གནས་ཚུལ་མཁོ་གཏོང་བ་ཀརྨ་བསྟན་འཛིན།
ཕྱི་ལོ་༢༠༡༢།༨།༢༠་ཉིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་བྷོ་རེ་ཡ་ཐུར་བོད་རིགས་ཚོགས་པ་གསར་འཛུགས་གནང་ཡོད་པ་རེད། བྷོ་རེ་ཡ་ཐུའི་མངའ་སྡེ་ནི་ཨུ་རུ་སུའི་མངའ་ཁོངས་ཀྱི་ནང་པ་མང་ཤོས་ཤིག་ཡིན་ལ། ཆོས་དང་རིག་གཞུང་། ལོ་རྒྱུས་སོགས་ཀྱི་ཐད་ནས་བོད་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཡིན། ༸གོང་ས་སྐུ་ཕྲེང་༡༣་པའི་མཚན་ཞབས་ངག་དབང་རྡོ་རྗེ་ཡབ་དང་། སྒོ་མང་མཁན་ཟུར་ངག་དབང་ཉི་མ་སོགས་ཀྱང་ས་གནས་འདིར་འཁྲུངས་པ་ཡིན།
ཕྱི་ལོ་༢༠༠༩་ལོར་རྒྱལ་ས་མོ་སུ་ཁོར་གནས་བཞུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ངག་དབང་རབ་རྒྱས་ལགས་ཆེད་ཕེབས་ཀྱིས་ས་གནས་བོད་རིགས་མི་མང་ཚོགས་སྐོང་གནང་བ་ཡོད་པ་དང་། ས་གནས་འདིར་འབྲེལ་མཐུད་པ་ཞིག་དགོས་གལ་གསུང་དོན་བཞིན་སྒོ་མང་རྒན་དགེ་འདུན་ཚོགས་ཞུགས་པ་ཡོངས་ཀྱི་མོས་མཐུན་བཞིན་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་འདུག་ལ། དགེ་བཤེས་བྱམས་པ་འཕྲིན་ལས་སོགས་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པ་ཞིག་དགོས་གལ་ཐབས་ཤེས་གནང་ཡོད།
ཡིན་ནའང་རྒྱུ་རྐྱེན་རེ་ཟུང་ཞིག་གིས་ད་སྔར་བོད་རིགས་ཚོགས་པ་གསར་འཛུགས་ཐུབ་མེད་ཀྱང་ཉེ་ལམ་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་མཆོག་ས་གནས་དེར་ཕེབས་སྐབས་དང་བསྟུན་ས་གནས་དེར་བོད་རིགས་ཚོགས་པ་ཞིག་དགོས་གལ་ཆེ་བའི་གནས་བབ་འོག་ས་གནས་ཀྱི་གནད་ཡོད་ཚོར་གོ་བསྡུར་བརྒྱུད་ཕྱི་ལོ་༢༠༡༢།༨།༢༠་ཉིན་རྒན་ཡར་འཕེལ་གྱི་པོ་ཏ་ལའི་ཚོགས་ཁང་ནང་ས་གནས་ངོ་ཡོད་བོད་རིགས་རྒྱས་འཛོམས་ཀྱིས་བོད་རིགས་ཚོགས་པ་དངོས་སུ་གསར་འཛུགས་བྱུང་སྟེ་མང་མོས་འོས་འདེམས་བརྒྱུད་ཚོགས་གཙོ་རྒན་ངག་དབང་བསྟན་འཛིན་དང་། ཚོགས་གཞོན་རྒན་ཡར་འཕེལ་ལགས། དྲུང་ཆེ་རྒན་ངག་དབང་བཅས་སུ་གཏན་འཁེལ་བྱུང་ཡོད་པ་རེད། སྐབས་དང་པོའི་རྒྱུན་ལས་ཀྱི་ལས་ཡུན་ལོ་ངོ་གསུམ་རིང་ཡིན་པ་དང་། འབྲེལ་མཐུད་པ་རྒན་དགེ་འདུན་ལགས་ཀྱིས་གནས་ཡུལ་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་གནང་བའི་བོད་རིགས་ཚོགས་པའི་ཡིག་ཆ་སོགས་སྐབས་དང་པོའི་རྒྱུན་ལས་གསར་བར་རྩིས་སྤྲོད་དང་། རྒྱུན་ལས་གསར་བ་རྣམས་ལ་མཇལ་དར་སྒྲོན་འབུལ་གྱིས་བཀྲ་ཤིས་ལོ་ལེགས་བྱུང་ཡོད་པ་རེད།
བོད་རིགས་ཚོགས་པ་གལ་ཆེ་བས་རྣམ་པ་ལྷན་རྒྱས་ལ་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ།
བཀྲིས་བདེ་ལེགས་ཡོད། ཚོགས་པ་བཙུག་པ་གལ་ཆེ། འོང་ཀྱང་ཚོགས་པ་མིང་ཙམ་མིན་པར་ས་གནས་དེ་ནས་བོད་མི་རིགས་ཤི་གསོན་ཚང་མའི་ཚབ་བྱས་ཏེ་ཕྱག་ལས་གནང་རྒྱུ་གས་ཆེ། དེ་བཞིན་ས་གནས་མི་མང་གིས་བོད་མིའི་སྤྱོད་པ་ཡ་རབ་ཡིན་མིན་གྱི་གོང་ཚད་ཡང་ཁྱེད་རྣམ་པའི་སྤྱོད་པ་ལས་གོང་ཚད་རྒྱག་ངེས་ཡིན་པས། རེམ་རེམ། འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།
ཨུ་རུ་སུ་བྷོ་རེ་ཡ་ཐུར་ནས་བོད་རིགས་ཚོགས་པ་བཙུགས་པར་རྟེན་འབྲེལ་ཞུ།
སྐུ་ཞབས་རྨོག་རུ་བསྟན་པ་ལགས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་འདོད་བྱུང་། གང་ཡིན་ཟེར་ན། ལྷོ་ཕྱོགས་མོན་གྷོ་ན་ཡང་དབུ་མའི་ལས་འགུལ་ཁང་གི་ཡན་ལག་ཞིག་དགོས་གལ་མཐོང་ནས་སྐུ་ཞབས་མང་པོ་ཞིག་གིས་ཐབས་ཤེས་གནང་ཡོད་ནའང་གང་ཡང་གྲུབ་འབྲས་བྱུང་མེད། ཡིན་ན་ཡང་ཕྱི་ལོ་ ༢༠༡༠ ལོ་སྐུ་ཞབས་རྨོག་རུ་བསྟན་པ་ལགས་གིས་དབུ་མའི་ལས་འགུལ་ཁང་གསར་འཛུགས་བྱུང་ཡོད། ད་ཐེངས་ཡང་བྱ་བ་ལེགས་པོ་ཞིག་བྱུང་འདུག་ངོ་མ་དགའ་སོང་ཐུགས་རྗེ་ཆེ། ཁྱེད་ཅག་རྒྱུན་ལས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོད།
ངོ་མ་བཤད་ན་འདི་བོད་རིགས་ཚོགས་པ་གསར་འཛུགས་གང་ཡང་མ་རེད། བོད་རིགས་ཚོགས་པ་སྔོན་མ་ནས་མིང་ཙམ་ཡོད་ཡོད་པ་རེད། ཚོགས་པའི་དེབ་སྐྱེལ་ཡིག་ཆ་སོགས་རྩིས་སྤྲོད་བྱས་པ་སོགས་ལས་ཀྱང་གསལ་པོར་ཤེས་ཐུབ། བོད་རིགས་ཚོགས་པ་འདི་བཙུགས་ནས་ད་ལྟའི་བར་ལོ་ངོ་བཅུ་ཕྲག་འགོར་ཟིན་ནའང་། འདིས་བོད་ཀྱི་དོན་དག་འདི་བསྒྲུབས་པ་ཡིན་ཟེར་བ་ཞིག་བཤད་རྒྱུ་མེད། ཐ་ན་ད་ལྟའི་བར་གནས་སྡོད་བོད་མི་ཚོའི་ལག་ནས་རང་བཙན་ལག་དེབ་ཀྱི་མ་དངུལ་ཐེངས་གཅིག་ཀྱང་བསྡུ་ཐུབ་མེད། བསྡུས་ཀྱང་མ་མྱོང་། དེར་སྡོད་བོད་མི་མང་ཆེ་བར་ཆོས་ཚོགས་ཀྱི་མིང་ཅན་གྱི་ཞབས་བརྟན་ཁང་མེད་མཁན་ཕལ་ཆེར་མེད་ལ། སྨན་པ་ཡིན་མིན་ལ་མ་ལྟོས་པར་སྨན་མི་སྤྲོད་མཁན་ཡང་ཕལ་ཆེར་མེད། ཆ་རྐྱེན་གྱི་ཕྱོགས་ནས་བྱེས་སྡོད་བོད་མི་ཚོའི་ནང་ནས་ཡག་ཤོས་ཀྱི་གྲས་ལ་སླེབས་ཡོད། ཡིན་ནའང་། བོད་སྤྱི་དོན་ལ་ཐུག་ཚེ་རང་བཙན་ལག་དེབ་ཀྱི་མ་དངུལ་ཨ་སྒོར་༩༤དེ་སྟེར་མཁན་མེད་ལ་བསྡུ་མཁན་ཡང་མེད། བོད་རིགས་ཚོགས་པ་དེས་རང་བཙན་ལག་དེབ་ཀྱི་མ་དངུལ་ཙམ་བསྡུ་ཐུབ་པ་ཡིན་ན་འགྲིག་པ་རེད་དེ། དེང་སང་གི་མི་རྣམས་ལ་མིང་དགོས་པ་ལས་དོན་མི་དགོས་པས་ཁ་བཙུམ་ནས་བསྡད་ན་ལེགས་སོ།།
བོད་རིགས་ཚོགས་པ་གསར་འཛུགས་བྱུང་བར་བཀྲ་ཤིས་བདེ་ལེགས་ཡོད། བོད་རིགས་ཚོགས་པ་ཞིག་མེད་པ་ལས་ཡོད་པ་དང་ཡོད་པ་ལས་ཡར་རྒྱས་སུ་འགྲོ་ངེས་ཅན་ཡིན་པས་རྗེས་སུ་ཡི་རང་ཡོད། ལྷ་རྒྱལ་གྱུར་ཅིག
བོད་རིགས་ཚོགས་པའི་ཚོགས་མི་གསར་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཡོད། འཛམ་གླིང་གང་སར་ཡོད་པའི་བོད་པ་རྣམས་ཆིག་བསྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེ། ཁྲིམས་མགོ་རང་བཙན་པ་ལྟ་བུར་བསྡད་དེ་ནང་ཁུལ་དུ་ཕྲག་དོག་དང་དཀྲུགས་ཤིང་བྱས་བསྡད་པ་ལས་མཉམ་རུབ་བྱེད་འེ་ཐུབ་བལྟས་ན་མི་བཟང་ངམ།
དངོས་གནས་སྐལ་བཟང་ལགས་སྐུ་ཤ་རྒྱས་པོ་ཞེ་དྲག་བྱུང་ཤག ཚོགས་པ་འདིའི་ཐུགས་འགན་མང་ཙམ་བཞེས་རོགས་ཞུ་རྒྱུ་ཡིན། ཁོང་འཇོན་པོ་རྒོད་པོ་ཞེ་དྲག་ཡོད་རེད། དགའ་བསུ་ཡོད།
ཨུ་རུ་སུ་བྷོ་རེ་ཡ་ཐུར་ནས་བོད་རིགས་ཚོགས་པ་བཙུགས་པར་བཀྲ་ཤིས་རྟེན་འབྲེལ་ཞུ། ས་ཆ་དེ་ན་ཡོད་པའི་བོད་རིགས་རྣམས་མང་ཆེ་བ་གྲྭ་ལོག་ཤ་སྟག་མིན་གྲོ ཨ་ལ་དགོངས་འགལ་མེད་པར་མཁྱེན།
བོད་དང་འབྲེལ་བ་ཡོད་པ་མ་ཟད། བོད་དང་ཆོས་རིག་གཅིག་པ་རེད་ཅས་འབྲི་དགོས་ཏེ། བོད་དང་གཅིག་པ་ཡིན་པས་སོ།
ཇ་མའི་ཁ་ལ་སོག་མོའི་སྟུས་ཁོབས།