བོན་རྒྱ་བསྟན་འཛིན་རབ་རྒྱས།
དེ་ནས་རང་ཉིད་ཀྱིས་རྒྱུན་དུ་སེམས་ངལ་གསོ་སའི་མཐོང་ཡངས་ཐེམ་ཐོག་གོང་མ་སྟེ། གླག་རྒོད་ཀྱི་གཤོག་སྒྲོ་ལྟ་བུའི་བྱ་འདབས་དེར་བུད་ནས། རྒྱང་རིང་བའི་དྲ་གྲོགས་དག་དྲན་པའི་སེམས་ཚོར་དྲག་པོ་དང་བཅས་ཁོད་ཡངས་པའི་ནམ་མཁའ་ལ་ལྟ་དུས། ཐལ་སྨུག་གིས་གཡོགས་པའི་སྟོང་བའི་ཁམས་སུ་ཟླ་ཕྱེད་ཟ་རུ་ཟགས་ཤིང་། ཟླ་ཕྱེད་ཀྱང་རྡུལ་སྨག་གི་དཀྱིལ་འཁོར་ན་འགག་སྟེ་བགྲོད་དཀའ་བའི་ཚད་ན་ཡོད་པ་མ་ཟད། དེ་རིང་སྟོང་སང་གི་ནམ་མཁའ་འདིའང་རང་གི་ངོ་གདོང་ལ་ཐོལ་གྱིས་འཐིབ་ནས་ཡོང་བའི་སྣང་བ་ཞིག་ཤར་ཞིང་། དངངས་པ་ལྟ་བུ་ཞིག་གིས་གློ་བུར་དུ་ཧད་སེ་བཏང་སོང་། དེ་ནི་ཁ་པར་གྱི་དྲིལ་སྒྲ་གྲགས་པ་རེད་ལ། ཉེ་བའི་ཆར་ནས་ཁ་པར་གྱི་དྲིལ་སྒྲ་ལ་གྲོགས་ཟ་ལེ་རྒྱལ་གྱི་སྙན་ངག་གྱེར་འདོན་ཞིག་བཞག་ཡོད་ལ། དེ་ལ་སྒྱུ་རྩལ་གྱི་ཉམས་ཤིག་གང་ན་ཡོད། ཐ་ན་དབྱངས་ཀྱི་འདེགས་འཇོག་ཡང་བདེ་མོ་ཞིག་བྱུང་མེད་རུང་། རང་དབང་མེད་པར་གད་མོ་ཤོར་འགྲོ་བའི་ནུས་སྟོབས་འགྱུར་བ་མེད་པ་ཞིག་ཡོད། དེ་ནི་མཚམས་རེར་དགོད་བྲོ་བའི་བརྗོད་བྱ་དང་བརྗོད་ཚིག་ཡིན་སྣང་སྐྱེ་ལ། ལན་རེར་ཁོའི་འདོན་སྟངས་ལས་ཀྱང་ཡིན་པ་འདྲ་ལ། གང་ལྟར”ཁྱོད་ལ་ཅི་རེད། གང་ལ་དགོད་ཀི་ཡོད”ཅེས་དྲི་བ་གཏོང་མཁན་ཡང་མི་གཉིས་གསུམ་ཞིག་བྱུང་སོང་། དེ་རིང་ཡང་ཁ་པར་ལས”ཡིད་བཞིན་ནོར་བུའི་སྒོ་ཟོག དགོད་མི་ཤེས་པའི་ནོར་ཁྱུ་ཞིག་ལ་ཀུ་རེ་གཏམ། ངུ་མི་ཤེས་པའི་ལུག་ཁྱུ་ཞིག་ལ་སེམས་སྡུག་བྱེད། འདི་ནི་ཡིད་བཞིན་ནོར་བུའི་སྒོ་ཟོག་རེད། འདི་ནི་ངའི་ཉིན་རྒྱུན་གྱི་འཚོ་བ་རོལ་སྟངས་ཡང་རེད། ནོར་ལ་ལས་རྔ་མ་གཡུག་བཞིན་ངུར་སྒྲ་སྒྲོག ལུག་ལ་ལས་མགོ་བོ་གཡུག་བཞིན་འབའ་སྒྲ་སྒྲོག དེ་ནི་ང་ལ་མཁོ་བའི་ལན་འདེབས་དེ་མིན་ནའང་དོན་དག་ཆུ་ཆུང་ཞིག་འགྲུབ་སོང་བ་བཞིན་ངས་དགའ་བ་སྒོམ་ཡོད། གཡང་ཟོག་ཚོ། ད་དུང་ངུར་བཞིན་སོང་། ད་དུང་འབའ་བཞིན་སོང་།”ཞེས་མགོ་བརྩམས་ཏེ” གཡང་ཟོག་ཚོ། རྫ་རྩྭ་སོ། ལྕི་བ་ཐོངས། ངས་ནམ་རྒྱུན་ཁྱོད་ཚོར་ཚང་རྩིས་བྱེད་བཞིན་ཡོད ” ཅེས་ཁ་པར་དྲིལ་བརྡ་མཇུག་བསྡུས་སོང་ལ། བསྲན་མི་ཚུགས་པའི་གད་མོ་དགོད་ཀྱིན་ཁ་པར་འགྱོག་དགོས་བསམ་མོད། འགྱོག་ལོང་མ་བྱུང་བར་ཁ་པར་གྱི་སྒྲ་ཆད་སོང་། དེ་འབྲེལ་དུ་ང་ལ་འཆར་སྣང་ཞིག་བྱུང་བ་ནི་དེ་རིང་ངས་ཀྱང་དྲ་གྲོགས་ཚོ་ཚང་རྩིས་བྱས་ཏེ། “དྲ་གྲོགས་ཚོ་ཁ་མཚར་ཤོད། ལ་གཞས་ལོངས། ལབ་ཆེན་རྒྱོབས་”ཞེས་རེ་བ་འདོན་གྱིན་པ་དང་འདྲ་བས། དེ་རིང་གི་ཁ་པར་དྲིལ་སྒྲ་དེས་རྣམ་ཀུན་ལས་ཀྱང་ཚོར་སྣང་དམིགས་བསལ་བ་ཞིག་སྤྲད། ཁ་པར་ཨང་གྲངས་ལ་ལྟ་དུས་ཐག་རིང་ཐག་རིང་ཞིག་རེད་ལ། སུ་ཡིན་ལ་དོ་སྣང་ཅི་ཡང་མ་བྱས་པར་གྲོགས་པོ་ལྷ་ཆབ་བཙལ་བར་སོང་བ་ཡིན། ལྷ་ཆབ་བཙལ་ནས་དགུ་བཅུ་གསུམ་ཚོགས་པའི་སྒོ་ཁར་ཐོན་དུས། གྲོགས་རས་པ་དང་འཕྲད་པས། ཁ་ཕྱིར་འཁོར་ཏེ་ཇ་ཁང་ཞིག་བཙལ་ནས་ཁ་བརྡ་བྱེད་པར་སོང་བ་ཡིན། ས་འདི་ན་ཁ་བརྡ་བྱེད་ནི་མོད་ནའང་རིག་གནས་ཀྱི་སྐོར་ནས་ཁ་བརྡ་བྱེད་ནི་ཤིན་ཏུ་ཉུང་ལ། དེ་ལས་ཀྱང་སྙན་ངག་གི་ཟབ་ས་ནས་ཁ་བརྡ་བྱེད་ནི་གཅིག་རེ་གཉིས་རེ་ལས་མེད། ཡིན་ནའང་། ཁོང་ལ་སྙན་ངག་གི་སྐོར་བཤད་རྒྱུ་མང་ལ་སྙན་ངག་གི་སྐོར་གྱི་སེམས་ཁྲལ་དེ་ལས་ཀྱང་མང་པ་ཡིན། ཏག་ཏག་ལ་དེ་རིང་ཡང་ཁོས་སྙན་ངག་སྐོར་ལ་སེམས་ཁྲལ་བྱེད་ཀྱིན་འདུག ཡིན་ནའང་། ཉིན་དེ་རྦད་ཀྱིས་འགྲེ་ལྡོག་བརྒྱབ་པ་མ་ཟད་ཉིན་དེའི་སྐྱོ་བ་ནི་རྡ་རམས་ས་ལའི་སྨུག་པ་དང་ཤིན་ཏུ་འདྲ་བོ་འདུག སྨུག་པ་དེ་ངེད་ཟུང་གི་ཁ་ནང་སྣ་ནང་ལ་འཐིབ་པ་མ་ཟད། ངེད་གཉིས་ཕྱི་བརླན་ནང་བརླན་བྱས་སོང་། དེ་ནི་མ་གཞི་ནས་ངེད་གཉིས་ཀྱིས་རྡ་ས་ནས་སྙན་ངག་གླེང་བའི་ནག་ཉེས་ཡིན་པ་འདྲ། ཡིན་ནའང་། ངེད་གཉིས་ལ་ལྷག་པར་སྙན་ངག་གླེང་བར་སྤོབས་པ་ཞིག་རྒྱས་ཤིང་། མི་ཚེའི་འདིའི་བདེ་སྐྱིད་ཆེ་ཤོས་ནི་སྙན་ངག་འབྲི་རྒྱུ་དེ་ཡིན་པར་བསྙད་པ་ཡིན། སྐབས་འདིར་ཡང་ཁ་པར་ལས་ ” གཡང་ཟོག་ཚོ། རྫ་རྩྭ་སོ། ལྕི་བ་ཐོངས། ངས་ནམ་རྒྱུན་ཁྱོད་ཚོར་ཚང་རྩིས་བྱེད་བཞིན་ཡོད་” ཅེས་གྲགས་སོང་། དེ་ནི་ཟླ་ཤས་རིང་ངས་བཙལ་ཀྱང་མ་རྙེད་པའི་ཨ་རིག་དགེ་མཐོང་རེད། ཁོས་”ཨ་རོ་ཁྱོད་བདེ་མོ། ད་ང་ཕྱིར་སླེབས་ཡོད། ཐེངས་འདིར་ཨ་རིག་གླེན་པའི་རྫུན་གཏམ་ཡང་ལམ་འགྲོ་བྱུང་བ་རེད་དཱ། ཁྱེད་ཀྱང་ང་གང་ལ་སོང་ཤེས་མེད་པཱ། ང་ཕ་ཡུལ་ལ་སོང་བ་ཡིན། ད་ཐེངས་དཀོན་མཆོག་གསུམ། ངས་རྒྱ་རྒན་ཚོ་དང་དྲ་གྲོགས་ཚོ་མཉམ་དུ་མགོ་སྐོར་བཏང་ཡོད། རྒྱ་རྒན་ཚོས་ང་སྐད་གྲགས་ཅན་གྱི་རྩོམ་པ་པོ་ཨ་རིག་དགེ་མཐོང་ཡིན་པ་ཤེས་མི་འདུག་ལ། དྲ་གྲོགས་ཚོས་ཀྱང་ང་གར་སོང་ཤེས་མི་འདུག དགོངས་པ་མ་འཚོམ། ”ཞེས་དང་། “ ཡིན་ནའང་། ད་ཐེངས་ངས་དྲ་གྲོགས་ཚང་མར་རྔན་པ་ཙད་ཡ་རེ་ཁུར་ཡོང་ཡོད། ཁྱོད་ལ་དམིགས་བསལ་གྱིས་རིལ་མ་ཁུག་མ་གང་ཁུར་ཡོང་ཡོད།”ཟེར་གྱིན་འདུག “དེ་ཅི་ཡིན་”དྲིས་དུས། “དེ་ཁྱོས་མི་ཤེས། བོད་ཀྱི་སྲོལ་རྒྱུན་གྱི་སྔས་མགོ་ཡག་ཤོས་ད་རིལ་མའི་སྔས་མགོ་ཡིན་ནི་རེད། སྡེ་མི་རྒན་པ་ཚོས་ཀྱང་དེ་འདྲ་ཟེར་གྱིན་འདུག དེའི་ཕྱིར། རྒྱལ་བ་རིན་པོ་ཆེ་ཚང་ལ་གཅིག་དང་ཁྱོད་ལ་གཅིག་ཁུར་ཡོང་ཡོད་”ཟེར་གྱིན་འདུག ངས་ནི་ཅི་ཞིག་སྨྲ་དགོས་པ་མི་ཤེས་པས། “ཡ་ཡ་ཐུགས་རྗེ་ཆེ།”ཞེས་ཁ་བརྡ་གཞན་དུ་ཁྲིད་དེ། “དེང་སང་བོད་ནང་གི་ཡར་རྒྱས་ཀྱི་གནས་ཚུལ་ཇི་འདྲ་རེད་”ཅེས་དྲིས་དུས། “ཡར་རྒྱས་ཟེར་ན་ཅང་མི་ཤེས་ཏེ། དེང་སང་དངོས་གནས་བོད་ནང་ཞེད་སྣང་ཚ་བོ་ཆགས་འདུག དེང་སང་ད་ཨ་རིག་འབྲོག་པ་ཚོས་ཀྱང་གྲོག་མའི་ཕྲུ་གུ་ཟ་གིན་འདུག ད་དུང་མིང་ལ་འབྲས་ཞེས་མིང་ཞེད་སྣང་ཚ་བོ་ཞིག་བཏགས་འདུག འདྲེས་ཀྱིས་ཁོང་ཚོ་མ་ཟོས་ན་ཁོང་ཚོས་ད་འདྲེས་ས་ཐུབ་ནི་མ་རེད་དེ། ཡིན་ནའང་། ཁོ་ཚོས་འབྲས་ཟ་གིན་ཡོད་ཟེར་གྱིན་འདུག “ ཅེས་དེ་རིང་ངས་གཏན་ནས་ལན་འདེབས་མི་ནུས་པའི་སྐད་ཆ་ཤ་སྟག་བཤད་ཀྱི་འདུག་པས། ངའང་ཐབས་ཟད་དེ་”ཡ་ཡ་དེས་ན་རྗེས་ལ་ཐུག ད་བདེ་མོ་བྱོས་ཨཱ།”ཞེས་སྐད་ཆ་མཚམས་འཇོག་དགོས་སྙམ་མོད། “ཡ་ཡ་ཁྱི་རྒན། ངས་ཁྱོད་ད་བར་དུ་དྲན་ནས་བསྡད་པ་རེད་དེ། ཁྱོད་ང་ལ་ཁ་བརྡ་བྱེད་པར་ཡང་སུན་གྱིན་ཡོད་ཀཱ རྒྱ་ཁ་རོང་བཞིའི་མི་ལ་མྱི་ཞད་མེད་མོ། “ ཞེས་བཀའ་གྱོན་དྲག་པོ་ཞིག་ཀྱང་གནང་སོང་། དངོས་གནས་དེ་རིང་ང་འུ་ཐུག་སོང་། ངས་ཁོ་ལ་ཅི་ཟེར་དགོས་པའང་ཤེས་ཀྱི་མི་འདུག “ཧ་ཧ་་ ཨོ་དེ་ནས་ཅི་བཤད་རྒྱུ་ཡོད”ཅེས་དྲིས་དུས། “ ད་ཅང་བཤད་རྒྱུ་མེད། སེང་རྡོར་གྱི་བྱ་ལམ་ལ་མ་སོང་བར། ང་བན་ལོག་བྱས་འདུག་ཅེས་བྲིས་ཡོད་ཀི། དྲ་གྲོགས་སུ་ལ་ཐུག་ན། ཨ་རིག་དགེ་མཐོང་། བན་ལོག་བྱས་མེད་ཀི། བལ་ཡུལ་ན་ཡོད་ཀི་”ཟེར་རོགས་ཞེས་མངགས་བཅོལ་དང་བཅས་ང་ལ་བདེ་མོ་བཞག་སོང་།
__ད་དུང་ཚར་མེད།
ཧ་ཧ་ཧ། ཅིག་ཅིག་འགྲིག་གི་ཡོད་གི ཨམ་སྐད་འདི་འབྲི་ཤེས་ན་སྙན་པོ་ཡོད་ཡ། ཡོད་ཡ།
རེད། དགེ་མཐོང་ཕ་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་པ་ཡག་པོ་རེད་ལ་གསང་བའི་སྒོ་ནས་བསྐྱོད་པའང་འགྲིག་ཞག དེ་མིན་དྲ་གྲོགས་ཟེར་ནས་ས་བསྒྲགས་གནམ་བསྒྲགས་བྱས་ཡོད་ན་ཕྱིར་ལོག་རྒྱུའང་མི་དཀའ་ཟེར་ན་བཤད་ཚོད་ཐུབ་ཀི་མ་རེད། གང་ལྟར་ཕ་ཡུལ་དུ་ལོག་ནས་རྒྱུས་ལོན་ཐེངས་གཅིག་བྱས་བའང་ཡག་པོ་རེད།
ངས་བལྟས་ན་ཁྱོད་ཀྱི་རྗེས་ལ་ཁོ་ཡང་ཡོང་རྒྱུ་རེད་ ཞེ་དྲག་མི་འགོར་ར་ཡོང་ནོ་ཁོ་ཏག་རེད སྔོན་ལ་དགེ་བཤེས་ཡིན་མདོག་ཁུལ་དང་རྗེས་སུ་ལྟ་བ་ལོག་ཁུལ་ དེའི་རྗེས་ནས་ གྲྭ་བཅས་ཕུད་ནི་རེད་ ང་ཚོ་ཨ་མདོའི་ཁ་དཔེ་ཞིག་ལ་ ཨ་རིག་བ་རིག་ སྐྱག་པ་ཆ་རིག་ ཟེར་བའི་དཔེ་བཞིན་ ད་བོད་ལ་སོང་ནས་སྒོར་རྡོག་འགའ་རག་ན་ཁ་ལག་ཟ་ཡ་ཐོབ་ན་ གྲྭ་བ་ལོག་མི་ལོག་ཐེ་ཚོམ་ཡོད་མ་རེད་
བལ་ཡུལ་ན་ཡོད་ན་བན་ལོག་བྱས་མེད་པའི་བདེ་དཔང་ཨེ་ཉན་ནམ། མ་གཞི་བྱས་ན་ཁ་སང་དགེ་མཐོང་ང་གཉིས་ལྡི་ལི་ནས་ཐུག་སོང་མ་གཏོགས་བལ་ཡུལ་ན་ཡོད་ཙམ་གྱིས་ཡིད་ཆེས་ས་མ་རེད། གྲྭ་ལོག་མི་འདུག་ས་གྲྭ་ས་ལ་ཕྱིན་སོང་། ད་དུང་རྒྱུག་སྤྲོད་བྱེད་དགོས་ཟེར།
སྙན་ངག་གི་ཟབ་ས་འེ། སྙན་ངག་གི་ཟབ་ས་ན་གླེང་གིན་ཡོད་ཟེར་མཁན་ཚོ་ལ་སྙན་ངག་གི་ཟབ་ཚད་འཇལ་བའི་རྐྱ་རྩལ་ཞིག་མེད་པའི་རྟགས་བསྟན་སོང་བ་རེད། སྙན་ངག་ལ་ཟབ་དང་མི་ཟབ་ཟེར་བ་ཞིག་གང་ན་ཡོད། མྱི་རེར་སྙན་ངག་མྱོང་སྟངས་མི་འདྲ་བ་རེ་ཡོད་པ་རེད། ཁྱོད་ལ་ཟབ་ན་ཟབ་པའི་ངེས་པའང་གང་ན་ཡོད། རིན་ཐང་གི་ལྟ་སྟངས་ལ་བརྒྱ་ཁ་གཅིག་གཅོད་བྱེད་མི་ཉན་ཡ། ཉག་ཉོག་ལུང་པ་གང་བྲིས་ནས་ང་སྙན་ངག་པར་རློམས་ན་དེ་ནི་བྲིས་པ་སྙན་ངག་ཏུ་མ་སོང་བའི་རྟགས་རེད། ད་ཆོག་གི འུ་ཚང་ལ་འདི་འདྲའི་མྱི་ཆུང་ལབ་རྒན་མང་ནི་རེད། ཀླད་ཆུང་ཁ་ཆེ་མང་ནི་རེད། གཟུགས་ཆུང་སྐད་ཆེ་མང་ནི་རེད།