གནས་ཚུལ་མཁོ་འདོན་པཿ ཁྲི་གཡུང་དྲུང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མི་འགྱངས་པར་བོན་གཞིས་ཐོབ་རྒྱལ་གསར་པ་རུ་སྐོར་བསྐྱོད་གནང་འཆར་ཡོད་པ་ཐོས་འཕྲལ། ཕྱི་ལོ་༢༠༡༢ཟླ་༨ཚེས་༢༠ཉིན་བོན་གཞིས་ས་གནས་འགོ་འཛིན་རྒན་ཆེན་ཚང་གཡུང་དྲུང་འཆི་མེད་ལགས་དང་། ས་འཐུས་ཚོགས་གཙོ་བ་ར་ཚེ་དབང་བཀྲ་ཤིས་ལགས་རྣམ་གཉིས་ནས་ཆེད་དུ་ས་གནས་ཚོགས་པ་ཁག་གི་འཐུས་མི་རེ་གདན་ཞུས་ཀྱིས་༼བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་༽ཞེས་པ་ཞིག་གསར་འཛུགས་ཞུས་ཡོད་པ་རེད།
ཟླ་འདིའི་ཚེས་༢༤ཉིན་རྒྱ་གར་བྱང་ཁུལ་གྱི་བདེན་པའི་མེ་ལྕེ་ཤིམ་ལ་རུ་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། གོང་ཚེས་ ༢༤ ཉིན་སོ་ལན་བོན་གཞིས་ས་གནས་སུ་འབྱོར་ཡོད་པ་དང་། སྐབས་དེར་བོན་གཞིས་ས་གནས་གཞིས་འགོ་དང་། བོན་གཞིས་ས་འཐུས་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་མི། བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཞོན། གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྐུ་ཚབ། བོན་གཞིས་སྨན་རི་གྲྭ་ཚང་གི་སྐུ་ཚབ། ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ། བོན་གཞིས་བཙུན་དགོན་གྱི་སྐུ་ཚབ། གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། བོན་བུ་ཁྱིམ་ཁང་གི་སྐུ་ཚབ་དང་ས་གནས་འཕྲོད་ལས་པ་བཅས་ཀྱི་གྲུབ་པའི་“བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་”ནས་ས་གནས་ཨོ་ཇི་སྒར་དུ་བདེན་པའི་མེ་ལྕེ་ཕེབས་བསུ་ཞུས་ཏེ་བོན་གཞིས་སྔགས་དགོན་དུ་སྨན་རིའི་བཤད་སྒྲུབ་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་སེར་སྐྱ་ཡོངས་ནས་བསྟར་ཕྲེང་སྒྲིག་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་༢༥ཉིན་གྱི་སྔ་དྲོ་ནས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་ས་གནས་ཉིན་སློབ་ཏུ་སྐོར་བསྐྱོད་སྐབས་ས་གནས་ཉིན་སློབ་ཀྱི་སློབ་སྤྱི་དབུས་པའི་དགེ་སློབ་ཡོངས་ནས་ཕེབས་བསུ་ཞུས། གོ་སྒྲིག་ཚོགས་ཆུང་ནས་ངོ་སྤྲོད་གསལ་བཤད་དང་ས་རྟགས་བསྡུ་རུབ་བྱས། ཕྱི་དྲོར་༧དཔལ་གཤེན་བསྟན་སྨན་རིའི་དཔེ་མཛོད་དུ་བཤད་སྒྲུབ་མཁན་རིན་པོ་ཆེ་དང་གཞིས་འགོ་རྣམ་གཉིས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་འདུས་མང་གྲྭ་ཚང་ཡོངས་ལ་ངོ་སྤྲོད་དང་མཚན་རྟགས་བསྡུ་རུབ་ཞུས། ཕྱི་ཚེས་༢༦ཉིན་བོན་གཞིས་ཚོགས་ཁང་དུ་བོན་གཞིས་མང་ཚོགས་ཡོངས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་དེའི་དགེ་མཚན་དམིགས་ཡུལ་སོགས་སྐུ་ངོ་གཞིས་འགོ་ལགས་ནས་གཏམ་བཤད་ངོ་སྤྲོད་དང་མང་ཚོགས་ཡོངས་ཀྱི་མཚན་རྟགས་བསྡུ་རུབ་ཞུས། ཉིན་རྒྱབ་བོན་གཞིས་བཙུན་དགོན་རད་ན་སྨན་གླིང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཞུ་སྐབས་ཀྱང་བཙུན་དགོན་གྱི་དགེ་སློབ་ཡོངས་ནས་ཕེབས་བསུ་དང་། གོ་སྒྲིག་ཚོགས་ཆུང་ནས་ངོ་སྤྲོད་དང་ས་རྟགས་བསྡུ་རུབ་ཞུས་ཡོད་པ་རེད།
ཕྱི་ཚེས་༢༧ཉིན་གྱི་སྔ་དྲོར་“བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་”ཁག་བགོས་ཀྱིས་སོ་ལན་(Solan)གྲོང་ཁྱེར་དུ་བདེན་པའི་མེ་ལྕེ་ངོ་སྤྲོད་དང་རྒྱ་གར་ཡུལ་མི་ཁག་གི་ས་རྟགས་བསྡུ་རུབ་མཛད། ཕྱི་དྲོ་ཕྱག་ཚོད་ལྔ་པའི་ཐོག་“བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་”གིས་སྣེ་ཁྲིད་འོག་སོ་ལན་(Solan)གྲོང་ཁྱེར་དུ་སྨན་རིའི་གྲྭ་ཚང་གི་དགེ་འདུན་ཡོངས་དང་། བོན་གཞིས་མི་མང་དང་། ས་གནས་ཉིན་སློབ་ཀྱི་འཛིན་གྲྭ་ལྔ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་ཡོངས། ཁུ་ནུ་བའི་བདེ་སྡུག་ཚོིགས་པའི་འགན་འཛིན་དང་ཚོགས་མི་རྣམས་པ། སོ་ལན་ནོར་གླིང་ཁྲོམ་སའི་ཚོང་ལས་མི་མང་རྣམས་པ། རྒྱ་གར་ས་གནས་ཡུལ་མི་རྣམས་པ་བཅས་མི་ཚོགས་མཉམ་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་། ངོ་སྤྲོད་གསལ་བཤད་ཡིག་ཐོག་ལ་ཡོད་པ་ཧིན་ངྷི་དང་དབྱིན་ཡིག་སོགས་སྟོང་ཕྲག་མང་པོ་ཁྱབ་སྤེལ་གྲུབ་མཐར་སེར་སྐྱ་མི་ཚོགས་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་བཅས་ཀྱིས་མཐར་བརྒྱན་ཏེ་མཇུག་བསྡུས་ཡོད།
ཕྱི་ཚེས་༢༨ ཉིན་“བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་”གི་ལས་སྣེ་རྣམས་ནས་བདེན་པའི་མེ་ལྕེ་ས་གནས་བོན་གཞིས་ནས་སོ་ལན་གྲོང་ཁྱེར་བརྒྱུད་ཅན་ངྷི་གྷར་ལ་ཕེབས་སྐྱེལ་གྱིས་བོད་མི་མང་སྤྱི་འཐུས་པད་མ་འབྱུང་གནས་ལགས་སུ་རྩིས་འབུལ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།
བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས།༢༠༡༢།༨།༢༨ཉིན།
བོན་གཞིས་མི་མང་གཟི་བརྗིད་ལྡན་པ་འདུག་བཀའ་དྲིན་ཆེ་ཞུ།
བོན་གཞིས་སྐྱ་སེར་ཡོངས་དང་བོན་གཞིས་ཉི་སློབ་གྱི་སློབ་མ་བཅས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱིས་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བ་ལ་དགའ་བསུ་དང་ཡི་རང་ཡོད།
དཔེ་ཡག་པོ་རེད་་་་་རྗེས་སུ་ཡི་རངས་ཞུ
དཔེ༌ཡག༌པོ༌རེད༌ང༌ཚོ༌ཚང༌མ༌གཅིག༌ཏུ༌སྒྲིལ༌ནས༌འབད༌དགོས།