ཨོ་རྒྱན་ཉི་མ།
དེང་སང་སྐྱ་སེར་གཉིས་ཀའི་ཁ་ན་ཚན་རིག་དང་། བསྡུས་གྲ་རེད། ཚན་རིག་དང་བསྡུས་གྲ་ཟེར་བ་དེ་ཚེ་འདི་བློ་བཏང་གི་བྱ་བཏང་བ་ཞིག་ལ་དགོས་པའི་རིག་གནས་ཤིག་མ་ཡིན་པ་ནི། ཚན་རིག་དང་། བསྡུས་གྲྭའི་ངོ་བོ་དང་། ཁྱད་ཆོས། བྱེད་ལས་དག་ལ་བལྟས་ན་རྟོགས་ནུས་པ་ཞིག་རེད། ཡང་འགའ་ཞིག་གིས་གྲྭ་བས་ཚན་རིག་སྦྱང་ན་མི་ལེགས་ཚུལ་སྨྲ་མཁན་ཡང་འདུག་མོད། གྲྭ་བས་ཚན་རིག་གཏན་ནས་སྦྱོང་མི་ཆོག་ཟེར་ན་མི་འགྲིགས་པ་རེད། ཚན་རིག་དང་ནང་ཆོས་གཉིས་གཤིབ་བསྡུར་གྱིས་ནང་པའི་ཆོས་ཀྱི་རིན་ཐང་རྟོགས་དགོས་པ་དང་། སློབ་གྲྭ་བས་བསྡུས་གྲ་སྦྱང་བ་དེ་གཅིག་ནས་རང་གི་རིག་གཞུང་ལ་རིན་ཐང་རྟོགས་པའི་ཆེད་རེད། བསྡུས་གྲྭ་སྦྱངས་ཏེ། ཆོས་པ་རྣམ་དག་ཅིག་ཆགས་པ་ལ་ཕན་ཐོགས་ཡོད་པར་མི་སེམས་ཀྱང་། དེས་སློབ་སྦྱོང་གི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་རྣམ་དཔྱོད་ཅིག་སྦྱིན་ནུས་པར་མ་ཟད། ལུགས་གཉིས་གང་ལའང་རྟོག་དཔྱོད་ཀྱི་རྩ་བ་འཛུགས་བྱེད་ཀྱི་གནད་གསང་ཞིག་རེད། བསྡུས་གྲྭ་སྦྱངས་མཁན་ཚོའི་ཤ་གསེང་ལྤགས་གསེང་ན་བཞུར་བཞིན་པའི་རྟོག་དཔྱོད་ཀྱི་འདུན་པ་དེ་སུ་ལས་རྣོ་བ་དང་། སུ་ལས་ཟབ་པས་ཚད་མ་སྦྱང་བའི་སྔོན་འགྲོ་བསྡུས་གྲྭ་རེད། ནང་ཆོས་ཀྱི་སྔོན་འགྲོ་ཚད་མ་རེད། བསྡུས་གྲ་དང་ཚད་མ་སྔོན་དུ་མ་སོང་བའི་ནང་ཆོས་ལ་མཁས་ཟེར་བ་ཚོས་ཆོས་ཀྱི་སྦྱང་པ་དེས་རང་གིས་ཆོས་ཉམས་སུ་བླངས་པ་ལ་ཕན་སྲིད་ཀྱང་། མཁས་པའི་ཚོགས་སུ་གཏམ་སྨྲ་བ་དང་། སློབ་བུ་དཔྱོད་ལྡན་བསྐྱེད་བསྲིང་བྱ་བ་ལ་ཕན་ཐོགས་དེ་ཙམ་མེད་པ་རེད། དེ་ཕྱིར་བསྡུས་གྲྭ་དང་། ཚན་རིག་སྦྱང་དགོས་ངེས་ཤིག་དང་། སྦྱངས་ཏེ་བོད་རང་གི་རིག་གཞུང་གི་རིན་ཐང་རྟོགས་པའི་ཐབས་ལམ་ཞིག་ཏུ་འགྱུར་སོང་ན། ཚན་རིག་སྦྱངས་པའི་གོ་ཆོད་པ་རེད། དེ་མིན་བོད་རང་གི་རིག་གཞུང་ལ་སྦྱང་འབྲས་ལེགས་པོ་མེད་པ་དང་། སྦྱང་མ་མྱོང་བ་ཞིག་གིས་ཚན་རིག་སྦྱང་ན་ཁོ་རང་གི་ལྟོ་གོས་ཙམ་ལ་ཕན་སྲིད་ཀྱང་། བོད་པའི་རིག་གཞུང་ལ་ཕན་ཐོགས་པ་ཁག་པོ་རེད། སྔོན་བྱོན་དམ་པ་གོང་མ་འགའ་ཞིག་གིས་བསྡུས་གྲྭ་དང་ཚད་མ་སྦྱངས་པ་ལ་བཀག་འགོག་བྱས་པ་དེ་ཡང་རྒྱུ་མཚན་གཏན་ནས་མེད་པ་ཞིག་ག་ལ་ཡིན། བསྡུས་གྲྭ་སྦྱང་ན་རྣམ་རྟོག་ཚད་མེད་དུ་འཕེལ་སྲིད་པས་རེད་ལ། དེ་ལས་ཀྱང་ཚན་རིག་སྦྱང་ན་རྣམ་རྟོག་འཕེལ་ངེས་པས། ཚན་རིག་དང་བསྡུས་གྲྭ་སྦྱངས་ཏེ། ཁ་ནང་དུ་བསྐོར་ཏེ་ཆོས་ཀྱི་མྱོང་བ་གསོན་པོ་རང་རྒྱུད་དང་སྦྱར་ཏེ་ཉམས་སུ་བླངས་ཐུབ་མཁན་དཀོན་པོ་རེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་ཆོས་པ་རེ་ཟུང་ལས་མེད་པའི་དབང་དུ་བཏང་རུང་། ཚན་རིག་དང་ཆོས་ཀྱི་ལྟ་གྲུབ་གཉིས་གཤིབ་བསྡུར་གྱིས་མཁས་པའི་ཚོགས་སུ་གཏན་ཚིག་ཡང་དག་གི་ལམ་ནས། ནང་པའི་ལྟ་གྲུབ་ཀྱི་ཁྱད་ཆོས་དག་གཙོར་འདོན་བྱ་བའི་ཐབས་ལམ་གཏིང་རུམ་དུ་ཟིམ་ནུས་པའི་རྒྱུ་མཚན་དང་འབྲེལ་བའི་ངག་གིས། མཁས་པ་མགུ་ནུས་པ་དང། བླུན་པོ་དགོད་ནུས་པའི་ཕུལ་བྱུང་གཏམ་གྱི་རོལ་མོ་མཁས་པའི་སྙན་དབང་དུ་སྒྲོག་ནུས་པ་དེ་ཡང་ཁྱད་ཆོས་ཤིག་རེད། དེ་ཕྱིར་གྲྭ་བས་ཚན་རིག་སྦྱངས་ཏེ་ནང་པའི་རིག་གཞུང་ལ་སྲི་ཞུ་སྒྲུབ་པར་རེ་བ་དེ། མདོ་སྔགས་རིག་གནས་དང་བཅས་པ་ཁོང་དུ་ཆུད་པའི་ཕུལ་བྱུང་གི་རྣམ་དཔྱོད་ཡོད་མཁན་ཞིག་ལ་བཅོལ་བ་ལས། ཚིག་འགྲེལ་ཆོད་ལ་མ་ཆོད་ཙམ་དང་། རྟགས་གསལ་མགོ་མེད་མཇུག་མེད་ཅིག་གཏོང་ཤེས་པ་ཙམ་གྱིས་ཕན་ཐོགས་ཡོད་ཚོད་མ་རེད། དེ་ལས་ཀྱང་ཚན་རིག་འདིས་འཛམ་གླིང་ཡོངས་རྫོགས་ཡོམ་ཡོམ་དུ་བསྒུལ་བཞིན་པ་དང་། སྲིད་འདིའི་འགྲོ་བ་མིའི་རིགས་ཕལ་ཆེ་བ་ཚན་རིག་ལ་དུང་བ་ཆེ་ཞིང་། ཚན་རིག་ལ་སྦྱང་དགོས་ཟེར་མཁན་མང་པོ་རེད། ཚན་རིག་གིས་འཇིག་རྟེན་འདིར་ཕན་གནོད་གཉིས་གང་བྱས་ཡོད་ཅེས་ཞིབ་མོ་བློ་ཡིས་བརྟགས་ན། ཕན་པ་ལས་གནོད་པ་ཆེ་བ་དང་། མིག་སྔར་མངོན་བཞིན་པའི་ཁྲ་ཁྲ་ཟིང་ཟིང་གི་དངོས་ཟོག་འདི་ཚོས་གནས་སྐབས་ཉེར་སྤྱོད་ལ་དཀའ་ངལ་དེ་ཙམ་མེད་པ་ལྟར་སྣང་ཡང་། དོན་དངོས་ལ་གཞིགས་ཏེ་བསམ་བློ་བཏང་བ་ཡིན་ན། ཕྱིའི་འཁོར་ཡུག་མི་བརྟན་པ་བཟོས་ཟིན་པ་རེད། ནང་གི་རྣམ་ཤེས་ལ་མི་བདེ་བའི་ཟུག་རྔུ་ཚད་མེད་སྦྱིན་ཚར་བ་རེད། དེང་སང་ས་ཆ་གང་སར་འགྲན་རྩོད་དང་། གཡུལ་འཁྲུགས། གྱེན་ལང་འདི་དག་རིག་གསར་ལས་བྱུང་བ་དང་། ས་འགུལ་དང་། དྲག་ཆར། ནད་ཡམ་ཚང་མ་ཚན་རིག་ལ་བརྟེན་ནས་བྱུང་བའི་ར་སྤྲོད་འབྱུང་བཞིན་བཞིན་ཡོད། དེ་ཕྱིར་ཚན་རིག་གིས་འཇིག་རྟེན་འདིར་ཕན་བདེ་གང་ཡང་བསྐྲུན་མེད།
སློབ་ཕྲུག་ཚོའི་ནང་ན་སློབ་སྦྱོང་བྱེད་སྟངས་སྣ་ཚོགས་རེད། ལས་དང་པོ་བ་ཞིག་ཡིན་ནས་བཟུང་དགེ་རྒན་གྱི་རྗེས་སུ་མ་འབྲང་ཐབས་མེད་རེད། རང་གི་རྣམ་དཔྱོད་དང་། དོ་སྣང་། མྱོང་བ་གང་ལ་ཆེ་བ་ཡོད་མེད་རང་སྟོབས་ཀྱིས་རྟོགས་ཐུབ་པ་ཁག་པོ་རེད། ཡིན་ན་ལོ་གསུམ་ཙམ་ལ་སྦྱངས་པ་བྱས་ཟིན་པའི་སློབ་ཕྲུག་ཅིག་དང་། སློབ་སྦྱོང་ལ་དོ་སྣང་ཆེ་བ་ཞིག་ཡིན་ནས་བཟུང་། རང་གི་རྒྱུད་དང་མཐུན་པའི་སློབ་སྦྱོང་བྱ་ས་དང་། སྦྱང་གཞི་དེ་ངོས་འཛིན་ཐུབ་ངེས་པས། དེ་ནས་བཟུང་རང་ཉིད་གང་ལ་མོས་པ་ཆེ་ན་དེ་ལ་འཛིན་དགོས་པ་དང་། དེ་ཉིད་ཚིག་དོན་མཐར་ཆགས་སུ་འགྲོལ་ནུས་པའི་ཡིད་ཆེས་ཁོང་ནས་རྙེད་པ་ཞིག་དགོས་ཚོད་རེད། གཞུང་གཅིག་གི་རྩ་བའི་གནད་ཡང་དག་པར་ཁྲོལ་སོང་ན་དེ་ནས་གཞན་པ་ཚོར་འཇུག་ན་ཡང་དེ་འདྲའི་ཁག་པོ་ཞིག་ཡིན་ཚོད་མ་རེད། གལ་སྲིད་དགོན་པའི་སྒྲིག་གཞུང་ལྟར་སྐབས་ཐོབ་ཀྱི་སྦྱང་གཞི་དག་ལ་འདྲ་མཉམ་ལས་དམིགས་བསལ་གྱིས་དམ་འཛིན་བྱ་མ་ཐུབ་རུང་། རྩ་བའི་འཛིན་རིམ་ཐོན་ཟིན་པའི་རྗེས་སུ་རིག་གཅིག་རྐང་འཛིན་གྱི་འཛིན་གྲྭ་ངེས་པར་དུ་ཡོད་དགོས་པར་སེམས། རིག་གཅིག་རྐང་འཛིན་ཀྱི་འཛིན་གྲྭ་ལ་བསླེབ་དུས་རྐང་འཛིན་པ་རང་གིས་དགེ་རྒན་དང་། སྦྱང་གཞི་འདེམས་པ་ལས། རྩ་བའི་འཛིན་རིམ་བཞིན་འགྲོ་དགོས་ཚོད་མ་རེད། དེ་ཕྱིར་རང་གི་རྣམ་དཔྱོད་དང་རྗེས་སུ་མཐུན་པའི་གཞུང་ཞིག་ལ་ཞུན་མཐར་བཅད་ཐུབ་སོང་ན། སྔར་གྱི་དམིགས་པ་མི་གསལ་བའི་མོག་མོག་དང་། རབ་རིབ་ཀྱི་སློབ་སྦྱོང་དེ་ཆེས་ཤིན་ཏུ་དང་བའི་མཁའ་ལ་ཉི་ཟེར་བཞིན། རང་གི་རྒྱུད་ཚོད་གཞལ་ནུས་པ་དང་། གཞན་ལ་ཕན་ཐོགས་ནུས་པ། ཆོས་བརྒྱུད་དང་། གྲུབ་མཐའ་ལ་སྨན་པ་ཞིག་ཡིན་ཚོད་རེད། དེ་ཕྱིར་རིག་གཅིག་རྐང་འཛིན་ཞེས་པའི་འཛིན་གྲྭ་ལ་དེང་སང་ཡོངས་གྲགས་ལྟར་ན་འབུམ་རམས་པའི་འཛིན་གྲྭ་དང་གཅིག་པ་རེད། རིག་གཅིག་རྐང་འཛིན་གྱི་སློབ་སྦྱོང་སྔོན་དུ་མ་སོང་ན་མི་བརྒྱའི་ནང་ནས་མཁས་པ་གཉིས་གསུམ་ལས་ཐོན་མི་ཐུབ་རུང་། རིག་གཅིག་འཛིན་གྲྭ་དམིགས་བསལ་ཞིག་འཛུགས་ཐུབ་སོང་ན་མི་བརྒྱའི་ནང་ནས་ཉུང་མཐའ་ཡང་མཁས་པ་བཅུ་དང་ཉི་ཤུའི་བར་བསྐྱེད་བསྲིང་བྱ་ཐུབ་ངེས་རེད། དེ་ཕྱིར་རིག་གཅིག་རྐང་འཛིན་ལ་ཚང་མས་ཤུགས་སྣོན་རྒྱག་དགོས་པར་སེམས། དགེ་ལྡན་པའི་ཕྱོགས་ཀྱི་ལྷ་རམས་ལོ་དྲུག་དེ་མིང་ཙམ་ལས་དོན་ལ་རིག་གཅིག་འཛིན་གྲྭ་རེད། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་མཁན་པོ་བསྐོ་བ་ལ། སྔར་ལས་བརྒྱ་འགྱུར་གྱིས་དཀའ་བ་དང་། རྒྱུགས་སྤྲོད་དང་། སྦྱང་འབྲས་ལེགས་དགོས་ཚུལ་ཐོས་པས་སྤྲོ་བ་བླ་ལྷག་ཏུ་འཕེལ། འདིའི་སྐོར་ཆོས་བརྒྱུད་གཞན་པ་ཚོས་ཀྱང་ཐུགས་ཞིབ་མ་གནང་ན། འཛིན་གྲྭ་ཐོན་པ་ཙམ་གྱིས་མཁས་པ་ཡིན་པས་མ་ཁྱབ་པ་དང་། མཁས་པ་དང་བླུན་པོ་གཉིས་གོ་ས་མཉམ་པ་དང་། དཔྱོད་ལྡན་དང་། གླེན་པ་གཉིས་དོ་མཉམ་པར་ཆགས་སོང་ན། ཆོས་དང་འཇིག་རྟེན་གཉིས་ཀའི་ཉམ་རྒུད་ཆེ་ཤོས་དེ་རེད། དབང་པོ་ཆེས་རྣོ་བའི་གང་ཟག་ཅིག་ལ་རིག་གཅིག་རྐང་འཛིན་ཞེས་པའི་དམིགས་བསལ་གྱི་སྦྱང་གཞི་ཞིག་མེད་ཀྱང་ཆོག་མོད། སློབ་ཕྲུག་བརྒྱ་ཆ་བརྒྱའི་ནང་གི་དགུ་བཅུ་གོ་ལྔའི་རྣམ་དཔྱོད་ནི་སྤྱིར་བཏང་ཞིག་རེད། ཁོ་ཚོས་རང་གི་རྣམ་དཔྱོད་ཀྱི་ཚད་གང་ལ་བསླེབ་པ་དང་། རང་གི་རྣམ་དཔྱོད་ངོ་བོ་རྟོགས་མཁན་དཀོན་པོ་རེད། དེ་ཕྱིར་རིག་གཅིག་འཛིན་གྲྭ་ནི་མེད་དུ་མི་རུང་བའི་སློབ་ཕྲུག་ཚོའི་རིན་ཐང་རང་གིས་རྟོགས་པ་དང་། གཞན་ལ་ངོམ་རིན་ཡོད་མེད་རྟོགས་པའི་ཆེད་དུ་རེད། འདི་འདྲའི་ལམ་ལུགས་དེ་མཐར་འཁྱོལ་སོང་ན། མཁས་པའི་མཁས་པའི་མདུན་དུ་མཛེས་ཞེས་པ་དང་། མཁས་པའི་རྣམ་དཔྱོད་མངའ་བའི་གང་ཟག་ཚོར་དམིགས་བསལ་གྱིས་རིན་ཐང་ཞིག་བསླེབ་ངེས་རེད། དེ་ནས་བཟུང་མཁས་བླུན་གཉིས་ཀྱི་གོ་ས་རྩོད་མི་དགོས་པར་ཡོན་ཏན་གྱིས་ཕྱེ་ནུས་པ་དང་། བླུན་པོ་ཚོའི་གཉའ་རང་བཞིན་ཆག་ངེས་ཡིན། དེ་ལྟར་མ་བྱུང་ཕྱིན་བླུན་པོ་ཧམ་སེམས་ཅན་ཚོས་མཁས་པའི་གོ་སར་འགྱིངས་ཏེ། བླུན་པོའི་རྗེས་སུ་བླུན་པོ་འབྲངས་ཏེ། མཁས་པ་ཚོར་རིན་ཐང་ཞིག་དུས་ནམ་ཡང་བསླེབ་མི་སྲིད་དོ། །མཁས་བླུནགཉིས་དབྱེ་མཚམས་ཕྱེ་བ་དེ་བླུན་པོ་ལ་སྡང་ཞིང་། མཁས་པ་ལ་གུས་པའི་རྣམ་འགྱུར་ཙམ་མ་ཡིན་པར་རང་གི་རིག་གཞུང་གི་རིན་ཐང་མཐོང་བ་དང་། མཁས་པའི་རྣམ་དཔྱོད་དེས་གཞན་ལ་ཕན་ཐོགས་པའི་ཆེད་དུ་རེད། ཆོས་དང་འཇིག་རྟེན་གང་ཡིན་ཡང་ཁྲིམས་དང་། སྒྲིག་ལམ་རང་ས་ཡོད་པ་དག་མཁས་བླུན་གཉིས་ཀའི་བརྩི་སྲུང་བྱ་དགོས་ནི་གཅིག་མཚུངས་རེད། མཁས་པས་སྒྲིག་ཁྲིམས་སྲུང་མི་དགོས་ལ། བླུན་པོས་སྲུང་དགོས་པའི་དམིགས་བསལ་ཞིག་ལུགས་གཉིས་ཀྱི་གནས་ལུགས་ཡང་དག་ཁོང་དུ་ཆུད་པའི་ངོར་ཡོད་ཚོད་མ་རེད།
ཀློག་བདེ་པོ་ཞིག་འདུག འོན་ཀྱང་བརྗོད་བྱའི་ངོ་བོར་སེམས་ཚེ་འདི་ཕྱི་གཉིས་ཀའི་ཕྱོགས་ལ་རྒྱུས་མེད་ཞིག་གི་གཏམ་ཁོ་ནའོ།
ཧཧཧ་ངོ་མ་དང་པོ་གྲྭ་པ་ལོག་ཀྱང་ད་དུང་གྲྭ་པ་ལ་སློབ་གསོ་སྐྱོང་གི་ཡོད་པ་ངོ་མ་ངོ་ཚ་མེད་པ་རང་རེད་མི་འདི་འདྲ་ཡོད་ལས་མེད་ན་དགའ་