ཕྱི་ལོ་༢༠༡༢་ཟླ་༨་པའི་ཚེས་༢༩་ཉིན། རེས་གཟའ་ལྷག་པ།
གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།
བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱལ་སྤྱིའི་རང་བཞིན་གྱི་གནོན་ཤུགས་འོག་བོད་ནང་གི་ད་ལྟའི་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་ཇུས་མཇུག་བསྒྲིལ་ཡོང་བར་འབོད་སྐུལ།
རེས་གཟའ་ཟླ་བའི་ཉིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ཤར་སྒོའི་འགྲམ་ནས་རང་ལོ་༡༨་ཙམ་ཡིན་པའི་གྲྭ་བློ་བཟང་སྐལ་བཟང་།རང་ལོ་༡༧་ཙམ་ཡིན་པའི་གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་བུ་དམ་ཆོས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གི་སྡུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་དང་། ཕྱི་ལོ་ཉིས་སྟོང་དགུ་ནས་བརྩིས་ན་ད་ལྟའི་ཆར་རྒྱལ་གཅེས་དཔའ་བོའི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་ལྔ་བཅུ་ང་གཅིག་བརྒལ་ཡོད་པ་རེད། “རྒྱ་ནག་གཞུང་གི་མི་སྤྱོད་ལས་འདས་པའི་དྲག་ཤུགས་ཀྱི་སྲིད་བྱུས་ལ་བོད་མི་ལྔ་བཅུ་ལྷག་གིས་རང་ལུས་མེར་བསྲེགས་ཀྱི་ངོ་བོའི་ཐོག་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་བྱུང་ཡོད། རྒྱ་ནག་སྲིད་གཞུང་དང་པེ་ཅིན་གྱི་དཔོན་རིགས་ཚོར་ད་ལྟའི་བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་དེ་མཇུག་བསྒྲིལ་ཐུབ་པའི་ནུས་པ་ཡོད་ལ། གལ་ཏེ་ཁོང་ཚོས་བོད་ནང་གི་ས་ཁུལ་ཁག་ཏུ་རྟེན་གཞི་བྱས་པའི་དམག་མི་རྣམས་ཕྱིར་འཐེན་བྱས་པའམ་ཡང་ན། ད་ལྟའི་མཁྲེགས་འཛིན་གྱི་སྲིད་བྱུས་དེ་བསྒྱུར་བཅོས་བཏང་བ་ཡིན་ན། བོད་མི་ཚོའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་ཡང་ལམ་སེང་མཚམས་འཇོག་ཡོང་ངེས་རེད། འོན་ཀྱང་ཡིད་སྐྱོ་བ་ཞིག་ནི་རྒྱ་ནག་གཞུང་གིས་སྔར་ལས་ལྷག་པའི་དཔུང་ཤུགས་དང་རྩུབ་སྤྱོད་བེད་སྤྱད་དེ་བོད་མི་ཚོར་མནར་གཅོད་ཚད་མེད་གཏོང་བའི་ལས་གཞི་འགོ་འཛུགས་བྱས་ཡོད་”ཅེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་རྡོ་རྗེ(བསྟན་རྡོར)་ལགས་ཀྱིས་བརྗོད་སོང་། “ད་ལྟའི་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བསྟུད་མར་འབྱུང་བཞིན་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ནོར་བ་ཡིན་པའི་རྟགས་མཚན་གསལ་བོ་རེད་ལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་འཛམ་གླིང་གི་རྒྱལ་ཁབ་ཚང་མས་ཆིག་སྒྲིལ་གྱི་ངོ་བོའི་ཐོག་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་སྲིད་གཞུང་གི་སྡུག་རྩུབ་ཀྱི་བྱ་སྤྱོད་ཅི་རིགས་མཚམས་འཇོག་བྱེད་དུ་འཇུག་པའི་འབོད་སྐུལ་ཞུ་བཞིན་ཡོད་”ཅེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་བརྗོད་སོང་། ཁོ་མོས་མུ་མཐུད་ནས་“བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཛ་དྲག་ཏུ་འགྲོ་གི་ཡོད་ཀྱང་རྒྱ་གར་གཞུང་གི་ངོས་ནས་དུས་ད་ལྟའི་ཆར་གནད་དོན་དེའི་སྐོར་ལ་གླེང་སློང་གང་ཡང་མ་བྱས་པར་བློ་ཕམ་ཡོད་ལ། ང་ཚོས་འདིར་རྒྱ་གར་གཞུང་གི་ངོས་ནས་བོད་ཀྱི་ད་ལྟའི་གནས་བབ་ཐོག་མིག་མཐོང་ལག་ཟིན་གྱི་རྒྱབ་སྐྱོར་རྣལ་མ་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་སོང་། བོད་མི་ཚོས་རང་ལུས་མེར་བསྲེགས་བྱེད་པ་ནི་རྒྱ་ནག་གཞུང་གི་དྲག་རྩུབ་ལ་རྒོལ་བའི་ཚད་མཐོའི་རང་བཞིན་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་ལ། འདས་པའི་ལོ་གཅིག་གི་ནང་དུ་བོད་མི་༤༩་ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཕྱི་ལོ་༢༠༡༢་ལོའི་ཟླ་༨་པའི་ནང་གཅིག་པུར་ཉུང་མཐར་ཡང་བོད་མི་༧་ལྷག་གིས་དེ་བཞིན་གྱི་ལས་འགུལ་སྤེལ་ཡོད་ལ། རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲས་ནས་དུས་ད་ལྟའི་ཆར་བོད་མི་༤༠་ཙམ་འདས་གྲོངས་སུ་ཕྱིན་ཡོད། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོའི་ཐོག་ལ་ཡང་ཧ་ཅང་ཐབས་སྡུག་གི་རྩུབ་སྤྱོད་སྤེལ་ཡོད་ལ། དཔེར་ན་རང་ལུས་མེར་བསྲེགས་གཏོང་མཁན་ཁ་ཤས་ལ་དྲག་ཆས་མི་སྣས་རྡུང་རྡེག་ཚད་མེད་བཏང་ཡོད། ད་དུང་དེ་ཙམ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་ས་ཁུལ་ཁྱོན་ཡོངས་ལ་དམག་མི་འབོར་ཆེན་སྤོས་ནས་བོད་མི་ཚོའི་ཉིན་རེའི་བྱ་བཞག་ཡོད་ཚད་ལ་སོ་ལྟ་དང་ཚོད་འཛིན་ནན་མོ་བྱེད་ཀྱིན་ཡོད། ཡིན་ཡང་རྒྱ་ནག་གཞུང་གིས་རྒོལ་རྡུང་ཅི་འདྲ་བྱེད་མིན་ལ་མ་ལྟོས་པར། ཟླ་འདིའི་ཚེས་༡༣་ཉིན་བོད་མི་གཉིས་ཀྱིས་རང་ལུས་མེར་བཏང་རྗེས་ཨ་མདོ་རྔ་བའི་ནང་དུ་བོད་མི་མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེན་ཐེངས་ཁ་ཤས་བྱས་ཡོད་ལ། དེ་བཞིན་ཚེས་༡༤་ཉིན་ཨ་མདོ་རེབ་གོང་ནས་ཀྱང་མང་ཚོགས་བརྒྱ་ཕྲག་བརྒལ་བ་ལྷག་གིས་རྒྱ་ནག་གི་ཉེན་རྟོག་མི་སྣས་བོད་མི་ཚོར་དོན་མེད་གཅེར་རྡུང་བྱས་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད། “ང་ཚོས་དེ་རིང་འདིར་རྒྱ་གར་གཞུང་ཡང་འཛམ་གླིང་གི་སྲིད་གཞུང་ཚང་མ་དང་ལྷན་དུ་ལངས་ནས་ཁྱབ་རྒྱ་ཆེ་ལ། ནུས་ཤུགས་ལྡན་པའི་རྒྱལ་སྤྱིའི་རང་བཞིན་གྱི་དཔུང་སྡེ་ཆེན་པོ་ཞིག་བསྐྲུན་ཏེ་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་སྤྲད་པའི་ཐོག་ད་ལྟའི་བོད་ནང་གི་རྒྱ་གཞུང་གི་སྲིད་ཇུས་དེ་བསྒྱུར་བཅོས་མི་གཏོང་ཐབས་མེད་ཆགས་ཏུ་འཇུག་པའི་འབོད་སྐུལ་ཞུ་བཞིན་ཡོད་”ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང་། ཁོས་ད་དུང་མུ་མཐུད་ནས་“ང་ཚོས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེ་སི་ཨེའམ་་་ཁིར་ཞི་ན་མཆོག་གི་ངོས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཐོག་ལ་དངོས་ཡོད་ཀྱི་རྒྱབ་སྐྱོར་ཡོང་བར་རྒྱ་གར་རང་བཙན་ཉིན་མོ་ནས་བཟུང་དྲ་ཐོག་དང་ཡིག་ཐོག་གཉིས་ཀའི་ལམ་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་མུས་ཡིན་ལ། རྒྱ་གར་གྱི་གཞོན་སྐྱེས་སྟོང་ཕྲག་ལྷག་གི་བོད་དོན་ལ་རྒྱབ་སྐྱོར་མཚོན་པའི་མཚན་རྟགས་དེ་དག་གྷན་ངྷའི་འཁྲུངས་སྐར་ཉིན་བློན་ཆེན་མཆོག་གི་ཡིག་ཚང་ལ་འབུལ་འཆར་ཡོད་”ཅེས་བརྗོད་སོང་།
དེ་རིང་གི་ལས་འགུལ་དེ་ཨ་རི་དང་། ཁེ་ན་ཌ། དབྱིན་ཡུལ་སོགས་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྤེལ་ཡོད་པ་དང་། ད་དུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ངྷ་རམ་ས་ལ་སོགས་སུ་ཡང་ལས་འགུལ་འདྲ་མིན་སྤེལ་ཡོད། རྡ་རམ་ས་ལར་ཆ་མཚོན་ལས་འགུལ་དངོས་གཞི་དེ་ཞོགས་པའི་ཆུ་ཚོད་༡༡་ཐོག་གསར་འགོད་པ་དང་མི་ཚོགས་བརྒྱ་ཕྲག་བརྒལ་བ་འདུས་བའི་མེག་གྷན་གྱི་ཁྲོམ་གཞུང་དཀྱིལ་དུ་སྤེལ་ཡོད་ལ། བོད་མི་༥༡་གིས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོའི་སྐུ་པར་བཟུང་ནས་ཁྲོམ་གཞུང་དུ་ཉལ་ཏེ་འཆི་བའི་རྣམ་པ་བསྟན་པ་དང་། ད་དུང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་བརྒྱད་ཀྱིས་ཤུལ་ལུས་བོད་མི་ཚོར་བཞག་པའི་ཁ་ཆེམས་རེ་རེ་བཞིན་དེར་འདུས་ཀྱི་མང་ཚོགས་དང་གསར་འགོད་པ་ཚོར་ཀློག་འདོན་བྱས་ཡོད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་རྭ་བའི་ཕྱི་ནང་གཉིས་སུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་དག་གི་དཔར་རིས་འཁྱེར་ཏེ་གོམ་བགྲོད་བྱས་ཡོད་ལ། དེའི་ཞོར་དུ་མཐོ་སློབ་ཀྱི་དགེ་རྒན་དང་སློབ་མའི་ས་ནས་མཚན་རྟགས་བརྒྱ་ཕྲག་བརྒལ་བ་བསྡུ་ཐུབ་པ་བྱུང་ཡོད། དེའི་སྐོར་གྱི་བརྙན་པར་ཐུང་ངུ་ཞིག་ཡོད་པ་ལ་གཟིགས་ན་དྲ་ཐག་འདིའི་ཐོག་ལ་བསྣུན་http://www.youtube.com/watch?v=etJNBORa_wA
དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཚོགས་པ་ཁག་གི་ཚོགས་མི་ཚོས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ལ་དམིགས་ནས་འཛམ་གླིང་གི་ས་ཆ་གང་སར་དུས་གཅིག་ཏུ་རྣམ་པ་མི་འདྲ་བའི་ལས་འགུལ་གང་མང་ཞིག་སྤེལ་ཡོད་ལ། མི་འགྱངས་པར་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ཕྱི་སྲིད་བློན་ཆེན་དག་གི་ངོས་ནས་སླེབས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་བོད་དོན་ཐོག་མཉམ་རུབ་ཀྱི་རྒྱབ་སྐྱོར་ཡོང་བར་ཟླ་༩་པའི་ཚེས་༥་ཉིན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཉིན་མོ་ཁྲོད་དུ་ཡང་སྣེ་ཁྲིད་དང་མཉམ་ཞུགས་བྱེད་རྒྱུའི་དམ་བཅའ་བརྟན་པོ་བཅངས་ཡོད། རྒྱལ་སྤྱིའི་རང་བཞིན་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་ང་ཚོའི་ལས་འགུལ་ཁག་ལ་གྲུབ་འབྲས་ཆེན་པོ་སྨིན་གྱི་ཡོད་ལ། ཉེ་ཆར་ཨ་རིའི་གྲོགས་ཚོགས་ཀྱི་ཚཽགས་མི་ཧྥི་རན་ཁི་་བོལ་ཧྥུ་དང་ཇེམ་སི་་མེད་ཁི་གྷ་བིན་གཉིས་ཀྱིས་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལེད་རེ་་ཁི་ལིན་ཌོན་ལ་དམིགས་བསལ་ཕྱག་འཕྲིན་བཏང་ནས་རྒྱལ་སྤྱིའི་བོད་དོན་ཚོགས་འདུ་ཞིག་བསྐོང་དགོས་བའི་རེ་སྐུལ་ཞུ་ཡོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་བོད་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་ཡོད་པའི་རྒྱལ་མང་རང་བཞིན་གྱི་རུ་ཁག་ཅིག་ཀྱང་རྩ་འཛུགས་བྱེད་དགོས་སྐོར་གྱི་གྲོས་འགོ་ཡང་བཏོན་ཡོད་པ་རེད།
ད་ནས་བཟུང་རྒྱབ་སྐྱོར་བའི་མཚན་རྟགས་བསྡུ་རུབ་བྱེད་པ་གཅིག་པུར་མི་ཕན་པར་གསལ་བོ་རེད་་་་་་་་་་་་་་་ཉིན་མ་དེ་རིང་ནས་བཟུང་སྟེ་བཙན་བྱོལ་བའི་བོད་མི་ཚོས་་་་་་་་་་་་འཛམ་གླིང་གང་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུབོད་མའི་ལྔ་བཅུ་ལྷག་ཙམ་གྱིས་རང་ལུས་ཕང་མེད་དུ་བསྲེགས་པ་དེ་ལ་གདུང་སེམས་མཉམ་སྐྱེད་ཆེད་དུས་ཚོད་ངེས་མེད་ཐོག་སྐད་འབོད་བྱེད་དགོས་རྒྱུ་ནི་ཕྲག་ཏུ་བབ་པའི་ལས་འགན་རེད་་་་་་་་་་་ལས་འགུལ་དེ་ཡིས་བོད་དོན་ཐག་མི་ཆོད་ཀྱང་ཁྱབ་སྒྲགས་རང་བཞིན་གྱིས་འགྲོ་ངེས་རེད་་་་་འགྲོ་སྐྱབས་བཅོལ་བ་ཚོ་་་་་་་་རྒྱ་ནག་གཞུང་ཚབ་མདུན་དུ་སྐད་འབོད་བྱེད་དུ་འགྲོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སློབ་ཕྲུག་རང་དབང་ཚོགས་པ་འདི་ལ་དཀའ་ངལ་ཅིག་ཡོད་པ་རེད། དེ་རོགས་སྐྱོར་ག་ཚོད་ཞུས་མིན་བོད་མི་མང་ལ་རྩིས་ཕྲ་སྟོན་གྱི་མེད་པ་དེ་རེད། ངས་གོ་ཐོས་བྱས་ན་ཨ་སྒོར་ས་ཡ་ཁ་ཤས་བླངས་འདུག་ཟེར། ཁོང་ཚོའི་ལས་བྱེད་ཚོས་ཟླ་ཕོགས་ཀྱི་ཆེད་ནང་ཁུལ་མ་འཆམ་པའང་ཡོང་བཞིན་འདུག་ན། བསྟན་རྡོར་སོགས་ཀྱིས་ཡིན་གཅིག་མིན་གཅིག་བྱུང་སོང་དངུལ་རྩིས་མི་མང་ལ་སྤྲོད་དགོས་པ་རེད་འདོད། དེ་མིན་ཁྱེད་ཚོའི་ཁེ་ཕན་མེད་ན་བོད་དོན་ལས་ཀ་མི་བྱེད་པའི་གོམས་གཤིས་དེ་བསྒྱུར་ཁག་པོ་རེད། གཞོན་ནུ་ལའང་པེད་ཤག་ཐོག་དཀའ་ངལ་གཅིག་ཐོག་གཉིས་བརྩེགས་རེད། དེ་རྣམས་ཚང་མས་ཤེས་བར་གྱིས།། ཤ་ཚ་བའི་གཏམ་ཡིན་སྟབས་ཐུགས་ཕོག་མེད་པ་ཞུྲ།
གོང་ནས་གསུངས་བ་དེ་དག་བདེན་པ་རེད་ཡིན་ན་ཡང་ད་ང་ཚོའི་བཙན་བྱོལ་བ་ཞིག་ལ་མཚོན་ན་སྒྲུབ་འོས་བ་ཞིག་དང་སྒྲུབ་ཐུབ་པ་སྟེ་ལས་འགུལ་འདྲ་མིན་སྤེལ་དགོས་བ་དེ་དངོས་ཡོད་རེད་ལས་འགུལ་དེ་ཡང་ནུས་བ་ཐོན་ཤ་སྟག་ཞིག་དང་ཕན་ནུས་ཡོད་ཤ་སྟག་ཞིག་ལ་ཤུགས་རྒྱག་དགོས་བ་ཡང་དངོས་ཡོད་རེད་ལས་འགུལ་གང་སྤེལ་ན་ཡང་དེ་དག་ལ་ང་ཚོའི་རྒྱབ་སྐྱོར་བྱེད་བ་དང་རྡོག་རྩ་གཅིག་ཏུ་ཡོད་དགོས་བ་གལ་ཆེན་པོ་མཐོང་སོང་དྲ་གྲོགས་དག་ཚོགས་པ་གང་དང་གང་གིས་ལས་འགུལ་སྤེལ་ན་དེ་དག་ལ་སྐྱོན་བརྗོད་མི་བྱེད་པ་ངས་རེ་བ་ཡིན།
པ་སངས་ཆོས་དབྱངས་ལགས། སློབ་ཕྲུག་རང་བཙན་ཚོགས་པ་འདི་ཨ་རིར་དེབ་སྐྱེལ་བྱས་པས་ཚོགས་པ་ལུགས་མཐུན་ཞིག་རེད། དངུལ་རྩིས་ཡོངས་གྲགས་ཁྱབ་བསྒྲགས་བྱས་རུང་མ་བྱས་རུང་ཨ་རིའི་གཞུང་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པའི་རྩིས་ཁྲ་འགྲོ་སྟངས་ཆ་ཚང་ལ་བརྩི་བསྐུར་ཞུ་དགོས་པ་དང་ཞུ་མཁན་ཞིག་རེད། མ་ཟད་ཁེ་བབ་མེད་པའི་ཚོགས་གྲས་ཡིན་དུས་ལོ་རེའི་ཡོངས་བབ་ཆ་ཚང་གཞུང་ཀྱི་སྒྲིག་གཞི་ལྟར་འགྲོ་དགོས་པའི་དེ་འདྲི་དངུལ་ཟའི་དོག་པ་བྱེད་དགོས་མ་རེད། དེ་ལས་ནོར་གླིང་རིག་གཞུང་དང་དེ་མིན་གཞུང་མིན་སྒེར་མིན་གྱི་ཚོགས་པ་དག་གི་རྩིས་ཁྲ་ལ་ཉམས་ཞིབ་བགྱིས།
ང་ཚོས་ད་བར་ལས་འགུལ་ག་ཚོད་སྤེལ་ཀྱང་བོད་ནང་ལ་ཕན་ཐོགས་འདི་བྱུང་སོང་ཟེར་ནས་མཛུབ་མོ་གཟུགས་ས་གཅིག་ཀྱང་མེད་པ་ག་རེད་ཡིན་ནམ། ད་བོད་མིའི་སྒྲིག་འཛུགས་སོགས་བོད་ནང་ལ་ཕན་ཐོགས་ཡོད་པའི་ལས་ཀ་ཞིག་བྱ་རན་ཐག་ཆོད་བྱུང་། ཕན་ཐོགས་མེད་པའི་ལས་འགུལ་དེ་ཚོར་ཆོ་མི་འདུག
རྡ་སའི་རྔ་བའི་གྲྭ་གཟུགས་དེ་ཚོར་ལ་ལས་འབྲས་ཟེར་བ་མི་འདུག་ག ཕ་ཡུལ་རྔ་ཡུལ་དེ་དམྱལ་བ་གསོན་པོ་རུ་བཟོས་སོང་ང་། མ་ཤི་གསོན་བསྲེག་སོང་བའི་ཤི་བོ་དེ་ཚོ་སྙིང་རེ་རྗེ། བཙན་བྱོན་བ་ཚོས་རྒྱལ་བ་རིན་པོ་ཆེ་རྩེད་ཆས་བྱེད་པ་མ་ཡིན་ནམ། ད་འཚམས་འཇོག་དགོས་ན་རྒྱལ་བ་རིན་པོ་ཆེས་གསུང་འབྱོན་དགོས་པ་རེད། དེ་མིན་ཐབས་གཞན་མེད་པ་རེད།
རྒྱལ་བ་རིན་པོ་ཆེས་སྔ་ཙམ་གསུངས་ཅིག་བྱོན་ཐུབ་ན་ཡག་པོོ་རེད་། དེ་མིན་རྗེས་མ་ཐུགས་འགྱོད་སྐྱེ་ངེས་རེད།
འདྲེ་ནག་གིས་གསུངས་པ་བཞིན་རེད་། ཕན་པ་མེད་ཐོག་གནོད་པ་རྐྱང་རྐྱང་བཟོས་ཡོད་། དེས་ན་འདི་ལ་ཡང་བསྐྱར་ཞིབ་ཅིག་བཟོ་རན་། བོད་ས་དམག་གིས་གང་བ་དང་། དྲག་ཆས་ཉེན་རྟོག་པས་ནམ་རྒྱུན་སུན་གཙེར་། འགྲོ་བསྐྱོད་གི་དཀའ་ངལ། གནས་སྡོད་གི་དཀའ་ངལ་།
ཀརྨ་ཡེ་ཤེས་ཡིན་ནམ་ཟེར་མཁན་ཞིག་གིས་ཀིརྟི་གྲྭ་ཚང་ལ་ཁ་ཞེད་པོ་ཞིག་གཏོང་ཁུལ་བྱས་འདུག སྤྱིར་ང་ཚོས་ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་ཚུལ་འདི་ད་ལྟ་ང་ཚོས་སྤེལ་བཞིན་པའི་ལས་འགུལ་འདི་དག་གིས་ཕན་ཐོགས་མེད་པ་དངོས་ཡོད་ཡིན་མོད། འོན་ཀྱང་འདི་ལྟར་ཆེས་ཛ་དྲག་ཏུ་གྱུར་པ་ནི་རྒྱ་དམར་ཀླ་ཀློས་
བཟོས་པ་འཛམ་གླིང་མི་མང་ཚང་མས་མཁྱེན་གསལ་རེད། དེ་མིན་ཞྭ་དམར་ཟེར་བའི་པག་ཊི་ཞིག་ཡོད་རབས་གདའ་བ་དེས་བྱས་ཡོད་ན་ལས་གཞན་སུས་ཀྱང་ཡོད་མ་རེད་ཤེས་སོང་ངམ། ཕྲན་གྱིས་གོང་དུ་ཞུས་པ་དེ་ང་ཚོ་ཚང་མ་བོད་པ་ཡིན་པས་བོད་ནང་གི་ད་ལྟའི་ཆེས་ཛ་དྲག་གི་གནས་སྟངས་འདི་སྐྱོབ་ཐབས་གང་འདུག་བལྟ་དགོས་ཞུས་པ་ལས། བོད་མིའི་སྒྲིག་འཛུགས་སོགས་ལ་ཁ་བཏང་བ་ཞིག་གཏན་ནས་མིན་པ་འདི་མཁྱེན་དགོས།
པ་སངས་ཆོས་དབྱངས་ལགས། བོད་རང་བཙན་དེ་འདྲའི་ཐབས་སྡུག་པའི་གནས་སྟངས་ལ་སླེབས་མེད། ཁོང་ཚོར་ཕྱི་རྒྱལ་གྱི་རོགས་སྐྱོར་ཡོད་པ་བདེན་པ་རེད། ཕྱི་རྒྱལ་གྱི་རོགས་སྐྱོར་ལེན་གྱི་མེད་པའི་བོད་པའི་ཚོགས་པ་ཞིག་གང་ན་ཡོད། ཡིན་ཡང་ཁྱོད་ཀྱིས་ཞིབ་ཏུ་དཔྱད་ཡོད་ན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རོགས་སྐྱོར་ལེན་སྟངས་ལ་དམིགས་བསལ་ཁྱད་ཆོས་དང་དགོས་དོན་མ་འདྲ་བ་རེ་ཡོད། ཡིན་ཡང་དེ་མི་མང་ལ་རྩིས་སྤྲོད་བྱེད་དགོས་རེད་ལབ་ན་དེ་ནི་ཁྱེད་ཀྱི་ཕྲག་དོག་གི་སྐད་ཆ་རེད་ལ། ཁྱེད་རང་ཀུ་ཅོ་བཏོན་ནས་ཤི་སོང་རུང་ཁྱེད་ཀྱི་ཁ་ཐོག་ལ་འཇོག་མི་སྲིད། མི་མང་ལ་རྩིས་སྤྲོད་བྱེད་དགོས་ཀྱི་མེད་པའི་རྒྱུ་མཚན་གོང་དུ་མི་ཞྀག་གིས་བྲིས་འདུག་པས་ངས་རྒྱས་བཤད་བྱེད་མི་འདོད། བོད་རང་བཙན་སློབ་ཕྲུག་ཚོགས་པས་སོ་སོའི་མིང་ཐོག་ལས་མིང་ཐོག་མ་ཡིན་པའི་རྒྱབ་ལོགས་ཀྱི་ལས་ཀ་གང་མང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དེ་དག་འདིར་གླེང་ན་གནོད་ལས་ཕན་རྒྱུ་གང་ཡང་མི་འདུག ཞིབ་ཕྲ་ཁྱེད་ཀྱི་སློབ་སྦྱོང་བྱེད་རོགས། དེ་མིན་ན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ཁུངས་ནང་ཕྱིན་ནས་ཞིབ་འཇུག་བྱོས། ཁོང་ཚོ་ལས་བྱེད་ཚང་མ་གུ་ཡངས་ཅན་རྐྱང་རྐྱང་ཡོད། ཁྱེད་ལ་མཐུན་སྦྱོར་རོགས་རམ་བྱེད་ངེས་ཡིན།
རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲངས་འབོར་ལྔ་བཅུ་ལྷག་བརྒལ་བར་དམིགས་བསལ་ཛ་དྲག་གི་ལས་འགུལ་ལ་རྗེས་སུ་ཡི་རང་ཡོད་དོ། །