ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡ ཉིན་གནས་ཚུལ་འབྱོར་བར། བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བའི་བར་མ་ཚང་གི་འཇམ་དབྱངས་མཁྱེན་ཁོ། རང་ལོ་ ༦༠ ཙམ་ཡིན་པ་ཁོང་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད། གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་བཤད་ན་ཁོང་གིས་བོད་ཕྱི་ལོགས་སུ་འབྲེལ་བ་བྱས་པའི་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་པ་ཡིན་ཚུལ་ཙམ་ལས་གསལ་པོ་ཤེས་རྟོགས་མ་བྱུང་། ཁོང་ལ་ཤུལ་དུ་བཟའ་ཟླ་དང་ཕྲུ་གུ་བུ་གཉིས་དང་བུ་མོ་གཉིས་བཅས་བཞི་ཡོད་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཀྱི་མཚན་མོ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སངས་རྒྱས། རང་ལོ་ ༢༢ ཙམ་ཡིན་པ་ཁོང་རང་ཤག་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་འདུག་ལ། ད་ལྟའི་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་གོ་ཐོས་བྱུང་གི་མེད། ཁོང་ནི་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་རུ་དགེ་ཚང་ནས་ཡིན་ཞིང་། ཕྱི་ཟླ་༨ ཚེས་༢༧ ཉིན་རང་ལུས་མེར་སྲེག་གིས་ངོ་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་བློ་བཟང་སྐལ་བཟང་ལགས་ཀྱི་སྤུན་མཆེད་དུ་འགྲོ་བའི་གཉེན་ཉེ་ཞིག་ཡིན་ཞིང་། དེང་སྐབས་རྔ་པ་ཀིརྟི་དགོན་པའི་ཕྱོགས་བཞིའི་སྒོ་ཆེན་ཁག་ཚང་མ་དྲག་ཆས་དམག་དཔུང་གིས་བརྟན་སྲུང་བྱས་ཡོད་པར་མ་ཟད། རྒྱུན་སྡོད་བྱེད་སའི་ཁང་པ་ཚུན་ཆད་བཟོས་ཏེ་དུས་ཡུན་རིང་པོར་སྡོད་བརྩིས་བྱེད་བཞིན་ཡོད་འདུག དེའི་སྐོར་ས་གནས་ཀྱི་ཡུལ་མི་ཚོས་གནས་ཚུལ་གོ་གསལ་ལ་མི་རིང་བར་དམ་བསྒྲགས་ཆེན་པོ་བྱེད་རྒྱུ་ཡིན་ཚུལ་འདུག་ཀྱང་ད་ལྟའི་ཆར་ཕར་འགྲོ་ཚུར་འོང་གི་དགེ་འདུན་པ་དང་མི་མང་རྣམས་བཀག་སྡོམ་དང་སྔོག་བཤེར་སོགས་གང་ཡང་བྱེད་ཀྱི་མེད།
མི་སྐྱ་འདི་ནི། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་བཅས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་ཀྱི་འདྲ་པར་ཡིན་ཞིང་། ཁོང་ནི་རྨེའུ་རུ་མའི་རུ་ཆེན་དང་པོའི་ཉག་སྐོར་མའི་ཕ་དཔའ་ལོ་དང་། མ་མ་སྒྲོན་གཉིས་ཀྱི་བུ་ཡིན་པ་དང་། རང་ལོ་ ༢༤ ཡིན་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་༩ ཚེས་༡ ལ།
ང་ཡི་སྤུན་ཟླའི་ལས་དབང་འདི་འདྲ་སྐྱོ་བ་ལ།