རིགས་སློབ། མཚོ་འགོ་འཇམ་དབྱངས།།
དང་པོ།༽ ཆོས་ཚན་དབར་གྱི་བགྲོ་གླེང་ཐོག་མར་ཇི་ལྟར་བྱུང་ཚུལ།
སྤྱི་ལོའི་དུས་རབས་བཅུ་དགུ་པའི་ལོ་རབས་བདུན་ཅུ་ཙམ་ནས་བཟུང་བོད་ཀྱི་བསམ་བློའི་བདག་ཉིད་ཆེན་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ནུབ་ཕྱོགས་པའི་ཚན་རིག་གི་ཁོངས་སུ་གཏོགས་པའི་ཀླད་པ་དང་དབང་རྩ་རིག་པའི་རྣམ་གཞག་རྣམས་དང་བགྲོ་གླེང་གི་ལམ་ནས་ཕན་ཚུན་བསམ་བློའི་གོ་རྟོགས་སྤེལ་རེས་གཏོང་དགོས་པའི་ བསམ་ཚུལ་བྱུང་བ་བཞིན་ཕྱི་ལོ་༡༩༨༣ལོར་བྱང་ཨ་མི་རི་ཀའི་ཚོང་པ། ཨར། ཨེ་ཌམཨེ་གལ་(R. Adam Engle)དང་དབང་རྩའི་ཚན་རིག་པ་མཁས་དབང་སྐུ་གཤེགས། ཕེརན་སིས་ཀོ་ ཝ་རི་ལ། (Dr Francisco Varela)རྣམ་གཉིས་མཉམ་རུབ་ཐོག་༸གོང་ས་མཆོག་དང་ནུབ་ཕྱོགས་པའི་ཚན་རིག་དབར་ལ་ཕན་ཚུན་རིག་གཞུང་བརྗེ་རེས་ཀྱི་ལས་གཞི་ཐོག་མར་དབུ་འཛུགས་ཞུས་པ་དང་། དུས་མཚུངས་སུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཆེད་ལས་མཁས་པའི་བགྲོ་གླེང་ཐེངས་མང་གནང་བ་དང། ཆོས་ཚན་དབར་གྱི་བསམ་ཚུལ་གླེང་སློང་བྱེད་མཁན་མང་དུ་བྱུང་བ་བཅས་ཐུན་མོང་གི་ཉེར་ལེན་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་ཀྱི་སེམས་ཁམས་རིག་པ་དང་ནུབ་ཕྱོགས་པའི་ཚན་རིག་གི་གཞུང་ནས་བཤད་པའི་ཀླད་པའི་རྣམ་གཞག་དང་། དབང་རྩ་འཕེལ་འགྱུར། ཚད་རྡུལ་འགུལ་ཤུགས་ཀྱི་རིག་པ་རྣམས་ཐུན་མོང་གི་བགྲོ་གླེང་བྱ་ཡུལ་གྱི་སྟི་གནས་ཤིག་ཏུ་གྱུར་བ་རེད།
གཉིས་པ།༽ ཆོས་ཚན་དབར་གྱི་བགྲོ་གླེང་གི་གལ་ཆེའི་རང་བཞིན།
དེ་ཡང་འགྲོ་བ་མི་རྣམས་དུས་རྟག་ཏུ་ཉོན་མོངས་དུག་གསུམ་དང་གཞན་དབང་སྟབས་བསྟུན་ཁོ་ནའི་ནང་དུ་འཚོ་བས། རྫུན་དང་གཡོ་སྒྱུ་སོགས་ལ་གོམས་འདྲིས་ཆེ་བར་བརྟེན་རྟོག་པའི་འཆར་སྣང་དང་ཟེར་ལོ་ཐོས་ལོའི་རྗེས་སུ་འབྲངས་བ་ལས་དངོས་པོའི་གནས་ལུགས་གང་ཡིན་ལ་འཚོལ་ཞིབ་བྱེད་པ་དང་། བདེན་པ་ལ་ཚད་མཐོའི་གདེང་འཇོག་བྱེད་པ་སོགས་ཤིན་ཏུ་ནས་དཀོན། དེ་བས་རིག་གཞུང་ཐ་དད་པ་གཉིས་ལ་བགྲོ་གླེང་བྱེད་པ་ནི་དཀའ་རྙོག་ཆེ་ལ་མིའི་བློ་ཡུལ་ལས་འདས་པའི་གནད་དོན་ཞིག་རེད། ཡིན་ཡང་སེམས་དང་ཚེ་སྲོག་ཚོགས་པས་ནང་པའི་སྲོལ་རྒྱུན་དང་དེང་རབས་ཀྱི་ཚན་རིག་གི་རིག་གཞུང་གལ་ཆེན་དེ་གཉིས་ཕན་ཚུན་ཕྱུག་ཏུ་གཏོང་རྒྱུར་དམིགས་ནས་བགྲོ་གླེང་གི་ཞི་རྩའི་རྩ་འཛིན་ཁག་ཅིག་གཏན་ལ་ཕབ་པ་མ་ཟད་བགྲོ་གླེང་དེའི་འགྲོ་གྲོན་སོགས་ཀྱང་མཁོ་སྒྲུབ་གནང། དེ་དག་གི་ནང་ནས་གལ་ཆེ་ཤོས་ནི་ཚན་རིག་པ་ཚོ་གདན་ཞུ་བྱེད་རྒྱུ་དང་ཁོང་ཚོའི་མཚན་སྙན་དང་ཤེས་ཚད་གཅིག་པུ་མ་ཡིན་པར་ཁོང་ཚོའི་བསམ་བློའི་ཁྱེར་ཕྱོགས་ལའང་ངེས་པར་དུ་བལྟ་དགོས། ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་དེ་ལམ་ལྷོང་ཆེན་པོ་བྱུང་བའི་རྒྱུ་མཚན་ནི་སྤྱིར་ཚོགས་ཞུགས་པ་ཉུང་ཉུང་དང་བྱེ་བྲག་གསར་འགོད་བརྒྱུད་བསྒྲགས་སོགས་ཀྱིས་གནོན་ཤུགས་མེད་པར་ནང་པའི་རྒྱལ་ཁབ་ཁག་ཏུ་སྐོང་ཐུབ་པ་བྱུང་བས་ཀྱང་ཡིན། སེམས་དང་ཚེ་སྲོག་ཚོགས་པས་སྣེ་ཁྲིད་འོག་ཚན་རིག་པ་དང་ནང་ཆོས་ཉམས་ལེན་པ་མཉམ་རུབ་བྱས་ཏེ་སྒོམ་ཉམས་ལེན་གྱིས་ལུས་ཁམས་ལ་ནུས་པ་ཅི་ཞིག་འདོན་ཐུབ་མིན་ཐད་ལ་ཞིབ་འཇུག་བྱེད་ཀྱིན་འདུག། ཞིབ་འཇུག་གི་ལས་དོན་དེ་དག་ལ་སྒོམ་སྒྲུབ་ཀྱི་དབང་རྩའི་ཚན་རིག་དང་། སྒོམ་སྒྲུབ་ཀྱི་སྨན་དཔྱད་ཚན་རིག། སྒོམ་སྒྲུབ་ཀྱི་ཞིབ་འཇུག་བཅས་ཀྱི་མིང་བཏགས་ནས་ལས་རིམ་འདྲ་མིན་གཉེར་བཞིན་འདུག
གསུམ་པ།༽ བགྲོ་གླེང་གི་དམིགས་ཡུལ།
སྤྱིར་ཆོས་ཚན་དབར་གྱི་བགྲོ་གླེང་ལ་མཐུན་མོང་གི་དམིགས་ཡུལ་མང་དག་ཅིག་ཡོད་ཀྱང་མདོར་བསྡུས་ན་རིམ་པ་གཉིས་སུ་དབྱེ་ཆོག་ཏེ། ཤེས་ཡོན་ཆེད་སྦྱོང་གི་རིམ་པ། འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་སྙིང་རྗེ་གོང་འཕེལ་གཏོང་རྒྱུའི་རིམ་པ་གཉིས་ཡོད། དང་པོ་ནི། ནུབ་ཕྱོགས་པའི་ཕྱི་དངོས་པོའི་གོ་རྟོགས་ཀྱི་ཐད་ནས་ཧ་ཅང་གི་ཡར་རྒྱས་ཕྱིན་ཡོད་ཀྱང་། ད་དུང་ཤེས་པའི་རྣམ་གཞག་དང་ཕྲ་བའི་རྡུལ་ཛས་སོགས་ལ་ཞིབ་འཇུག་གི་སྟོང་ཆ་ཆེན་པོ་ཞིག་ལྷག་ཡོད་པ་དེ་དག་ཁ་སྐོང་བྱ་རྒྱུ། དེང་རབས་ཀྱི་ཚན་རིག་གི་ནང་དུ་ཡུལ་ཅན་གྱི་མྱོང་བའི་ཕྱོགས་ལ་གོ་རྟོགས་ཀྱི་གནས་ཚད་གོང་འཕེལ་གཏོང་རྒྱུ། གནའ་བོའི་རྒྱ་གར་གྱི་བསམ་བློ་ལས་བྱུང་བའི་ཧིན་དྷུའི་ལྟ་གྲུབ་དང། ནང་དོན་རིག་པ་གཉིས་ཀྱི་ནང་སེམས་ཀྱི་མྱོང་བ་དེ་དག་ནུབ་ཕྱོགས་པའི་ཚན་རིག་པ་བརྒྱུད་དེ་འགྲོ་བ་མིའི་བདེ་སྐྱིད་སྤེལ་ཐབས། རང་གི་གོ་རྟོགས་གཞིར་བཞག་པའི་ཉམས་ལེན་དང་ཚན་རིག་གི་དཔྱད་ཞིབ་ལ་བརྟེན་ནས་ཕྱི་དངོས་པོའི་གནས་ལུགས་གཏན་ལ་འབེབས་ཐུབ་པ་དགོས་རྒྱུ། རིམ་པ་དེ་དག་རྒྱུད་ཤེས་རིག་ཆེད་སྦྱོང་གི་གནས་རིམ་དུ་ཚན་རིག་པ་དང། ནང་པའི་དབར་ལ་བགྲོ་གླེང་དང་མཉམ་འབྲེལ་གྱི་ལམ་ནས་ཞིབ་འཇུག་ཇེ་མང་དུ་སོང་ན། འཇིག་རྟེན་ཁམས་ཀྱི་འགྲོ་བ་མིའི་རིགས་ལ་ཆོས་ཚན་དབར་གྱི་གོ་རྟོགས་དེ་རྒྱ་བསྐྱེད་གཏོང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། འདས་པའི་ཆོས་ཚན་དབར་གྱི་བགྲོ་གླེང་འདིའི་ནང་ཚན་རིག་པས་གསར་དུ་རྙེད་པའི་ཕྱི་འཇིག་རྟེན་ཆགས་ཚུལ་གྱི་ཤེས་བྱ་ལྟ་བུས་རང་རེའི་སྤྱི་ཚོགས་སུ་གནད་དོན་ཞིབ་ཏུ་རྟོགས་པར་ཕན་ཐོགས་རླབས་ཆེན་བྱུང་བ་མཁྱེན་གསལ་ཡིན། དེ་བཞིན་དུ་ནང་དོན་རིག་པའི་གཞུང་ནས་བཤད་པའི་སེམས་ཀྱི་སྐོར་དང་། ཚད་མ་རིག་པའི་གཏན་ཚིགས་དང་། རྟེན་འབྱུང་ལྟོས་གྲུབ་ཀྱི་རིག་པ་སོགས་ལ་བརྟེན་ནས་ཚན་རིག་པ་ཚོས་ཀྱང་རང་གི་ཞིབ་འཇུག་གི་ཁྱབ་ཁོངས་ནང་དུ་འཚོལ་ཤེས་ཀྱི་བལྟ་ཚུལ་གསར་པ་མང་དག་ཞིག་རྙེད་པ་རེད།
གཉིས་པ་ནི།༽ སངས་རྒྱས་ཀྱི་ཆོས་གཞུང་ནང་དུ་འགྲོ་བ་མི་རྣམས་རང་རྒྱུད་ཀྱི་སྡུག་བསྔལ་དེ་དག་ལས་རྣམ་པར་རྒྱལ་བ་ལ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་དང་། ཆོས་ཉིད་ཀྱི་བདེན་པ་རྟོགས་པ་ལ་བརྟེན་ནས་སྡུག་བསྔལ་ལས་ཐར་ཏེ་ཐར་པ་མྱང་འདས་སུ་བགྲོད་ཐུབ་པ་ལས་ཐབས་གཞན་གྱིས་དཀའ་བར་གསུངས་ཀྱང་། འགྲོ་བ་མིའི་ལྷན་སྐྱེས་སུ་ཡོད་པའི་བྱམས་སྙིང་རྗེ་གོང་འཕེལ་གཏོང་བར་དེ་དག་ངེས་པར་དུ་དགོས་གལ་མ་མཆིས། འོ་ན་གོང་སྤེལ་ཇི་ལྟར་གཏོང་ཚུལ་དང་། ཕྱི་དངོས་པོའི་གནས་ཚུལ་དཔྱད་ཞིབ་ཀྱིས་འཚོལ་དགོས་ན་འཚོལ་བའི་ཐབས་ལམ་གང་འདྲ་ཞིག་ལ་བརྟེན་དགོས་ཤེ་ན། འདི་ནི་ནང་ཆོས་དང་ཚན་རིག་གི་རིག་པའི་གཞུང་ལ་བརྟེན་ནས་འཚོལ་དགོས་པ་ལས་ཐབས་གཞན་མེད་པར་སྣང། གང་ཡིན་ཞེ་ན་ནང་ཆོས་དང་ཚན་རིག་གཉིས་ཀྱིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་སྒྲུབ་ཐབས་ལ་ཞབས་འདེགས་ཞུ་རྒྱུའི་དམིགས་ཡུལ་གཅིག་མཚུངས་སུ་ཡོད་པ་མ་ཟད། ཚན་རིག་པ་ལ་ཕྱིའི་དངོས་པོ་གཟུགས་སྒྲ་ལ་སོགས་པའི་འཇིག་རྟེན་ཆགས་ཚུལ་ཐད་གཞན་ལ་བརྟེན་མི་དགོས་པའི་གོ་རྟོགས་ཟབ་མོ་ཞིག་རྙེད་ཡོད། དེ་དང་ཕྱོགས་མཚུངས་སུ་ནང་པའི་ནང་སེམས་ཀྱི་འཇིག་རྟེན་དང་མྱོང་ཚོར་དེ་དག་ཉིན་རེའི་བློ་སྦྱོང་ལ་སྦྱོར་ཐབས་སོགས་ཀྱི་ཐད་ལ་དམིགས་བསལ་གྱི་གོ་རྟོགས་ཁྱད་པར་བ་ཞིག་རྙེད་ཡོད། དེར་བརྟེན། རིག་གཞུང་འདི་གཉིས་དབར་གྱི་བགྲོ་གླེང་དང་། མཉམ་ལས་ཀྱི་བྱ་གཞག་སོགས་སྤྱི་ཡོངས་ནས་གོང་འཕེལ་གཏོང་རྒྱུ་དང། ད་ལྟ་ལས་ཀྱང་གོ་རྟོགས་གསལ་ཞིང་གཏིང་ཚུགས་པ། བྱམས་སྙིང་རྗེས་ཁྱབ་པ། ཞི་བདེ་ཅན་གྱི་འཇིག་རྟེན་གསར་པ་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ།
བཞི་པ།༽ ༸གོང་ས་མཆོག་གིས་ཚན་རིག་ལ་ལྟ་བ།
༸གོང་ས་མཆོག་སྐུ་ན་ཕྲ་བའི་དུས་ནས་ཀྱང་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མཐའ་དག་ལ་རྒྱུས་མངའ་ཆེ་ལ་ལྷག་པར་དུ་ཆབ་སྲིད་དང་ཚན་རིག་སོགས་ཀྱི་གནད་དོན་གང་ཞིག་ཡིན་ཀྱང་འཚོལ་ཞིབ་ཀྱིས་ལམ་ནས་གཏན་འབེབས་གནང་མཁན་ཞིག་ཡིན། ཁོང་གི་སྐུ་ཚེའི་ནང་ཁོར་ཡུག་གི་ཉམས་ཉེས་དང། མི་རིགས་རིང་ལུགས། དབུལ་འཕོང་སོགས་ཀྱི་མཚོན་པའི་ཆོས་ལུགས་ཀྱི་རྨོངས་དད་དང། འཇིག་རྟེན་གྱི་དཀའ་རྙོག་དེ་དག་སེལ་ཆེད་རིག་གནས་ནང་འདྲེན་དང་སྤེལ་རེས། འདྲ་མཉམ་གྱི་ལམ་བཟང་སོགས་བརྒྱུད་ནས་ལོ་རབས་དྲུག་ཅུའི་མཇུག་ཙམ་ནས་རྒྱལ་སྤྱིའི་ནང་འགྲུལ་བཞུད་བྱེད་འགོ་བཙུགས་པ་མ་ཟད་འགྲིམ་འགྲུལ་དེ་དག་གི་སྐབས་སུ་འགྲོ་བ་མིའི་གཞི་རྩའི་ཁྱད་ཆོས་རྣམས་གལ་ཆེ་ཚུལ། ཆོས་ལུགས་ཕན་ཚུན་བར་ལ་མཐུན་འབྲེལ་དང་གོ་རྟོགས་སྤེལ་བ། ཆབས་ཅིག་ཁོང་གི་དགའ་མོས་ཆེ་བའི་ནུབ་ཕྱོགས་པའི་ཚན་རིག་དང་ནང་པའི་སེམས་ཀྱི་རྣམ་གཞག་སྐོར་བགྲོ་གླེང་གནང་བ་ལ་བརྟེན་ནས་ནང་པའི་ཚན་རིག ནང་པའི་ལྟ་གྲུབ། ནང་པའི་ཆོས་ཞེས་པའི་དྲི་མེད་ཀྱི་ལྟ་གྲུབ་ཞིག་གསར་གཏོད་མཛད། ལྟ་གྲུབ་དེ་དག་ལས་ནང་པའི་ཚན་རིག་གི་རྣམ་གཞག་གཞི་རྩར་བཟུང་ནས་ནུབ་ཕྱོགས་པའི་ཚན་རིག་ལ་གཟིགས་ཚུལ་འདི་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན། འདས་པའི་དུས་རབས་དེ་དག་ལ་ཕྱི་མིག་ཅིག་བལྟས་ན། འཛམ་གླིང་འདིའི་ནང་ལ་ཚན་རིག་གི་ལམ་ནས་གཙོ་བོ་རྡུལ་རྫས་ཀྱི་རང་བཞིན་དང་ནུས་པར་ཞིབ་དཔྱོད་ཀྱིས་ཕྱི་དངོས་པོ་ཡར་རྒྱས་ཆེན་པོ་བྱུང་བ་མ་ཟད་འགྲོ་བ་མིའི་སྡུག་བསྔལ་གང་འཚམ་བསལ་ཐུབ་ཀྱང་། ད་དུང་སྐྱེ་བོ་དུ་མའི་སེམས་ནང་ཚན་རིག་ནི་ཁོར་ཡུག་དང་ཆོས་ལུགས་གཏོར་སྐྱོན་བྱེད་མཁན་དང་།འགྲོ་བ་མིའི་རིགས་འཕྲུལ་ཆས་ཀྱི་བྲན་གཡོག་ཏུ་འཇུག་པའི་སྣེད་ཁྲིད་པ་ངན་པ་ཞིག་ཏུ་ལྟ་བཞིན་ཡོད། འོན་ཀྱང་༸གོང་ས་མཆོག་ནས་དེ་དག་ལས་ལྡོག་སྟེ་ཚན་རིག་ནི་བདེ་དོན་འཚོལ་བྱེད་ཅིག་དང་གཞི་དངོས་པོའི་གནས་ལུགས་ཇི་ལྟར་གཏན་ལ་འབེབས་ཚུལ་གསལ་པོར་སྟོན་པའི་རིག་པའི་གཞུང་ལུགས་གལ་ཆེན་ཞིག་དང་། འགྲོ་བ་མིའི་བདེ་སྐྱིད་གོང་འཕེལ་གཏོང་བ་ལ་རམ་འདེགས་བྱེད་མཁན་གྱི་ལྟ་གྲུབ་ཡང་དག་ཞིག་ཏུ་ཞལ་གྱིས་བཞེས་པ་མ་ཟད་ཉེ་བའི་དུས་རབས་དེ་དག་ནང་ཧ་ཅང་གནོད་ཤུགས་ཆེ་བའི་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ཏེ་མི་བསད་ཁྲག་སྦྱོར་སོགས་ཀྱི་གཏོར་སྐྱོན་ཚད་མེད་དང་། རང་བྱུང་འཆག་འཇིག་ལ་སོགས་པའི་གནོད་འཚེ་དེ་དག་ཀྱང་ཚན་རིག་གི་ཕན་གནོད་དང་བདེན་དོན་མ་བཙལ་བར་ཚོགས་པ་སྒེར་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་ཁོ་ནར་བེད་སྤྱོད་ལོག་པ་བྱས་པའི་འབྱུང་འབྲས་ངན་པ་ཞིག་ལས་ཚན་རིག་གི་ནོར་འཁྲུལ་ཡིན་པའི་ངོས་འཛིན་གནང་གི་མེད།
ལྔ་པ།༽ ཆོས་ཚན་དབར་ལ་བགྲོ་གླེང་གནང་བའི་གྲུབ་དོན།
སྤྱིར་གྲུབ་དོན་ཞེས་པ་ནི་དཔྱད་བྱའི་ཡུལ་དུ་གྱུར་བའི་ལྕི་ཡང་གཉིས་ཀྱིས་བསྡུས་པའི་སེམས་ཀྱི་རྣམ་གཞག་ཅིག་དང་དངོས་པོ་རང་རང་གི་རྡུལ་ཕྲ་མོའི་སྐོར་གྱི་རྣམ་གཞག་གཉིས་གཞི་རྩར་བཟུང་ནས་དཔྱོད་པ་པོ་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཆེས་མཐའ་མའི་གྲུབ་འབྲས་ཤིག་ལ་གོ་ཆོག་ཀྱང་། འདིར་བཤད་འདོད་པ་ནི་ཆོས་ཚན་བར་ལ་བགྲོ་གླེང་གནང་བའི་གྲུབ་དོན་ནམ་ཕན་ཡོན་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་བྱ་རྒྱུ་ལས་ནུབ་ཕྱོགས་པའི་ཚན་རིག་དང་ནང་པའི་ཚན་རིག་གཉིས་ཀྱི་གྲུབ་དོན་གླེང་བའི་དགོས་པ་མ་མཆིས། འཇིག་རྟེན་གྱི་ཁམས་འདིར་ཚན་རིག་ཆེས་ཐོག་མར་དར་བ་ནས་བཟུང་འགྲོ་བ་མི་རྣམས་ཀྱི་མཐོང་ཐོས་དྲན་ལམ་དུ་འང་འཆར་མི་མྱོང་བའི་དངོས་པོ་མང་པོ་ཞིག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་གོང་འཕེལ་དུ་ཕྱིན་ཏེ་གོ་ལའི་ཆབ་དཔལ་རིག་གསུམ་གྱིས་མཚོན་པའི་སྤྱི་ཚོགས་ཀྱི་འཚོ་བའི་ལམ་བུ་ཉིན་རེ་ལས་མ་འདས་པར་ཇེ་མང་ཇེ་བཟང་དུ་གྱུར་ཏེ་འགྲོ་བའི་འདོད་དོན་གང་འཚམ་ཞ ིག་སྐོང་ཐུབ་པ་བྱུང་ཡོད། ཆོས་ཚན་དབར་གྱི་བགྲོ་གླེང་གི་གྲུབ་དོན་བཤད་པ་ལ་ཡང་ཐུན་མོང་བའི་གྲུབ་དོན་དང་ཐུན་མོང་མ་ཡིན་པའི་གྲུབ་དོན་གཉིས་སུ་ཕྱེ་ནས་བཤད་ཆོག་ཏེ། དང་པོ། ཚན་རིག་གི་འཕེལ་རིམ་ལོ་རྒྱུས་འགོ་ཚུགས་པ་ནས་བཟུང་འགྲོ་བ་མི་རྣམས་ལ་འཇིག་རྟེན་ཁམས་ཀྱི་ཆེས་རྙོག་འཛིང་ཆེ་བའི་གནད་དོན་མང་དག་ཅིག་ཤེས་རྒྱུར་ཐག་ཉེ་རུ་བཏང་བ་མ་ཟད། དེ་དག་གི་འབྱུང་རྐྱེན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་འདིའི་ཁོར་ཡུག་གི་ཐོན་ཁུངས་རྣམས་བེད་སྤྱོད་བྱས་པ་ལས་གྲུབ་པ་མངོན་གསལ་ཡིན། ཡིན་ཡང་ང་ཚོའི་བསམ་ཡུལ་འདས་པའི་སྡུག་བསྔལ་མང་པོ་ཞིག་བྱུང་བ་མ་ཟད་ད་དུང་ཡང་མ་འོངས་པར་དེ་ལས་ཐབས་རྡུག་པའི་རང་བྱུང་གི་གནོད་འཚེ་ལ་སོགས་པའི་འབྱུང་བཞིའི་གོད་ཆགས་འབྱུང་བའི་ཚོད་དཔག་བྱེད་ཀྱིན་ཡོད། མདོར་ན་དེ་དག་ཀྱང་རང་བྱུང་ཁོར་ཡུག་ཉམས་རྒུད་དུ་ཕྱིན་པའི་བྱུང་འབྲས་ཤིག་ལས་གཞན་གང་ཡང་མིན། ནུབ་ཕྱོགས་པའི་ཚན་རིག་པ་རྣམས་ཀྱིས་དེ་དག་ཁོར་ཡུག་གི་གལ་ཆེའི་རང་བཞིན་མི་ཤེས་པ་དང་། ཕྱིའི་ཁོར་ཡུག་གི་ཐོན་ཁུངས་རྣམས་འགྲོ་བ་མི་རྣམས་ཀྱིས་འདོད་རྔམ་དང་བག་མེད་ལོངས་སྤྱོད་བྱས་པ་ལས་བྱུང་བ་མཁྱེན་རྟོགས་ཐུབ་ཀྱང་གླེང་སློང་དེ་ཙམ་བྱས་མེད། དུས་རབས་ཉེར་གཅིག་པའི་དུས་སྒོ་ནས་བཟུང་བློ་གཟུ་བོར་གནས་པའི་ཚན་རིག་པ་རྣམས་ཀྱིས་གླེང་སློང་ཤུགས་ཆེར་བྱས་པ་མ་ཟད། ༸གོང་ས་མཆོག་དང་ལྷན་དུ་བགྲོ་གླེང་གནང་སྟེ་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་རང་བཞིན་བཟང་པོ་དང་ཡ་མ་བྲལ་བར་ཞི་དུལ་སྤྱོད་བཟང་གི་སྒོ་ནས་རང་བྱུང་ཁོར་ཡུག་ལ་སེམས་ཁུར་བདག་སྐྱོང་བྱེད་དགོས་པ་མ་ཟད་རླབས་ཆེན་གྱི་བྱ་སྤྱོད་དེ་དག་ཁོར་ཡུག་ཐོག་ལའང་འབྲེལ་འདྲིས་བྱེད་དགོས་པའི་གནད་དོན་མང་པོ་ཞིག་ཤེས་རྟོགས་བྱུང་ཡོད། ང་ཚོ་ནང་པར་ཆ་མཚོན་ནའང་བགྲོ་གླེང་འདི་རྒྱུད་ནས་ཕྱི་སྣོད་ཀྱི་འཇིག་རྟེན་འདིའི་མཛེས་སྡུག་གི་བཀོད་པ་རྣམས་ད་ལྟའི་མི་ཐོག་ཙམ་དུ་མ་ཟད་འབྱུང་འགྱུར་མི་རབས་རྣམས་ལ་ཡང་ཧ་ཅང་གལ་འགངས་ཆེ་བ་དང་། རང་བྱུང་ཁོར་ཡུག་དེ་སྲོག་ལྡན་གྱི་སྐྱེ་འགྲོ་རྣམས་ལ་འཕྲལ་ཕུག་གི་བདེ་རྩ་དང་འབྲེལ་བ་ཡོད་པའི་གནད་དོན་ཙམ་དུ་མ་ཟད། ཕྱི་སྣོད་ཀྱི་འཇིག་རྟེན་འདི་སྐྱོན་མེད་དྭངས་གཙང་ཞིག་ཏུ་གནས་པར་འཇིག་རྟེན་ཀུན་སྤྱོད་དང་ལྡན་དགོས་པའི་དགེ་མཚན་སོགས་ཀྱང་ཤེས་ཡོད། གཉིས་པ། ཚན་རིག་པས་དངོས་པོའི་བདེན་ལུགས་ལ་འཚོལ་རྙེད་བྱས་ཏེ་འཚོལ་ཞིབ་ཀྱི་གྲུབ་འབྲས་ཐོག་འགྲོ་བ་མི་གཙོ་བོར་གྱུར་བའི་སྲོག་ལྡན་གྱི་སྐྱེ་འགྲོ་མང་པོར་དངོས་ཤུགས་རྒྱུད་གསུམ་ནས་ཕན་ཐོགས་བྱུང་ཡོད། ཡིན་ཡང་ཀླད་པ་དང་དབང་རྩའི་འཁྲུགས་སྐྱོན་དབང་གིས་ནད་རིགས་འདྲ་མིན་ལོ་རེ་བཞིན་ཇེ་མངས་སུ་ཕྱིན་ཏེ་དེ་དག་གི་འགྲོ་གྲོན་ཡང་ཨ་སྒོར་ཐེར་འབུམ་མང་པོ་བརྒལ་ཡོད། དུས་རབས་ཉི་ཤུའི་དཀྱིལ་ཙམ་ནས་དབང་རྩ་ཚན་རིག་པ་རྣམས་ཀྱིས་གོང་གི་གནད་དོན་དེ་དག་ལ་བརྟག་དཔྱད་དང་གླེང་སློང་རྣོ་ངར་ཅན་དུ་གྱུར་ཏེ་དབང་རྩ་ཉམས་རྒུད་ཀྱི་ནད་སློང་རིགས་རྫས་མང་པོ་ཞིག་ངོས་བཟུང་ཐུབ་པ་མ་ཟད། དེ་དག་གི་ཉེར་ལེན་ཡང་གང་ཟག་རང་རང་གི་བསམ་བློའི་ཀུན་སྤྱོད་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། བཟང་སྤྱོད་ལ་ཇི་ཙམ་གྱིས་བྱང་གོམས་ཆེ་བ་དེ་ཙམ་གྱིས་ཀླད་རྩའི་གཡོ་འགུལ་སྔར་ལས་ལྷག་པའི་འཕོ་འགྱུར་བྱུང་བ་ཤེས་རྟོགས་བྱུང་ཡོད། ཕྱི་ལོ་ ༡༩༨༠དུས་དཀྱིལ་ཙམ་ནས་བཟུང་བསམ་བློའི་བདག་ཉིད་ཆེན་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ནང་པའི་གཞུང་ནས་བཤད་པའི་སེམས་སེམས་བྱུང་གི་རྣམ་གཞག་དང་། རྟེན་འབྱུང་ལྟོས་གྲུབ་ཀྱི་རྣམ་གཞག གཞན་ཕན་གྱི་བསམ་བློ། འཇིག་རྟེན་ཀུན་ཁྱབ་སེམས་ཁུར་སོགས་ལ་བགྲོ་གླེང་གནང་བས་དེང་གི་སྤྱི་ཚོགས་ནང་ཚན་རིག་གི་ངོ་བོ་དེ་སྔ་དང་མི་འདྲ་བར་ཆེས་རྣོ་ངར་ཅན་དུ་གྱུར། མགོན་པོ་ཀླུ་སྒྲུབ་ཀྱི་རྟེན་འབྱུང་གི་ལྟ་བ་དང་དཔལ་ལྡན་ཆོས་གྲགས་སོགས་ཀྱི་ཚད་མ་རིག་པའི་དཔྱད་ཐབས་དེ་དག་ལ་རྟེན་ནས་ཚན་རིག་པས་སྔར་མི་རྙེད་པའི་གྲུབ་དོན་མང་པོ་ཞིག་གསར་དུ་རྙེད་པར་ཕན་ཐོགས་བྱུང་བ་མ་ཟད། ཚན་རིག་དང་མཐུན་པའི་ཤེས་བྱ་མང་པོ་ཞིག་གསར་དུ་རྟོགས་ཐུབ་པ་བྱུང་ཡོད། ཚན་རིག་པས་སྦྱང་པའི་ཤེས་བྱ་ཕལ་མོ་ཆེ་ནི་ནང་ཆོས་ཀྱི་ཟུར་མཆན་ལྟ་བུར་གྱུར་པས། ནང་ཆོས་ནི་ཚན་རིག་གི་བསྟན་སྲུང་ལྟ་བུར་གྱུར་བ་རེད། དེའི་ཕྱིེེར་ནང་ཆོས་ཀྱིས་རིག་གསར་ཚན་རིག་ལའང་སློབ་སྟོན་དང་དག་བཅོས་བྱེད་པའི་དུས་བབ་གསར་པ་ཞིག་ཏུ་གྱུར་ཏེ་དེང་གི་སྤྱི་ཚོགས་ནང་རིག་གསར་ཚན་རིག་གམ་སེམས་ཀྱི་ཚན་རིག་ཅེས་མཁས་པ་མང་པོས་མགྲིན་གཅིག་ཏུ་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་གཏོར་གྱིན་ཡོད། འདས་པའི་དུས་རབས་མང་པོའི་ནང་ནང་པས་རྩོད་སྒྲུབ་རིག་པའི་ཐོག་ནས་སེམས་ཀྱི་གསང་བ་མང་པོ་ཞིག་གསལ་བརྟོལ་བྱེད་ཐུབ་ཀྱང་སྐྱེ་དངོས་ཚན་རིག་དང་དངོས་ཁམས་ཚན་རིག་སོགས་ལ་དེ་ཙམ་གྱི་བཀོལ་སྤྱོད་བྱེད་ཐུབ་མེད། ཆོས་ཚན་གྱི་འབྲེལ་ལམ་ཞིག་གསར་དུ་འགོ་བཙུགས་པ་ནས་བཟུང་ནང་པའི་མཁས་པ་མང་པོར་དེང་དུས་ཆེས་རྙོག་འཛིང་ཆེ་བའི་རྡུལ་ཕྲན་གྱི་རྣམ་གཞག་དང་རྫས་གྱུར་གྱི་འཕེལ་རིམ། འོད་མདངས། འཇིག་རྟེན་གྱི་རྣམ་གཞག་སོགས་ལ་དཔྱད་ཞིབ་བྱེད་སྟངས་ཀྱི་ཐབས་ལམ་གསར་དུ་རྙེད་ཐུབ་པ་བྱུང་བ་མ་ཟད། ཚན་རིག་སྦྱངས་ནས་ནང་ཆོས་ཀྱི་ཉམས་ལེན་རྣམས་ལ་ངེས་ཤེས་འཕར་མ་སྐྱེས་པ་དང་། འཛམ་གླིང་འདི་བཞིན་ཞི་བདེར་སྣེ་འཁྲིད་བྱ་རྒྱུ། ༸གོང་ས་མཆོག་ནས་ཡུན་རིང་ཐུགས་རེ་ཆེན་པོ་གནང་བའི་བོད་ཀྱི་དགོན་སྡེ་ཁག་ཏུ་ཚན་རིག་སློབ་ཚན་བཀོལ་སྤྱོད་བྱེད་ཐུབ་པ་བྱ་རྒྱུའི་རེ་འདུན་བཏོན་པ་ལྟར་སྟོང་ལོ་གསར་པ་ནས་འགོ་བཙུགས་ཏེ་འོད་སྣང་ལྡན་པའི་གྲུབ་འབྲས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་དང་། སླད་མར་ཡང་དར་ཁྱབ་ཤུགས་ཆེར་འགྲོ་ཐུབ་པའི་གདེང་སྤོབས་ཆེན་པོ་རྙེད་ཡོད་པ་དང་བཅས་སོ། །
ཡག་པོ་བྲིས་གནང་འདུག །ཚན་རིག་ནི་ཀུན་སྤྱོད་ཀྱིས་དབུལ་ཞིང་ཕོངས་བ་དང་ནང་བསྟན་ནི་རྫས་འགྱུར་རིག་པས་ཕོངས་འདུག་པས་ནང་ཚན་ཟུང་འབྲེལ་གྱི་ལམ་བཟང་ཞིག་བརྙེད་པའི་ཆེད་གོང་ས་མཆོག་གིས་ལོ་ངོ་སུམ་ཅུའི་རིང་འབད་པ་གནང་ནས་གཟིགས་རྒྱ་ཡངས་པའི་འཛམ་གླིང་ཡོངས་ལ་ཤིང་རྟའི་ལམ་སྲོལ་གསར་བ་ཞིག་སྒོ་འབྱེད་གནང་ཡོད་པ་རེད། གཙོ་བོ་སྟོན་པ་ཐུགས་རྗེ་ཅན་དང་མགོན་པོ་ཀླུ་སྒྲུབ་ཡབ་སྲས། རྗེ་ཙོང་ཁ་པ་སོགས་རྟེན་འབྱུང་རིག་པ་སྨྲ་བ་དེ་དག་གི་ལེགས་བཤད་ཀྱི་བཀའ་དྲིན་ལ་བརྟེན་ནས་ངེས་ཤེས་ཟབ་མོ་ཐོབ་སྟེ་འཇིག་རྟེན་ཡོངས་ལ་ཁྱབ་ཐུབ་པའི་ལྟ་བ་ཟབ་མོ་དེ་རང་གིས་ཉམས་སུ་བླངས་ནས་བྱུང་བ་ཞིག་རེད། ལམ་འདིར་ཞུགས་ནས་ཉམས་སུ་བསྟར་ཐུབ་ན་ཚན་རིག་ནི་ནང་བསྟན་གྱི་བསྟན་སྲུང་དུ་འགྱུར་ངེས་ལ། ནང་བསྟན་ནི་ཚན་རིག་གི་སློབ་གསོ་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད།
༧གོང་ས་མཆོག་ནི་ཆོས་ལུགས་ཡོངས་ཀྱི་མགོན་སྐྱབས་ཤིག་རེད་ལ། གལ་སྲིད་ཁོང་མེད་པ་ཡིན་ན་ཆོས་ལུགས་ཡོངས་རྫོགས་ད་ཆ་རྫབ་དོང་ནང་ལ་གཡུགས་ཚར་ཡོད་རེད། ཆོས་ལུགས་ཐམས་ཅད་ཀྱི་ནང་དུ་རང་ཉིད་ཀྱི་སྐྱེ་རྗེས་མ་དང་ལྷ་ཡུལ་དང་ཐར་པ་སོགས་གཙོ་བོར་གསུངས་པ་ལས། འཛམ་གླིང་ཞི་བདེ་དང་། འགྲོ་མིའི་རིགས་ཀྱི་མ་འོངས་པའི་བདེ་ཐབས། ཆོས་ལུགས་མཛའ་མཐུན། ཁོར་ཡུག་སྐྱོབ། འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་བྱམས་བརྩེ་་ཡ་རབས་བཟང་སྤྱོད་གོང་འཕེལ་ཡོང་ཐབས་སོགས་ཀྱི་ཐད་ནས། དེ་དག་གི་གནས་སྐབས་དང་མཐར་ཐུག་གི་དགོས་ཕན་དང་། དེར་ལྟར་ཡོང་བའི་ཐབས་ཇུས། དེ་ལྟར་དགོས་པའི་སྒྲུབ་བྱེད་ཀྱི་རིགས་ལམ་སོགས་ཁ་གསལ་ལ་གོ་བདེ་བ་དང། གནང་ལ་འཁེལ་བ་ཞིག་༧གོང་ས་མཆོག་གི་གསུང་མ་གཏོགས་གཞན་སུ་གང་ལ་ཡང་ཡོད་མ་རེད། འདི་ནི་ཕྲན་༧གོང་ས་མཆོག་ལ་དད་པ་ཡོད་པ་སོགས་ཀྱི་རྒྱུ་མཚན་མིན།
སྐྱེ་བ་རྗེས་མ་ཞེས་པར་ནོར་བཅོས་གནང་རོགས།
ཡིད་དུ་འོང་བ་ཞིག་བྲིས་འདུག མུ་མཐུད་དུ་སྤེལ་རོགས་གནང་བར་མཁྱེན། རེ་སྐུལ་ཞུ་རྒྱུ་ཞིག་ལ། ད་དུང་སེམས་ཁམས་རིགས་པའི་ཆེད་མཁས་པ་Daniel Gloman མཉམ་དུ་སེམས་དང་སེམས་བྱུང་གི་སྐོར་ལ་བགྲོ་གླེང་བྱས་བའི་དེབ་མིང་ལ་་Destrutive Emotins ཟེར་བ་ཞིག་བྲིས་འདུག ཡང་Sharon Begley་སེམས་སྦྱོང་སྐོར་ལ་ Trainng your mind change your Brian ཟེར་བ་ཞིག་ཡང་འདུག དེབ་འདི་གཉིས་༧ གོང་ས་མཆོག་གི་དགོངས་ཚུལ་དང་ནང་བའི་ལྟ་གྲུབ་ལ་གཞིར་བཞག་པའི་བགྲོ་གླེང་ལས་བྱུང་བའི་ཡིན་པས། ཚན་རིག་དང་ནང་ཆོས་བར་གྱི་མཐུན་ཕྱོགས་ཀྱི་ཆེ་བ་མང་པོ་་ལག་ཟིན་ཏུ་ཐོབ་ཐུབ་པས། ཤེས་ལྡན་སུ་ཞིག་གིས་འདིའི་ནང་ནས་མར་ང་ཚོའི་མིག་མདུན་དུ་སྤེལ་མཁན་འདྲ་ཡོད་ན་སྙིང་ཐག་པ་ནས་བཀའ་དྲིན་ཞུ།
གློག་ཀླད་དགྲ་རུ་གྱུར་ན་རང་ཉིད་ཕོངས།།
དེང་རབས་ལས་ལ་རྒོལ་ན་རང་ཉིད་བརླགས།།
དུས་ཀྱི་ཤེས་རིག་བྲལ་ན་རང་ཉིད་སྟོང་།།
རང་དགྲར་རང་ཉིད་གྱུར་བ་དགྲ་ཡི་མཆོག།
དེ་ལས་དགྲ་ཞིག་གནས་འདིར་རྙེད་དུ་མེད།།
རྙེད་དཀའི་དགྲ་ཞིག་ཡོད་པ་རང་གི་སྡུག།
དགྲ་དགའ་རང་རིགས་སྐྱོ་བའི་ལས་འདི་ལྕི།།
དགྲ་འདིའི་རྩ་བ་ཕྲག་དོག་ཆེ་བས་ལན།།
ཕྲག་དོག་ཅན་ཚོ་གཞན་ཡུལ་རྒུད་པ་མོས།།
སྤྲུལ་སྐུར་ཕྲག་དོག་མེད་ན་དགའ་བ་ལ།།
གྲྭ་བ་བཏང་འཛིན་མེད་པས་བཀྲ་ཤིས་རེད།།
མི་རིགས་བཅིང་བྱེད་མེད་པས་བདེ་ལེགས་རེད།།
བདེ་ལེགས་བྱ་བ་འཛོམས་ན་ཡུལ་ཁམས་བདེ།།
ཁམས་བདེའི་ཤེས་རིག་འཕེལ་བའི་སྨོན་འདུན་ཞུ།།
གྲྭ་བས་ཀློག་ཀླད་བཟུང་ན་སྤྲུལ་སྐུར་འགྲན།།
དེ་ལས་ལྷག་གི་འགྲན་ཞིག་གང་དུ་ཡོད།།
གྲྭ་བས་ཀློག་ཀླད་སྤྱོད་ན་དཔལ་འབྱོར་འགྲན།།
འབྱོར་བ་འགྲན་སའི་གནས་ཤིག་དགོན་དུ་མེད།།
གྲྭ་བས་ཀློག་ཀླད་སྤྱོད་ན་གང་བཤད་འགྲན།།
འདོད་ཚེ་བཤད་པའི་ས་ཞིག་ཆོས་སྡེར་མེད།།
གྲྭ་བས་གློག་ཀླད་སྤྱོད་ན་ཐོབ་ཐང་འགྲན།།
ཐོབ་ཐང་འགྲན་སའི་ཡུལ་ཞིག་དགོན་པར་མེད།།
གྲྭ་བ་གློ་ཀླད་སྤྱོད་ན་འཇོན་ཐང་འཕེལ།།
འཇོན་ཐང་ཅན་གྱི་གྲྭ་བ་སྤྲུལ་སྐུའི་ཟླ།།
གྲྭ་བ་གློག་ཀླད་སྤྱོད་ན་སེམས་པ་གཡེང།།
རྣམ་གཡེང་བྱེད་སའི་ལུགས་ཤིག་དགོན་པ་མེད།།