ཀླུ་སྨྱོན།
སེམས་འདི་དང་པོ་གང་ནས་བྱུང་། །
སེམས་འདི་ཆོས་ཀྱི་དབྱིངས་ལས་བྱུང་། །
ཆོས་དབྱིངས་འདུས་མ་བྱས་ལས་བྱུང་། །
ནམ་མཁའི་ཁམས་ཀྱི་མཐའ་དབུས་ནས། །
ལས་ཀྱི་རླུང་བུ་འཇམ་པོ་ལྡང་། །
དེ་ལ་འོད་ཀྱི་ཐིག་ལེ་འཚེར། །
ཁ་དོག་སྣ་ལྔའི་ཕྲ་ཚོམ་བརྒྱན། །
ཆོས་ཉིད་སྐུད་པར་ལན་གཅིག་བརྒྱུས། །
འདུ་འབྲལ་མེད་པའི་རྒྱ་ཡིས་བཏབ། །
རིག་པའི་ཀློང་ནས་བཙོ་སྦྱངས་བྱས། །
ཟང་ཐལ་བརྡལ་ཁྱབ་གཤིས་ལ་འབྱམས། །
ཀུན་ཏུ་བཟང་པོའི་ཆོ་ལོ་བཏགས། །
ལུ་གུ་བརྒྱུད་ཀྱི་རྨུ་ཐག་དཔྱངས། །
འོད་གསལ་ཞིང་ཁམས་དུ་མ་ཉུལ། །
ཟ་ཟི་བན་བུན་ཀློང་ལས་འཕགས། །
འཇིགས་མེད་གླུ་ཡི་བརྡ་རྟགས་གསལ། །
གཡུང་དྲུང་མཚལ་གྱིས་ཕྱི་ནང་དཀྲིགས། །
ཀུན་ཁྱབ་རོལ་མོའི་གདངས་སུ་འཕོས། །
འཁོར་འདས་གཞི་རྩའི་གནས་ལུགས་བྲལ། །
འཕོ་འགྱུར་མེད་པའི་གདེང་ཡང་རྙེད། །
དག་དང་མ་དག་ཐ་སྙད་དབེན། །
སྣང་སྲིད་དབང་སྒྱུར་རྒྱལ་པོར་བཞེངས། །
འཁོར་འདས་འཐགས་པའི་འཕྲུལ་འཁོར་གྲུབ། །
དེ་སྐད་འཇིགས་མེད་ཁྲག་འཐུང་གླིང་། །
རང་སྣང་ཌྰ་ཀིའི་སྙིང་སྡུག་ང་། །
སྒྱུ་མའི་ས་ལ་ངལ་གསོ་དུས །
རྣལ་འབྱོར་སྨྱོན་པའི་རང་གདངས་གྱེར། །
ཀླུ་སྨྱོན་ལགས། བེམ་ཤེས་ཀྱི་སྣང་བ་ཡོངས་དང་འཁོར་འདས་ཀྱི་རྣམ་བཞག་ཚང་མ། མ་དག་འཕྲུལ་སྣང་གིས་རྨོངས་སྒྲིབ་ཀྱི་བློ་ལ་འཆར་བ་ཙམ་དང་ཀ་དག་ཀུན་ཏུ་བཟང་པོའི་རོལ་པ་རླུང་སེམས་ཙམ་ལས་གྲུབ་པ་འབའ་ཞིག་ཡིན་པ་ཁྱེད་ཀྱིས་ངེས་རྙེད་བྱུང་བའི་བརྡ་འཕྲིན་ཞིག་བཏང་པ་མིན་འགྲོ།
ཆོས་སྐད་དག་པའི་ཀློང་ཡངས་ན།
སྐལ་མེད་རང་བློའི་རིལ་མ་འདི།
མ་སྤྲོས་ཀུན་རྟོགས་སྟོང་བ་ན།
མཁོ་བའི་སྲོག་རླུང་མི་སྟེར་ཅི།།
རང་བཞིན་འོད་གསལ་དྲི་མས་བསླད་པ་མེད། །
གློ་བུར་དྲི་མ་མཐའ་དག་སྤངས་ནས་མེད། །
འཕྲིན་ལས་མ་འགགས་མ་ཁྱབ་མེད་པ་ཅན། །
སྒྱུ་འདྲའི་སངས་རྒྱས་སྐྱོན་མེད་དེ་ལ་འདུད། །
ང་མེད་ཁྱོད་མེད་སེམས་མེད་རྣམ་རྟོག་མེད། །
འཁྲུལ་མེད་འཁྲུལ་མཁན་མེད་པས་འཁོར་བ་མེད། །
འཁོར་མེད་འཁྲུལ་ཟད་མེད་ཅིང་མྱང་འདས་མེད། །
དེ་ལྟར་འཁོར་འདས་མེད་པར་འཕྱམ་གཅིག་ལ། །
ལས་འབྲས་མེད་ཅིང་མཐོ་རིས་ངན་འགྲོ་མེད། །
རང་གཞན་མེད་ཅིང་རང་ལུགས་གཞན་ལུགས་མེད། །
འདི་ནི་མེད་པའི་མཐར་ལྷུང་སྐུར་འདེབས་མཐའ། །
འདི་ནི་ཕྱག་ཆེན་རྫོགས་ཆེན་ལུགས་ཀྱང་མིན། །
དབུ་མའི་་ལུགས་ནི་དེ་བས་ག་ལ་ཡིན། །
ཀྱེ་མ་དེང་སང་བདེ་གཤེགས་བསྟན་པ་ཉམས། །
ལྟ་བ་སྙིགས་མ་ཕྱོགས་རྣམས་ཀུན་ནས་ལྡང་། །
མན་ངག་ཡིན་ཟེར་ཞེན་ལྟ་བརྟན་དུ་གཏོང་། །
འགལ་འདུའི་གྲུབ་མཐས་ཐུབ་བསྟན་གཡང་ལ་སྐྱུར། །
ཐལ་འགྱུར་ལྟ་བ་རང་འདོད་ཕྱོགས་སུ་འཁྱེར། །
རྟེན་འབྲེལ་འདོད་བཞིན་རྟེན་འབྲེལ་རྣམ་གཞག་བཤིག །
ཚད་མ་འདོད་བཞིན་ཚད་མའི་རྣམ་གཞག་བཤིག །
རིགས་པ་འདོད་བཞིན་དགའ་སྒྲུབ་རྣམ་གཞག་བཤིག །
འདི་འདྲ་མཐོང་ཚཻ་འདྲེ་ནག་མགོ་དགུ་ཡང་། །
རིགས་པའི་བརྒལ་བརྟག་བགྱི་ལ་སྒྱིད་ལུག་གྱུར། །
ཇི་སྲིད་འཇིགས་ལས་མ་གྲོལ་བར། །
མི་འཇིགས་སེམས་ཤིག་ཡོད་མ་ཡིན། །
འཇིགས་པ་བརྒྱད་སོགས་ལས་ཐར་ནས། །
འཇིགས་མེད་སེམས་ཤིག་གཞི་ནས་ཐོབ། །
པར་དང་པར་ཆས་གཉིས་ལ་སྣང་བ་ཧ་ཅང་འཐད་དོ།།
སྤྲོས་མེད་དག་པ་སྟོང་གསལ་སྟོང་བའི་ཁམས། །གཉིས་སྦྱོར་བདེ་བ་བདེ་བའི་སྤྲོས་པ་འབར། །མ་དག་འཁྲུལ་བ་འཁྲུལ་བའི་ཆགས་པ་ཆེ། །ཡོངས་སུ་དག་པ་དག་པའི་ཁ་སྦྱོར་ཆེ། །
པར་དང་སྙན་ངག་གཉིས་འགལ་བ་ལྟེག་སྤྲོད་འདུག ཤུ་རེ་ཁོ།
རྒན་ཀླུ་སྨྱོན་ལགས།
སེམས་འདི་ཆོས་དབྱིངས་འདུས་མ་བྱས་ལས་བྱུང་བ་ཡིན་ན། ཆོས་དབྱིངས་ཁོ་རང་གང་ནས་བྱུང་ངམ། ལན་ཞིག་ངེས་པར་སྟེར་བར་ཞུ།
འདི་དགག་བཞག་སྤོངས་གསུམ་གྱི་འབྲེལ་བ་གང་ཡང་མེད། ཐོས་པ་འཚོལ་བའི་སྒོ་ཁོ་ན་སོ།
སེམས་དེ།
ཆོས་དབྱིངས་འདུས་མ་བྱས་དེ་གང་ཡིན་ནམ། །
ཆོས་དབྱིངས་འདུས་མ་བྱས་དེ་འདུས་བྱས་སམ། །
ཆོས་དབྱིངས་འདུས་མ་བྱས་ཀྱིས་རྒྱུ་བྱེད་དམ། །
ཆོས་དབྱིངས་འདུས་མ་བྱས་ལས་བྱུང་སྲིད་དམ། །
ཆོས་ཀྱིས་གསུང་སྟངས་མིན་ལ་འཇིགས་རྟེན་གྱི་བཤད་སྟངས་ཀྱང་མིན།
སྨྱོན་པའི་ཁ་ལབ་པ་ཞིན་གང་དྲན་དྲན་རེད།
ཀླུ་སྨྱོན་ལགས་ཀྱིས་སྙན་རྩོམ་ཡག་པོ་ཞིག་བྲིས་འདུག།
ཆོས་དབྱིངས་འདུས་མ་བྱས་ལས་བྱུང་། །
གྲུབ་མཐའ་སྨྲ་བ་སུ་ཡིན་རུང་། ཚིག་འདི་རང་གི་གྲུབ་མཐའ་དང་འགལ་བ་ཞིག་མ་ཡིན་ནམ།
ད་མཁས་གྲུབ་ཤ་སྟག་ཡིན་གསུངས་ཡོད་ས་རེད། ཕྱག་རྗོགས་གང་ཡང་མིན་པའི་ཆོས་ཤིག་ཡོད་གསུང་པ་ནི་དུས་ངན་འདི་ལ་དགོས་པའི་ཆོས་ཞིག་ཡིན་ནམ་ཡང་ན་ཆོས་ལོག་དུ་མ་དེང་སང་འཕེལ་གསུངས་ལྟར་ལོག་ཆོས་ཤིག་ཀྱང་ཡིན་སྲིད།
ཀྱེ་མ་སྙིགས་མའི་མུན་ཆེན་འཐིབ་པའི་ཁྲོད།།
སྟོང་ལྟ་ཧད་པོ་ཆེ་ཡི་ཐད་སྐད་དང་།།
རྟག་ལྟ་ཧྲེང་པོའི་ངུ་སྐད་སྣ་ཚོགས་ཀྱིས།།
འཇིག་རྟེན་ཁམས་འདི་ཆོས་བརྒྱད་དུར་སར་བསྒྱུར།།
ལྟ་བ་མཐོ་མདོག་བཤད་ཡམ་སྣ་ཚོགས་དང་།།
བསྒོམ་པ་བརྟན་མདོག་མིག་བུ་༷ཟུམ་ཟུམ་དང་།།
སྤྱོད་པ་གཙང་མདོག་ཕྱི་ཚུལ་བཅོས་པ་ཡིས།།
ཁ་བའི་ལས་དབང་མུན་པའི་མལ་དུ་བརྙལ།།
དོན་ཟབ་ཀི
རྟོགས་དཀའ་གི
ཚིག་མཐོ་གི
གོ་དཀའ་གི
མགོ་འཐོམ་སོང་།
བློ་སྡིབ་སོང་།
སེམས་ཕམས་སོང་།
མིག་རིབ་སོང་།
ཁ་ལྐུག་སོང་།
གཉིད་བྲོ་སོང་།
ཨ་ཡོ་་་་་་་་་་་་་་་་
མཁྱེན་པའི་དཔལ་མངའ་ཀླུ་སྨྱོན་ཧེ་རུ་ཀའི། །
དགོངས་པ་ཆོས་སྐུའི་བང་མཛོད་ལས་བྱུང་བའི། །
རྡོ་རྗེའི་ཚིག་གི་རང་བཞིན་དོ་ཧ་འདི། །
མཐོང་ཚེ་བདག་ཡིད་དབང་མེད་འཕྲོག་པར་གྱུར། །
སྔོན་གྱི་དུས་སུ་རིག་འཛིན་ཀློང་ཆེན་པ། །
བར་དུ་གྲུབ་དབང་དགེ་འདུན་ཆོས་འཕེལ་དང་། །
ད་ལྟ་ཀླུ་སྨྱོན་རིག་པའི་ཧེ་རུ་ཀ །
ཀུན་གྱི་བཞེད་པ་གཅིག་ལ་བབས་པ་རྨད། །
སེམས་ཀྱི་གནས་ལུགས་ཆོས་ཀྱི་གསང་བ་ཉིད། །
རྟོག་གེའི་བློ་ཡིས་གཞལ་དུ་མ་བཏུབ་པ། །
ཁྱོད་ཀྱིས་ལེགས་པར་བཀྲལ་བའི་གདམས་ངག་འདི། །
རྣལ་འབྱོར་བ་རྣམས་དགྱེས་པའི་མཆོད་སྤྲིན་ཆེ། །
ཡག་པོ་འདུག
སེམས་ཁྱོད་ཐོག་མ་སེམས་ཀྱི་ངོགས་ནས་བྱུང་།།
སེམས་ཁྱོད་ད་ལྟ་སེམས་ཀྱི་འཁོར་ན་ཡོད་།།
སེམས་ཁྱོད་རྗེས་མ་སེམས་ཀྱི་ལུས་ཐུམ།།
སེམས་ཏེ་སེམས་ཅན་ཀུན་གྱི་བཟླ་གྲོགས་ཡིན།།
སེམས་ཉིད་སྟོང་པའི་རང་ངོ་མ་ཤེས་ནས། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །འཁོར་བའི་གནས་སུ་དུ་ཁས་གཟིར་བ་ཡི། །ཀླུ་སྨྱོན་བྱིས་པས་སེམས་ཀྱི་བྱུང་རབས་བཤད། །འཕགས་བོད་མཁས་དང་གྲུབ་པའི་སྐྱེས་བུ་ཡིས། །སེམས་ཉིད་མཐའ་བྲལ་མ་སྐྱེས་མ་བྱུང་ཞིང་། །གནས་མེད་འགྲོ་འོང་ཆོས་ལས་འདས་ཞེས་གསུངས། །ཀླུ་སྨྱོན་བྱིས་པས་དེ་ལས་ལྡོག་སྟེ་བཤད། །དང་པོ་མ་བྱུང་བྱུང་ས་ངོ་བོས་སྟོང། །བར་དུ་གནས་མེད་རང་ཉིད་དམིགས་སུ་མེད། །ཐ་མ་འགག་མེད་གང་གི་ཀློང་དུ་འགག །སྐྱེ་གནས་འགྲོ་འོང་རྡུལ་ཙམ་གྲུབ་པ་མེད། །དེ་ལྟར་ན་ཡང་བྱིས་པ་ཀླུ་སྨྱོན་གྱིས། །དང་པོ་སེམས་འདི་འདུས་མ་བྱས་ལས་བྱུང་། །བར་དུ་སེམས་འདི་སྣ་ཚོགས་འབྱམས་སུ་བཀླས། །ཐ་མ་སེམས་འདི་གཞི་རྩ་བྲལ་ལོ་ཟེར། །རྣམ་མང་འགལ་ཕུང་བརྩེགས་པའི་སེམས་ཀྱི་གཏམ། །བྱིས་པ་ཀླུ་སྨྱོན་རག་གཟི་རྒན་པོས་བྲིས། །རི་བོང་ཅལ་འགྲོགས་བླུན་པོ་འགའ་ཡིས་བྱས། །དོན་གྱི་ཡིན་ལུགས་རིགས་ཞེན་དཀར་པོས་སྨྲས། །དགེ་བ་གང་དེས་མ་རྒན་སེམས་ཅན་སྤྱི། ། ཁྱད་པར་ཀླུ་སྨྱོན་བྱིས་པ་གཙོར་བྱས་ཀྱིས། །སེམས་ཀྱི་གསང་བ་ཟབ་མོ་མངོན་གྱུར་ནས། །མཐའ་ཡས་འགྲོ་ལ་སེམས་དོན་སྟོན་པར་ཤོག
དེ་རིང་ཀླུ་སྨྱོན་ཧེ་རུ་ཀས།།
སེམས་ཆོས་དབྱིངས་ལས་བྱུང་དང་།།
ཆོས་དབྱིངས་འདུས་མ་བྱས་ལས་ཟེར།།
འདུས་མ་བྱས་ལས་བྱུང་བ་ཡི།།
དངོས་པོ་ཡོད་པར་ཁས་སུ་བླངས།།
རྟག་པ་ལས་ནི་བྱུང་བ་ཡི།།
དངོས་དེ་གང་ཡང་ཡོད་མིན་ཏེ།།
རྟག་པ་དངོས་པོ་མིན་པས་ཕྱིར།།
ཁ་སང་ཏུན་ཧོང་ཡིག་རྙིང་ནང་གི་སྙན་ངག་འདྲ་པོ་ཞིག་བྲིས་འདུག འདི་ལ་མཚམས་པོ་འདུག དཔེར་ན།
ཨ་ཁུ་ནི་ཀླུ་སྨྱོན་ཐོག
སྙན་ངག་ནི་ཐོགས་པ་མེད།
དཔེ་ཆ་ནི་མང་པོ་བཀླགས།
གོ་བ་ནི་གཏིང་ལ་ཟབ།
བཤད་པ་ནི་ཡང་རྩེ་རེད།
ཆོས་དབྱིངས་ནི་འདུས་མ་བྱས།
སེམས་པ་ནི་འདི་ལས་བྱུང་།
དང་པོ་ནི་ཐོག་མ་མེད།
བར་དུ་ནི་འགྲོ་བ་མེད།
མཐའ་མ་ནི་འཇིགས་པ་མེད།
རང་བཞིན་ནི་འོད་གསལ་བ།
ཐམས་ཅད་ནི་སྟོང་བའི་རྣམ་འགྱུར།
ཆད་འགག་ནི་ཡེ་ནས་མེད།
འཁོར་འདས་ནི་འདི་ལ་ཟེར།
ཧ་ཧ་རྩེད་མོ་ཡིན།
ཀླུ་སྨྱོན་ལ་གཞུང་ལུགས་ཀྱི་ཤེས་ཚད་སྐྱོ་བོ་ཡིན་པ་ད་ཐེངས་ཀྱི་ཚིག་བཅད་འདི་ནས་རྟོགས་སོང་།
སེམས་ཆོས་དབྱིངས་ལས་བྱུང་མིན་གྱི་དགག་བཞག་དེ་ནི་ད་བར་སུས་ཀྱང་གསལ་པོ་སྟོན་ཐུབ་མེད། མ་འོངས་པ་ལ་ཡང་དེ་བས་སྟོན་མི་ཐུབ་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་ཆོག སེམས་དང་ཆོས་དབྱིངས་སོགས་མིང་ཇི་འདྲ་བཏགས་ཀྱང་དོན་གཞི་མེད་རྩ་བྲལ་ངོས་བཟུང་དུ་མེད་པ་ལ་མི ཚེ་ཡིག་ནག་གི་དཔེ་ཆ་ལ་བལྟས་ཀྱང་མིག་ལ་སྡུག་གྱོང་དང་དཔལ་འབྱོར་ལ་དཀའ་ངལ་རང་རེད།
དེའི་རྒྱུ་མཚན་ནི། ་དད་པ་ནི་འགྱུར་བ་ཅན། ཆོས་ཀྱི་གནད་གསང་ནི་མ་ཤེས། ཆགས་སྡང་གྲུབ་མཐའི་འཛིན་སྟང་མ་ཞི།
ཕྱོགས་ཞེན་ཆགས་སྡང་གིས་མི་ཚེ་ལ་བརྒལ་བ་ཤ་སྟག་ལས་གཞན་མ་མཐོང་།
ཚིགས་བཅད་དང་ནི་ཚིག་ལྷུག་སོགས། །
ངེས་ཚིག་ཞིབ་མོར་བཀྲལ་བའི་ཚེ། །
ཚིགས་སུ་བཅད་པ་ལ་གོ་བས། །
ཡི་གེའི་དག་ཆ་ཐུགས་ལ་ཞོག །
མཁས་མཆོག་ཀླུ་སྨྱོན་ཧེ་རུ་ཀས་ཐོལ་བྱུང་གི་ཚུལ་དུ་གསུངས་པའི་དོ་ཧ་འདི་དོན་ཟབ་ལ། རྡོ་རྗེའི་ཚིག་ཏུ་སོང་བས་རྟོག་གེའི་ཡིད་ཅན་དག་གིས་གོ་མི་ནུས་པ་བདེན་མོད། ཐེག་པ་ཆེན་པོའི་མདོ་རྒྱུད་ཀྱི་གཞུང་རྣམས་དང་མཐུན། རྫོགས་ཆེན་ལྟར་ན། སེམས་ཀྱི་ཁང་བུ་བཤིག་པའི་གདམས་ངག་ཅེས་དཔྱད་སྒོམ་ཀྱི་སྐབས་སུ། སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་ནས་སེམས་སྐྱེ་བ་མེད་པར་གཏན་ལ་འབེབས་སྟངས་ཤིག་ཡོད། དཔྱད་སྒོམ་འདི་ཕྱག་ཆེན་དང་། དབུ་མ་ཡོངས་ཀྱི་ཐུན་མོང་གི་ཉམས་ལེན་ཡིན། འདི་ལྟ་བུས་ཕྱིར་ན། པན་ཆེན(པཎ་ཆེན)བློ་བཟང་ཆོས་རྒྱན་དང་། འབྲུག་པ་ཀུན་ལེགས། རིག་འཛིན་འཇིགས་གླིང་སོགས་གསར་རྙིང་གི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ཕྱག་རྫོགས་དབུ་གསུམ་གྱི་དགོངས་པ་གནད་གཅིག་ཐོག་ཏུ་བབས་པར་བཞེད།
སེམས་ཀྱི་འབྱུང་ཁུངས་བཙལ་ནས་མ་རྙེད་པའི་ཚེ། དེ་ནི་དོན་གྱི་ལྷག་མཐོང་མངོན་དུ་གྱུར་ཅིང་། ཤེས་རབ་ཆེན་པོ་རྒྱུད་ལ་སྨིན་ནས་དོན་དམ་ཆོས་ཉིད་རྗེན་པར་རྙེད་པ་ཡིན་ཏེ། ཞབས་དཀར་པས། མ་རྙེད་པ་དེ་རྙེད་པའི་མཆོག་ཡིན་ནོ། །ཞེས་གསུངས། སེམས་གཅིག་པོ་ཙམ་མ་ཡིན་པར། སྤྱིར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་བཙལ་བའི་ཚེ་ན་མི་རྙེད་པ་ནི་བདེན་མེད་ཀྱི་དོན་ཡིན་སྟབས། རྗེ་བླ་མ་ཙོང་ཁ་པ་མ་ཆོག་གིས་དངོས་པོ་བཙལ་ཚེ་བཙལ་བྱ་དེ་མ་རྙེད་པ་ལས་དེ་མེད་པར་རྙེད་པར་མི་འགྲོ་བར་གསལ་བར་གསུངས་པ་བཞིན་དུ་སོང་། དེས་ན་སེམས་འདི་གཏན་མེད་མ་ཡིན་ཀྱང་བདེན་པར་མ་གྲུབ་པས། གང་ལས་འབྱུང་ངོ་ཞེས་དཔྱད་ཚེ། ཆོས་ཀྱི་དབྱིངས་ལས་བྱུང་ངོ་ཞེས་ཟེར་བ་ལས་གཞན་འབྱུང་ཁུངས་ཡན་གར་བ་ཞིག་མེད། ལེགས་སྦྱར་ཀྱི་སྐད་ལ་ཆོས་དབྱིངས་ལ་དྷརྨ་དྷཱར་ཏུ་བྱ་ཞིང་། དྷརྨ་སྟེ་ཆོས་ནི་དོན་བཅུ་ལ་འཇུག་པ་ལས། འདིར་ནི་ཤེས་བྱའམ་ཆོས་ཐམས་ཅད་ལ་གོ །དེས་ན་ཆོས་ཐམས་ཅད་གནས་པའི་རྩ་བའམ་ཡང་ན་ཆོས་ཐམས་ཅད་འབྱུང་བའི་གཞི་ལ་གོ་དགོས། མཁས་པ་ཆེན་པོ་སྒོ་མང་བཞད་པས་བྱང་ཆུབ་ཕྱོགས་ཀྱི་ཡོན་ཏན་དང་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྲེལ་ཡོད་པའང་འདྲ།
མདོར་ན་ཆོས་ཐམས་ཅད་ཀྱི་ཐོག་མའི་འབྱུང་གཞི་ཡོད་ན། དེ་ནི་དེ་དག་གི་གནས་གཞིར་ཁས་བླངས་ནའང་ཆོག་པས། ཀླུ་སྨྱོན་ལགས་ཀྱིས་གསུངས་པ་དེ་དབུ་མ་བ་རྣམས་ཀྱི་བཞེད་པར་སོང་ཚུལ་ནི། རྒྱུད་བླ་མ་ལས། དེ་བབཞིན་ཕུང་བོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རང་གནས། །ཞེས་གསུངས་་པས་ཤེས་སླ། །ཆོས་ཀྱི་དབྱིངས་སྤྲོས་པ་མཐའ་དག་ལས་འདས་པ་ནི་ཆོས་ཀུན་འབྱུང་བའི་གཞི་ཡིན་ཀྱང་། ངོ་བོ་འདུས་མ་བྱས་པ་རྒྱུ་རྐྱེན་གྱིས་མ་གོས་པ་ཞིག་གོ །
ཨེ་མ་ཧོ
ཀླུ་སྨྱོན་བྱིས་པས་གདོལ་གཏམ་བཤད། །བླུན་པོ་གཡག་རྫི་རྒན་པོ་སོགས། །སྨྲ་ལ་དགའ་བ་འགའ་ཞིག་ནི། །མ་བརྟགས་གྲགས་པའི་རྗེས་སུ་འབྲངས། །