇིགས་རུང་གི་དུག་སྦྲུལ་འཁྱུག་ཀྱང་འཁྱུག།།
ཞེ་སྡང་ཁྲོ་གཉེར་གྱི་ངར་སྒྲ་གྲགས་ཀྱང་བསྒྲགས།།
གུ་དོག་བྱེད་ཐབས་ཀྱི་རྣམ་འགྱུར་གསལ་ཞིང་མྱུར།།
སེམས་ཀྱི་སྟོབས་ཤུགས་འདིར་ང་རང་ལྷག་པར་སྐྲག །
ཁྲེལ་མེད་བསམ་བློ་ཡི་ཁ་ཕྱོགས་མངོན་དུ་གསལ།།
འཁོན་འཛིན་འདུ་ཤེས་ཀྱི་རྒྱུ་བ་ལྷག་ཏུ་འཕེལ།།
གཡོ་སྒྱུའི་ཐབས་འཁྲུལ་གྱི་རི་མོ་ཅི་ཡང་བྲིས།།
སེམས་ཀྱི་འཇིགས་པ་འདིས་ང་ལ་སྐྲག་སྣང་བསྐྱེད།།
རང་འདོད་ཁོག་བཅུག་གི་ངུད་མོ་ཧ་ཅང་རྒོད།།
གཞན་གནོན་སྦྱོར་བ་ཡིས་རྩུབ་སྤྱོད་གཙིགས་སུ་བཟུང་།།
ཕམ་ཉེས་ཕྲེང་རིང་གི་གོར་ཐིག་གཞན་ལ་འབྲི།།
རང་ངོ་མི་ཤེས་པའི་སེམས་འདིར་གཏིང་ནས་སྐྲག །
རང་ཉེས་ནོར་འཁྲུལ་གྱི་རི་རབ་ལྡོངས་བས་བསྒྲིབས།།
གཞན་ཉེས་ཁབ་རྩེ་ཡི་ཟིལ་བ་ཁྲོམ་ལ་བཤམས།།
རང་མཐོའི་རྒྱབ་ལྗོངས་ཀྱི་མཁྲེགས་འཛིན་བླ་ན་མཐོ།།
སེམས་ཀྱི་གཡོ་ཇུས་ཀྱི་ཚུལ་འདིར་ཅི་ཡང་འཇིགས།།
མདུན་གྱི་མཛེས་ཞལ་གྱི་འཛུམ་མདངས་གསལ་ལ་མོད།།
རྒྱབ་ཀྱི་ཇུས་འགོད་ཀྱི་ལྕགས་སྒྲོག་དམ་ཞིང་མཁྲེགས།།
གུ་ཡངས་བསམ་ཤེས་ཀྱི་བླ་སྲོག་དབྱིངས་སུ་ཡལ།།
ཤེས་པའི་སྤྱོད་ཚུལ་འདིར་བདག་ཉིད་ཧ་ཅང་སྐྲག །
སེམས་ཀྱི་འཇིགས་པ་འདིས་ད་བར་གཏོར་བཤིགས་བཏང་།།
བློ་ཡི་འཛིན་སྟངས་འདིས་ད་བར་ཉམ་ཉེས་བྱས།།
འཁྲུལ་བློའི་དབང་འོག་གི་ཉམ་ཆུང་མི་བུ་ཚོ།།
སེམས་ཀྱི་འཇིགས་པ་ལ་འདི་ལྟར་ནམ་ཡང་སྐྲག །
༢༠༡༢/༨/༢༡ལ།
སྙན་དངགས་འདི་ཡི་གེ་དག་ཆ་རེ་གཉིས་ལས་གཞན་རྣམས་དག་ཅིང་། གཞན་རྣམས་ཀྱིས་ཀྱང་མིག་དཔེར་གཟུང་འོས་པ་ཞིག་ཏུ་འདུག འོན་ཀྱང་བདག་ནི་རྐང་པ་རེ་ལ་ཆ་མ་ཡིན་པ་ཡ་ལ་བཀོད་པ་ལ་་གོམས་པས། དབྱངས་བཅུ་པ་ཅན་གྱི་
སྡེབ་སྦྱོར་འདི་ཀློག་མི་བདེ་བ་ཞིག་འདུག་ཀྱང་། གོམས་ན་ཀློག་བདེ་བར་ཆགས་ངེས་བསམ།
རབ་ལྡོངས་བས། ཞེས་པར་རབ་ལྡོངས་པས། ཞེས་དང་། ཟིལ་བ། ཞེས་པར་ཟིལ་པ་ཞེས་འབྲི་ན། བོད་ཀྱི་ཡི་གེའི་དག་ཆ་ཚད་ལྡན་དང་མཐུན་པར་འགྱུར་རོ།།