རེབ་ཐོག་མདའ
གོང་ས་མཆོག
ལྷ་མོ་དོན་འགྲུབ་མིང་གིས་བྲིས་པའི་ལྟག་མཚེར་གྲོང་གི་བུ་ཆུང་ཁྱོད།།
ལྷ་ས་ལྷ་ཡི་གྲོང་ལ་ཕེབས་དུས་སྐུ་དྲག་ལ་ལ་མ་དགྱེས་ཀྱང་།།
ལོ་ཟླ་ནག་པོའི་ཧྲག་བར་ཞིག་ནས་ཉི་མ་དམར་པོ་འཆར་བའི་དུས།།
ཡ་ས་དྲུག་གི་ལས་དབང་ལྕི་མོ་ཕྲག་དུ་ཁུར་བའི་དམ་པ་གང་།།
ལྔ་བཅུ་ང་དགུའི་རླུང་འཚུབ་ནག་པོ་བྱང་ཕྱོགས་རི་ལ་ལྡང་བའི་དུས།།
ཞེད་སྣང་ཁྲོད་ཀྱི་མི་ཆེན་དབང་ཆེན་དོན་ལྔ་སྣོད་དྲུག་འཁྲུག་པའི་དུས།།
ལྷ་སའི་ཨ་མས་རྒྱ་ཡི་སྒོར་ལ་ལུས་སེམས་གཉིས་ཀ་ཤོར་བའི་དུས།།
བདག་གི་བླ་མས་འགྱེལ་ཉེའི་བོད་འདི་ཕྱག་གིས་སྐྱོར་བའི་འགན་དེ་བཞེས།།
སྐྱབས་བཅོལ་མི་ཡིས་ལས་དབང་རི་མོ་གཞན་ཡུལ་ས་མཐར་བྲིས་ན་ཡང་།།
ཐུགས་ཀྱི་དགོངས་པ་མཁའ་ལས་ཡངས་་པའི་ཁྱོད་ཀྱི་མཐུ་དང་ནུས་སྟོབས་ཀྱིས།།
མ་འོངས་གངས་རིའི་མདུན་ལམ་ལམ་སྣེར་སློབ་གྲྭ་དགོན་སྡེ་འཛུགས་ཞོར་དུ།།
ཕྱི་ནང་གཉིས་ཀའི་བློ་སེམས་གཏད་སའི་གཞུང་དེ་སླར་ཡང་གསལ་བར་མཛད།།
ལོ་དང་ཟླ་བའི་འཕེལ་རིམ་ཀློང་ནས་རྒྱང་རིང་ཕ་ཡུལ་དྲན་བཞིན་དུ།།
མགོ་སེར་མགོ་ནག་མྱི་ཡི་ཚོགས་དག་བྱམས་པའི་འཛུམ་གྱིས་བསུ་བཞིན་དུ།།
སྐུ་ཡི་མཛད་འཕྲིན་མཁའ་ལ་འཆར་བའི་ཉི་མ་དང་ནི་ཟླ་བ་བཞིན།།
གོ་ལ་ཟླུམ་པོའི་ཕྱོགས་བཞི་མཚམས་བརྒྱད་ཡང་ཡང་བསྐོར་བའི་ཁུར་དེ་ལྕི།།
རྒྱུ་དང་འབྱོར་བའི་སྙན་གྲགས་རྒྱས་པའི་ཕྱུག་བདག་ཆེ་ཆུང་མང་ན་ཡང་།།
མཁས་པའི་མིང་གི་ཆོ་ལོ་ཐོབ་པའི་སྐྱེས་བུ་དམ་པ་མང་ན་ཡང་།།
འགྲོ་ཁམས་རྒྱ་མཚོར་ཞི་བསིལ་དམ་པའི་བདུད་རྩི་སྣུམ་པོ་འགྱེད་པ་ལ།།
དོན་གྱི་བདེ་བའི་ངལ་གསོའི་སྟེགས་་སྟོབས་ཀྱིས་འགྱིང་བ་ཁྱོད་ལས་སུ།།
པན་ཆེན་རིན་པོ་ཆེ།
སྟོང་དཔོན་ཞིག་གི་རྒྱུད་དུ་འཁྲུངས་ཀྱང་དཀྱུས་མའི་རང་བཞིན་རབ་གསལ་བ།།
ཤིན་ཏུ་མཐོ་བའི་ཁྲི་ལ་བཞུགས་ཀྱང་ཐུགས་དགོངས་དམངས་ཀྱི་ཐག་ཉེར་གཏད།།
དམར་པོའི་དམག་གི་བཙན་དབང་ལྕི་ཡང་དབུ་འཕང་སྨད་པ་མ་མྱོང་བ།།
ཁྱེད་ནི་བདག་གི་སེམས་ན་གསོན་པའི་ཕུགས་རྒྱང་ལམ་བུའི་དེད་དཔོན་ཉིད།།
དཀའ་སྡུག་སྟོང་གི་བརྒྱུད་རིམ་ཁྲོད་ནས་ཁྱེད་རང་ཁེར་རྐྱང་ལུས་ན་ཡང་།།
བོད་པ་ཚང་ལ་དུངས་ཞེན་དཀར་པོ་ཐུགས་དགོངས་རྒྱ་མཚོའི་གཏིང་རུམ་ན།།
རིག་གནས་གསར་བརྗེའི་མུན་ནག་སྟུག་པོ་བོད་ས་ཡོངས་ལ་རྫོགས་འཐིབ་པའི་སྐབས།།
ལོ་དང་ཟླ་བར་བཙོན་ནས་བཞུགས་པ་བོད་འབངས་ས་ཡ་དྲུག་གི་ཆེད། །
ཆོལ་ཁ་གསུམ་གྱི་ཁྱོན་ལ་བཅར་ནས་་་་སྐད་དང་ཡི་གེའི་ཚེ་སྲོག་བསྲིངས།།
ཕ་སྐད་གཙང་མའི་འཆི་གསོན་མཐོང་ནས་སློབ་གྲྭ་ཆེ་ཆུང་མང་པོ་བཙུགས།།
རྒྱ་ཁྱི་ཟུག་པའི་སྦྲ་སྒོ་དེ་ནས་བོད་པའི་ལས་དབང་གཟིགས་པའི་སྐབས།།
ཡིག་འབྲུ་ཁྲི་ཕྲག་བདུན་གྱི་ཞུ་ཡིག་རྒྱ་ནག་དམར་པོའི་གདོང་ལ་བྲིས།།
ལ་ལས་ཁྱོད་ནི་བླ་ཆེན་ཞིག་གིས་སྐྱ་བོའི་འཇིག་རྟེན་མྱུལ་མཁན་ཟེར།།
ལ་ལས་ཁྱོད་ནི་རྒྱ་ལ་དགའ་བའི་བོད་པ་བཙོང་བའི་ཚོང་བ་ཟེར།།
འོན་ཀྱང་ངས་ནི་མི་རིགས་འདི་ཡི་བདེ་སྡུག་ཕྱག་གིས་འདེགས་པ་ཡི།།
གངས་ཅན་ནམ་མཁའི་ཉི་ཟླ་ཟུང་འདི་ཚེ་རབས་གཏན་གྱི་སྐྱབས་སུ་མཐོང་།།
ཕྱི་ལོ ༢༠༡༢ ཟླ ༨ ཚེས ༢༦ ལ།
རྩོམ་འདི་སྙན་མོ་བྱུང་། རེབ་ཐོག་མདའ་ལགས། ཐུགས་རྗེ་ཤིན་ཏུ་ནས་ཆེ།
དེ་རིང་ཕྱི་ཚེས་ཉེར་བདུན་ཉིན་བོད་ནང་གི་ཆུ་ཚོད་བཅུ་གཅིག་མ་ཟིན་ཙམ་ལ་ཨམ་མདོ་རྔ་བ་ནས་མི་སྐྱ་གཉིས་ཀྱི་རང་སྲེག་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱིན་པ་ཡིན་པ་འདི་གར་བལ་ཡུལ་ནས་ཨམ་མདོ་བ་མི་ཞིག་གི་སྐྱེས་དམན་གྱིས་བོད་ནས་ཁ་པར་ཐོན་བྱུང་། ཁ་པར་དེ་འབྱོར་སྐབས་ང་རང་མི་དེའི་ཉེ་འགྲམ་དུ་ཡོད་། གནས་ཚུལ་འདི་དངོས་གནས་ཡིན་པས་ཁྱེད་ཚོས་གང་མགྱོགས་མགྱོགས་ཀྱིས་ཕར་ཚུར་གསལ་བསྒྲག་བྱེད་རོགས།
ཁྱེད་ཀྱིས་བརྗོད་པར་མངོན་པར་བསྟོད་དོ།
བླ་མ་མང་མང་བོད་ལ་མང་།།
མང་མང་ནང་ན་རྫུན་མ་མང་།།
རྫུན་མ་ངོ་མ་མི་ཤེས་བས།།
བླ་མ་ཡོངས་ལ་ཕྱག་འཚལ་ལོ།
རྗེས་སུ་ཡི་རངས་ཡོད། ཆོས་ནས་བཤད་ན་བསོད་ནམས་བསགས་པ་རེད་ལ། འཇིག་རྟེན་ནས་བྱས་ན་ངོ་ཚ་ཁྲེལ་གཞུང་དྲིན་དྲན་པ་ཞིག་རེད།
ངའི་སྐྱབས་གནས་གསུམ་པ་དེ། བོད་ཀྱི་ས་ཆ་འདི་ཡི་ནོ། །
དོན་དམ་གྱི་སྐྱབས་གནས་དམ་པ་ཁོང་གཉིས་ཡིན།
ངའི་སྐྱབས་གནས་དཀོན་མཆོག་གསུམ།
བླ་མ་རྫུན་མ་ལ་ཕྱག་འཚལ་དགོས་དོན་ཅི་ཡོད་བླ་མ་དག་མ་ལ་ཕྱག་འཚལ་བའི་ཆོག་པའི་ངེས་ནི་བླ་མ་དག་མ་ལ་ཕག་འཚལ་བ་ཡིན། བླ་མ་ལ་ཕྱག་འཚལ་ལོ།
བླ་མ་རྫུན་མ་ལ་ཕྱག་འཚལ་མཁན་མང་པོ་འདུག་པའི་ང་ཡང་བླ་རྫུན་དེ་ཚོ་ལ་ཕྱག་འཚལ་ལོ། བླ་མ་རྫུན་མའི་གོར་མོ་རེག། གྲྭ་བ་རྫུན་མ་དེ་དེ་བཞིན། བོད་མི་རྫུན་མའི་ལས་ཀ་རེག། སྐད་ཆ་རྫུན་མ་གུན་ལ་སྙན། ཧེཧེཧེཧེ
དེང་སྐབས་ཡུལ་གྱར་གསར་འབྱོར་བ་ཁ་ཤས་ཀྱིས་སོ་སོ་སྒོར་མོར་དགའ་ནའང་མི་དགའ་མདོག་ཀྱིས་ལྷ་སའི་ཨ་མ་སྒོར་མོར་དགའ་བ་དང་རྒྱ་མིར་དགའ་བའི་གནས་ཚུལ་གང་དྲན་ཅི་དྲན་འགོད་པ་ནི་ཕོ་རོག་གི་ཁ་ཏར་འཕྱ་སྨོས་བྱེད་པ་དང་གཅིག་པ་རེད། འཇིག་རྟེན་འདིའི་ཐོག་དངུལ་ལ་མི་དགའ་བའི་མི་སུ་ཡོད་དམ༽ རྒྱ་མི་བོད་ལ་འཁྲིད་མཁན་ལྷ་སའི་ཨ་མ་མ་རེད་ལ། རྒྱ་མིའི་ཏཱ་ཡང་ལེན་མཁན་ལྷ་སའི་ཨ་མ་དེ་བས་མ་རེད། བོད་ནང་གི་སྐུ་འདྲ་རྐུ་མ་རྒྱག་མཁན་སུ་རེད༽ བོད་ནང་དུ་ཁུངས་མ་འཁྱོལ་བ་དེ་སུ་རེད༽ བཙན་བྱོལ་ནང་དཀྲུག་ཤིང་རྒྱག་མཁན་སུ་རེད༽ ཆབ་སྲིད་བཙོན་པ་མ་ཡིན་ནའི་ཡིན་མདོག་མདོག་བྱེད་མཁན་སུ་རེད༽ ༧གོང་ས་མཆོག་ནས་བཙུགས་པའི་སྦིར་སུ་ཇ་སློབ་གྲྭ་གཏོར་མཁན་སུ་རེད༽ སྔ་བར་ཕྱི་གསུམ་དུ་བོད་བསྟན་སྲིད་དོན་དུ་ལྷ་སའི་ཨ་མ་ཚོས་འབད་བརྩོན་ཡོད་རྒུ་གནང་ཡོད། དེང་སང་ལས་མེད་གསར་འབྱོར་བ་ཁ་ཤས་ཀྱིས་ཇུས་མེད་ཇུས་གཏོགས་བྱེད་དུས་དངོས་གནས་སེམས་པ་སྐྱོ་ཡས་རང་རེད། བོད་ནང་གི་ཆབ་སྲིད་བཙོན་པ་དངོས་གནས་ཚོའི་ཞབས་འདྲེན་གསར་འབྱོར་བ་ཁ་ཤས་ཀྱིས་ཞུ་གི་འདུག མདོ་དབུས་ཁམས་གསུམ་གྱི་བོད་པ་ཕལ་ཆེ་བ་འཛོམ་ས་ལྷ་སར་རེད། མི་ངན་ཁ་ཤས་ཀྱིས་གནས་ཚང་གཡར་བས་མ་ཚད་གནས་མོར་ཚད་ཚད་བཏང་ཟེར་བའི་དཔེ་ལྟར་ལྷ་སའི་མིས་མ་བྱུང་བ་དང་ལྷ་སའི་ཨ་མས་མ་བྱུང་བའི་སྐད་ཆ་དེ་དག་བཤད་མཚམས་བཞག་ན་ལེགས།
བོད་མི་རྫུན་མའི་ལས་ཀ་རེག།
དིང་སང་ལག་པར་རག་པ་ལ་། རེག་ཅེས་འབྲི་དགོས་དོན་ཅི་ཡིན་ནམ། ལག་པས་ཐུག་པའམ་ཕྲད་པ་ལ་རེག ཅེས་འབྲི་ཤོད་དགོས་པ་ལས། གཞན་རག་་པདེ་རེག་པ་ལ་བཅོས་ན་ཕན་པ་མེད་སྙམ་པས་དཔྱད་པར་འཚལ།
གནམ་ལ་ཉི་ཟླ་སྐར་གསུམ།
ས་ལ་ཆོལ་གསུམ་བོད་རིགས།
གནམ་ལ་༸གོང་ས་པཎ་ཆེན།
ས་ལ་ཆོས་སྲིད་ཟུང་འབྲེལ། །
གནམ་ལ་ཆོས་དང་་ཡ་རབས།
ས་ལ་དར་དམར་གུང་ཕྲན།
དགོས་ཡ་རང་དབང་བདེ་སྐྱིད།
མི་དགོས་རྒྱ་དམར་གདུག་རྩུབ།
ཡག་པོ་འདུག་
ཀུན་དགའ་ཚེ་རིང་ནས་བཤད་པ་དེ་མི་ཤེས་མཁན་ཞིག་གིས་བལྟས་ན་བདེན་པ་ལྟར་སྣང་ཡང་དོན་དམ་ལ་དེ་འདྲ་ཞིག་རང་མ་རེད།
ལྷ་ས་པ་ཚོས་བོད་མི་རིགས་བསྟན་སྲིད་ཀྱི་ཆེད་ལ་བྱས་རྗེས་བཞག་མེད་ཅེས་སུ་གང་གིས་ཀྱང་བཤད་ཀྱི་ཡོད་པ་མ་རེད། ཡིན་ནའང་ཁམས་དང་ཨ་མདོ་གཉིས་ལ་བལྟས་ན་ཅུང་ཞན་པ་རེད། དེ་དངོས་ཡོད་གནས་ཚུལ་རེད།
དཔེར་ན། ཕྱི་ལོ་ ༡༩༨༩ ལོར་བོད་མིས་ཡར་ལངས་ཆེན་མོ་བྱེད་མཁན་བརྒྱ་ཆ་དགུ་བཅུ་ཁམས་དང་ཨ་མདོ་ནས་ཡོང་བསྡད་པ་ཤ་སྟག་རེད། དུས་དེ་ནས་བཟུང་ཕྱི་ལོ་ ༢༠༠༨ ལ་ཐུག་གི་བར་ལྷ་ས་ནས་བོད་དོན་ཆེད་ཁྲོམ་སྐོར་བྱེད་མཁན་དང་ཡར་ལངས་གནང་མཁན་བརྒྱ་ཆ་དགུ་བཅུ་དེའང་ཨ་མདོ་དང་ཁམས་ཁུལ་ནས་ཡོང་བསྡད་པ་འབའ་ཞིག་ཡིན་པ་གསལ་པོ་རེད།
ཕྱི་ལོ་ ༢༠༠༨ ལོར་བོད་མིའི་ཞི་རྒོལ་ཆེན་མོ་བྱས་རྗེས་རྒྱ་གཞུང་གིས་ལྷ་ས་ནས་ཕྱོགས་ཡོང་གི་བོད་པ་ཚོ་ཕྱིར་ཕུད་བཏང་རྗེས་ད་ལྟ་ལ་ཐུག་གི་བར་དུ་ལྷ་ས་ནས་དྲག་འགུལ་ཐེངས་གཅིག་བྱུང་བ་རེད། དྲག་འགུལ་དེའང་ཨ་མདོ་ནས་ཡོང་བའི་མི་གཉིས་ལས་བྱུང་བ་རེད།
ཕྱི་ལོ་ ༢༠༠༨ རྗེས་ནས་ཁམས་དང་ཨ་མདོའི་ས་ཁུལ་ཁག་ནས་བསྟུད་མར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ལས་འགུལ་རབས་དང་རིམ་པར་ཇི་ཙམ་སྤེལ་སོང་བ་འདི་ལ་ལྟས་ཀྱང་བོད་ཀྱི་ས་ཕྱོགས་གང་ཞིག་ན་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་བྱས་རྗེས་འཇོག་གི་ཡོད་མེད་གསལ་པོ་རེད། འདི་ནི་ཆོལ་ཁའི་འཐེན་འཁྱེར་དང་ས་ཕྱོགས་ཀྱི་ཞེན་ཁོག ང་རྒྱལ་ཁྱོད་ཕམ་གྱི་སྐད་ཆ་དེ་འདྲ་རྩ་བ་ནས་མ་རེད།
སྤྱིར་བཏང་ནས་བཤད་ན་བོད་པའི་ས་ཕྱོགས་གང་ཞིག་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ལས་འགུལ་སྤེལ་ན་དེ་ནི་བོད་སྤྱི་བའི་དོན་རེད། ལས་འགུལ་སྤེལ་མཁན་ཞིག་གི་ངོས་ནས་བཤད་ནའང་བོད་སྤྱི་བའི་བདེ་སྡུག་དང་མནར་གཅོད་སེམས་ལ་བཟུང་ནས་རྒྱ་གཞུང་ལ་ངོ་རྒོལ་དང་ལས་འགུལ་སྤེལ་གྱི་ཡོད་པ་མ་རེད་མ་གཏོགས། ཆོལ་ཁ་ཞིག་དང་ས་ཕྱོགས་ཤིག ཡང་ན་མི་སྒེར་བ་ཞིག་གི་དོན་དུ་མི་སུ་གཅིག་གིས་ཀྱང་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་རེད། འདི་ཀུན་གྱིས་ཤེས་རྒྱུ་གལ་ཆེན་པོ་རེད།
ཀུན་དགའ་ཚེ་རིང་གིས་སྐད་ཆ་བཤད་སྟངས་དེ་ཆོལ་ཁའི་འཐེན་འཁྱེར་གྱི་དབང་དུ་ཅུང་ཙམ་སོང་འདུག་སྙམ།
ངས་གོང་དུ་ཁམས་དང་ཨ་མདོའི་སྐོར་བཤད་པ་དེ་བོད་བསྟན་སྲིད་མི་རིགས། རིག་གཞུང་དང་བཅས་པའི་ཆེད་ཕྱག་ལས་མང་ཤོས་གནང་མཁན་དེ་སུ་ཡིན་ངོ་སྤྲོད་བྱས་པ་ཙམ་ལས། ཁམས་དང་ཨ་མདོའི་ཞེན་ཁོག་བཟུང་ནས་དེ་འདྲ་བཤད་པ་རྩ་བ་ཉིད་ནས་མིན། ང་ལ་ནི་བོད་ཆོལ་གསུམ་པོ་སུའི་མི་ཞིག་གིས་བོད་ཀྱི་བདེན་པའི་འཐབ་རྩོད་ཆེད་རྒྱ་གཞུང་ལ་ངོ་རྒོལ་དང་། ལས་འགུལ་སྤེལ་ན་དེ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་བྱེད་པ་ལས། ཆོལ་ཁ་དང་ལུང་ཚན་གྱི་དབྱེ་བ་དེ་འདྲ་རྩ་བ་ཉིད་ནས་མེད།
མདོར་ན་ཆོལ་ཁ་གསུམ་གྱི་བོད་མི་སུ་ཞིག་གིས་ལས་འགུལ་གང་འདྲ་ཞིག་སྤེལ་ན་ཚང་མ་བོད་སྤྱི་བའི་དོན་དག་རེད། བོད་པ་སུ་ཞིག་ཡིན་རུང་ཚང་མར་བོད་མི་ཞིག་གི་ངོ་བོའི་ཐོག་ནས་ལྟ་རྒྱུ་ལས་ཆོལ་ཁ་དང་ས་ཕྱོགས་ཀྱི་ཆ་ནས་མི་ལྟ་རྒྱུ་གལ་ཆེན་པོ་རེད། དེ་ཡིན་དུས་མི་སུ་ཡིན་རུང་ད་ནས་བཟུང་ཕྱོགས་རེས་དང་འཐེན་འཁྱེར་ཀྱི་སྐད་ཆའི་རིགས་དེ་འདྲ་མ་བཤད་རོགས་ཞེས་ངས་རེ་འདུན་ཞུ་གི་ཡོད།