མགར་འཇམ་དབྱངས།
གསང་ཉུལ་བ་ཞེས་པའི་ཡིག་འབྲུ་རྡོག་པོ་འདི་དག་དར་སོ་འགྲོ་བཞིན་པའི་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིར། གསང་ཉུལ་བ་ཞེས་པའི་མིང་བརྡ་བཀོལ་སྟངས་ལ་ཐོགས་པ་མེད་པར་ཚང་མར་གོམས་ལོབས་སུ་སོང་བའི་རྒྱུན་སྲོལ་ཞིག་ཏུ་ཆགས་ཡོད་མོད། གསང་ཉུལ་བ་ཞེས་པའི་མིང་བརྡ་སྟབས་བདེ་འདིའི་ཕག་གི་འཇིགས་རུང་གི་སྐྱོ་གར་ལ་ཡིད་གཟབ་བྱེད་མཁན་ཉིན་སྐར་ཙམ་རེད། དེས་ན་ཚིག་ཕོན་ཆེན་པོས་འགྲོ་སོང་མི་དགོས་པའི་མིང་ཚིག་སྟབས་བདེ་འདི། བརྟན་ལྷིང་མེད་པའི་སྤྱི་ཚོགས་དབར་དུ་རིང་ལུགས་ཉེ་ཚེ་བ་སྒྲུབ་བྱེད་ཀྱི་ཚོང་རྫས་ཤིག་ཀྱང་ཆགས་ཡོད་ལ། མི་གཤིས་བོར་བའི་སྐྱེ་བོ་འུར་བོ་ཆེ་རྣམས་ལ་དེ་ལས་ལྷག་པའི་གསར་འགྱུར་འཕར་མ་ཞིག་གི་ཚབ་མཚོན་ཀྱང་ཉན་ཡོད། ད་དུང་རྒྱལ་འཚོང་བ་དག་གིས་རྒྱ་ཤོག་དམར་བོའི་བམ་ཁ་འཐུག་སྲབ་ཀྱང་མིང་ཚིག་འདི་དག་ལ་བརྟེན་ཀྱིན་ཡོད། ཡིན་ནའང་རྩེད་ཆས་ལྟ་བུར་གྱུར་པའི་མིང་བརྡ་འདི་དག་གི་འོག་ནས། བདེན་པ་ཤེད་དུ་འབར་བའི་བསམ་བློ་བ་གང་མང་ཞིག་གི་ཚེ་སྲོག་བཀུམས་མྱོང་ལ། ཤེས་རབ་ཀྱི་སྨྲ་ལྕེ་ལ་འཇིགས་སྐུལ་ཀྱང་ཐེབས་མྱོང་། ད་དུང་། ཆིག་སྒྲིལ་དང་སྟོབས་ཤུགས་སོགས་མང་བོ་ཞིག་གཏོར་བཅོམ་བཏང་ཡོད་པར་བརྟེན། ང་མིང་བརྡ་འདི་དག་ལ་འཇིགས་ཤིང་སྐྲག་ལ། འཚིག་པ་ཡང་ཟོས་མྱོང་། དེའི་ཕྱིར། བརྗོད་ཚིག་འདི་དག་མ་བརྟགས་བྱུང་རྒྱལ་དུ་སྨྲ་མཁན་དག་ལ། ང་ཡེ་ནས་དགའ་བ་མེད། རྒྱུ་མཚན། སྤྱི་ཚོགས་འཕུང་དཀྲུག་བྱ་རྒྱུ་ནི་གསང་ཉུལ་བའི་ལས་རིགས་ཀྱི་རྣམ་གྲངས་སུ་གཏོགས་པས་སོ།། ཡང་ཅིག་བཤད་ན། གསང་ཉུལ་བ་ནི། གསང་ཉུལ་བའི་ལས་རིགས་ལ་ཆེད་གཉེར་བྱས་པའི་མི་སྣ་ཞིག་ཡིན་ཕྱིར། ཁྱོད་ཀྱི་ཚོར་བའི་ཉེ་རིང་གང་དུ་ཡོད་མེད་བརྗོད་དཀའ་ལ། ལྷག་དོན་ཡིན་པར་མིན་པར་སྒྲུབ་པའི་རྣམ་དཔྱོད་དང་། མེད་པ་ཡོད་པར་བཟོ་བའི་འཇོན་ཐང་ལྡན་པ་བསྙོན་དུ་མེད་པས་ན། འཇིག་རྟེན་འདིའི་ཐོག་གི་འཁྲབ་སྟོན་པ་རྩེར་སོན་ཞིག་གི་སྒྱུ་རྩལ་དང་ཁྲབ་ཆས་འཛོམས་ཡོད་པ་ཚོད་དཔག་བྱེད་ཆོག མདོར་ན། གསང་ཉུལ་བ་ནི་སུས་ཀྱང་དོ་སྣང་མེད་པའི་གནས་མལ་ཞིག་ཏུ་གབ་སྟེ་བསྡད་ཡོད་ལ། རྙོག་འཛིང་བྱུང་བའི་མི་ཚོགས་ཤིག་ཏུ་ཀེར་གྱིས་ལང་ངེས་པའི་སྐབས་འཚོལ་བ་ཞིག་ཀྱང་ཡིན་པས། ཁོ་ཡིན་དང་འདི་མིན་གྱི་ཐག་གཅོད་རང་བཞིན་གྱི་སྐད་ཆ་དེ་རིགས་ནི་འགན་ཁུར་མེད་པའི་སྨྱོ་གཏམ་འབའ་ཞིག་ལས་ངོས་འཛིན་བྱ་རིན་ཅི་ཡང་མེད། དེས་ན་གཏམ་འཆལ་གང་ཡིན་ལ་ཅལ་འདྲོགས་བྱ་མི་ཉན་པ་འདི་ཡང་གནས་བབས་སྐྱོ་བོ་འདི་འདྲ་ཞིག་གི་འོག་ཏུ་ང་ཚོས་ཉམས་ལེན་ཞིག་ཏུ་བརྩིས་ཀྱང་མི་ཆོག་པ་མེད་ལ། རྗོད་མཁན་རང་ཉིད་ཀྱང་གསང་ཉུལ་བའི་ཁྱབ་ཁོངས་སུ་མི་གཏོགས་པའི་བདེན་དཔང་ཅི་ཡང་རྙེད་དུ་མེད་པས་སོ།།
ལྐོག་གསོད་པ་ཡིས་ཞེད་སྣང་མེད་ན་གསང་ཉུལ་བ་ལ་དེ་འདྲ་རང་སྐྲག་དགོས་དོན་ཨེ་ཡོད་ན། གསང་ཉུལ་བ་ཡིས་ཤེས་དགོས་བའི་ལས་ཞིག་དང་སྲིད་ཞིག་ཡོད་ན་ང་ནི་དགའ་བ་ལ། ལྐུགས་པ་ཚོ། ལྐུགས་པ་ནི་ལྐུགས་པ་ནི་རང་རེད། རང་ལས་གཞན་གཅེས་ཡི་ས་ཆ་ཞིག་ན་ག་རེ་ལ་གསང་ཉུལ་བྱེད་དགོས་པ་རེད།