དགེ་བསྙེན་རིན་ཆེན་རྡོ་རྗེ།
ཚངས་དབང་གཙུག་ནོར་འོད་ཟེར་དང་འགྲོགས་པའི།།
ཞབས་སེན་ཟླ་ཚེས་སྙིང་ལ་དྲན་པས་ཀྱང་།།
སྲིད་ཞིའི་གདུང་བ་ཅིག་ཆར་འཕྲོག་པའི་གཉེན།།
བསླུ་མེད་བདེན་པ་གསུང་པས་དུས་ཀུན་སྐྱོང་།།
རང་གི་འདི་ཕྱིའི་གནས་ཚུལ་མ་ལུས་པ།།
དམ་ཆོས་མེ་ལོང་གཙང་མར་ཤར་བའི་ཚེ།།
འཇིགས་ཤིང་ངོ་ཚས་གནོང་ལ་རབ་འགྱོད་དེ།།
སྨྲེ་སྔགས་ཚིག་འགའ་ཐལ་ལ་བརྩེ་བས་དགོངས།།
སྡུག་ལ་སུན་དུས་མེད་པའི་སྨྱོན་པ་བདག།
ཐོག་མེད་དུས་ནས་སྲིད་འདིར་དལ་མེད་འཁྱམས།།
ལས་ངན་ཉོན་མོངས་གོམས་པ་ཤུགས་དྲག་པས།།
རྣམ་དཀར་ཕྱོགས་ལ་ཆུ་བོ་གྱེན་འཁྲིད་འདྲ།།
ནག་པོའི་ཕྱོགས་ལ་རི་གཟར་འབབ་ཆུའི་དཔེ།།
དེའི་ཕྱིར་ངན་སོང་གསུམ་ལགཏན་ཡུལ་བྱས།།
ད་རེས་སྟེས་དབང་བདེ་འགྲོ་ཙམ་མཐོང་ཡང་།།
ནད་མཚོན་མུ་གེའི་བསྐལ་བ་མངོན་དུ་གྱུར།།
མི་རྣམས་ཚེ་ལོ་བཅུ་བའི་རང་མདངས་ངོམས།།
ཕྱོགས་ཀུན་ལྟ་ངན་མུན་པས་ཀུན་ནས་ཁེབས།།
ཆོས་དང་ཆོས་མིན་ཤེས་པ་ཉིན་དཀར་ཙམ།།
མཐའ་འཁོབ་འདི་འདྲར་སྐྱེས་པ་ཡི་རེ་མུག།
རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས་ཀུན་གཤེགས།།
རྒྱལ་བསྟན་གཟུགས་བརྙན་སྤྱོད་པའི་དུས་སུ་གྱུར།།
སེམསཅན་ཉོན་མོངས་སྙིགས་མ་ཆེར་སྤྱོད་པས།།
རབ་བྱུང་ཁྱིམ་པའི་དབྱེའང་ཕྱེད་དཀའ་ཞིང་།།
ཆོས་མིན་སྤྱོད་པའི་མགོ་འཕང་ཆེས་ཆེར་མཐོ།།
བསྒོམ་དང་རྟོགས་པའི་ཡོན་ཏན་གཞན་ལྟ་ཅི།།
རྣམ་དག་ཁྲིམས་ལྡན་ཨུ་དུམ་ཝ་རའི་དཔེ།།
དུས་ངན་འདི་འདྲར་སྐྱེས་པ་ཡི་རེ་མུག།
ལན་གཅིག་མི་ཡི་ཤ་ཚུགས་ཐོབ་པ་ཡང་།།
ལས་ངན་རྣམ་སྨོན་སྒྲིབ་པ་ཆེར་བདོ་བས།།
ལུས་ལ་མི་སྡུག་སྐལ་ངན་མཚན་གྱིས་སྤྲས།།
ངག་ཀྱང་བཟླས་བརྗོད་མི་གསལ་ཤིན་ཏུ་དབུལ།།
སེམས་ཀྱང་མི་དགེའི་ཕྱོགས་ལ་རྣོ་ཞིང་མྱུར།།
ཆོས་ཀྱི་ཕྱོགས་ལ་མངོན་སུམ་ཅེ་རེ་ལོང་།།
ཉོན་མོངས་སྡུག་བསྔལ་གཞན་ལས་ལྷག་པར་འབར།།
བག་མེད་ལེ་ལོས་ལུས་སེམས་ཆེར་ལྕི་བས།།
སྒོ་གསུམ་རྣམ་དཀར་གང་ལའང་སྦྱོར་མི་བཟོད།།
བློ་མིང་མི་བརྟན་རླུང་ནང་མར་མེ་བཞིན།།
བྱ་བ་གང་བརྩམས་གཅིག་ཀྱང་མཐར་མི་ཐོན།།
འདི་འདྲའི་རྟེན་ངན་ཐོབ་པ་ཡི་རེ་མུག།།
ལས་དང་རྐྱེན་གྱིས་དམ་པའི་མཚན་ཡང་ཐོབ།།
དགའ་བའི་ཡོན་བདག་ཉེ་དུ་ལྟོས་བཅས་ཀྱིས།།
ཟས་ནོར་སྙིང་པོ་དག་གིས་ལྷ་བཞིན་བཀུར།།
འདུས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་སོན།།
མཁས་ཡང་གསེར་རི་ལྟ་བུའི་གྲལ་མགོའང་ཐོབ།།
ཆོས་མཐུན་གྲོགས་དང་དགེ་བའི་བཤེས་རྣམས་ཀྱིས།།
བསྟན་འཛིན་ཆེན་པོར་རེ་ནས་བུ་བཞིན་བསྐྱངས།།
ཇི་ལྟར་འབད་ཀྱང་མི་གཙང་དར་བཏུམ་བཞིན།།
རང་སྐྱོན་ངན་པའི་རང་མཚང་ཕྱིར་ཐོན་ཏེ།།
སྲིན་འབུ་ངར་སྣབས་ཕྲ་མོར་འབྱར་བ་བཞིན།།
མི་གཙང་འདོད་བདེ་ཕྲ་མོར་རབ་ཞེན་ནས།།
གཏན་གྱི་བདེ་སྐྱིད་སྙན་གསུམ་ཁྲེལ་ངོ་ཚ།།
མཐའ་དག་འཕོང་ཕྱིས་རྡོ་བཞིན་བོར་ནས་ནི།།
རྒྱུས་མེད་ས་མཐར་ཁྱི་རྐུན་བཞིན་དུ་འཁྱམས།།
ཁྱིམ་ངན་ཕག་ཚང་ལྟ་བུའི་གནས་སུ་གྱུར།།
སེངྒེ་ཁྱི་གྲྭར་ལྷུང་བ་ཡི་རེ་མུག།།
སེར་བས་བཅོམ་པའི་ཞིང་བདག་ཇི་བཞིན་དུ།།
གཉེན་བཤེས་ལྟོས་བཅས་རྣམས་ཀྱང་རེ་ཐག་ཆད།།
བང་ནང་ནོར་བུ་སྟོར་བའི་ཚོང་དཔོན་བཞིན།།
བཤེས་གཉེན་དམ་པའི་ཚོགས་ཀྱང་ཞལ་ཟུམ་གནག།།
མདོ་སྔགས་གཞུང་ལ་ངལ་བ་བརྒྱ་བྱས་ཀྱང་།།
བདག་པོ་མེད་པའི་ས་འོག་གཏེར་བཞིན་གྱུར།།
རང་ལས་ཆེས་ཆེར་དམན་པ་རྣམས་ཀྱིས་ཀྱང་།།
གཤོག་རྩ་ཆད་པའི་བྱ་བཞིན་རིག་ནས་ནི།།
ལ་ལ་ཁྲེད་དགོད་ལ་ལ་མཆི་མ་འདོན།།
ཁྱི་རོ་རུལ་བའི་ངང་ཚུལ་ཡི་རེ་མུག།
ཆོས་བཞིས་ཝ་སྐྱེས་དང་མཚུངས་ཁྲིམས་འཆལ་གྱིས།།
ཡུལ་འཁོར་བསོད་སྙོམས་ཟ་བ་ཁྲོ་ཆུའི་རྒྱུན།།
དགེ་འདུན་ཟས་དང་གནས་ལ་གཅིག་སྤྱད་ཀྱང་།།
བསྐལ་བར་མནར་མེད་གནས་དགོས་རྒྱལ་བས་གསུངས།།
འཆལ་ལ་ཚུལ་ཁྲིམས་ལྡན་པས་བསྙེན་བཀུར་ན།།
ཡུལ་དེ་ལྟ་ཅི་ཁྲིམས་ལྡན་དེ་ཉིད་ཀྱང་།།
སྟོང་ཕྲག་བཅུ་དགུར་དམྱལ་བར་གནས་དགོས་གསུངས།།
དེ་དང་ལྷན་ཅིག་འདོན་དང་ཉལ་བ་ཡང་།།
ལོ་གྲངས་བྱེ་ཆེན་བཞི་བཅུར་དམྱལ་བར་སྐྱེ།།
ཕམ་ལྷག་ལྟུང་བ་ཆེན་པོ་གཞན་ལྟ་ཅི།།
ཉེས་བྱས་རེས་ཀྱང་ལོ་གྲངས་དུང་ཕྱུར་ཕྲག།།
འབུམ་དང་དྲུག་ཁྲི་ཉིས་སྟོང་དམྱལ་བར་གནས།།
ཅི་ཙམ་འབད་ཀྱང་ས་བོན་ཚིག་པ་བཞིན།།
ཡོན་ཏན་ཕྲ་མོའང་སྐྱེ་བའི་རེ་བ་ཅི།།
མཚོ་དབུས་ཆུ་རྐྱལ་མཚོན་གྱིས་གཤེག་པ་བཞིན།།
ཐར་བའི་རེ་ཐག་ཆད་པ་ཡི་རེ་མུག།
འོན་ཀྱང་བདག་ནི་ཁྲིམས་ཆད་མ་ཡིན་ཞིང་།།
བསམ་བཞིན་དགེ་བསྙེན་བྱས་སྙམ་ཁྱོད་འཁྲུལ་མོད།།
མི་ཤེས་ཉོན་མོངས་རང་དབང་མེད་པ་ཡིས།།
ཕམ་པ་བྱུང་ལ་དེ་ཙམ་ངོ་གནོང་ཅི།།
ཤེས་བཞིན་བག་མེད་དོན་དུ་ཡིད་བཞིན་ནོར།།
བསམ་བཞིན་འདོར་ནུས་ཁྱོད་སྙིང་རྡོ་རྗེ་ཁམས།།
ཡོན་ཏན་ཀུན་འབྱུང་རྩ་བ་ཚུལ་ཁྲིམས་ནོར།།
ཚད་མེད་ཕན་ཡོན་བཅུ་ལྡན་སྐྱོབ་པའི་མགོན།།
ཚུལ་ཁྲིམས་ལྡན་པའི་དགེ་སྦྱོར་གཅིག་གིས་ཀྱང་།།
ཚུལ་འཆལ་དགེ་སྦྱོར་འབུམ་ཡང་གནོན་པར་ནུས།།
ལྷག་པར་སྙིགས་དུས་ཉིན་གཅིག་ཁྲིམས་བསྲུང་པ།།
སངས་རྒྱས་བྱེ་བ་མཆོད་ལས་ལྷག་པར་འགྱུར།།
སྦྱིན་ཚོགས་དཀར་ཆོས་གཞན་ལ་འབད་བྱས་ཀྱང་།།
མངོན་མཐོ་སྟེར་བའི་རྒྱུ་གཞན་མེད་པར་གསུངས།།
ཚུལ་ཁྲིམས་སྣོད་མཆོག་གཙང་མར་ཤེས་རྒྱུད་ཆུ།།
གཡོ་མེད་དྭངས་ན་ལྷག་མཐོང་གཟུགས་བརྙན་འཆར།།
གྲུབ་མཐའ་གོང་འོག་མདོ་སྔགས་གང་ལ་ཡང་།།
རྒྱུ་མེད་འབྲས་བུའི་འབྱུང་ཚུལ་ག་ལ་ཞིག།
དེའི་ཕྱིར་འཆལ་བས་མདོ་སྔགས་ཉམས་ལེན་བརྒྱར།།
འབད་ཀྱང་རྨང་མེད་ཐོག་མཚུངས་རྒྱལ་བས་བཞེད།།
དེ་ལྟར་ཤེས་ནས་བསམ་བཞིན་འདོར་བ་ཁྱོད།།
སྨྱོན་པས་རང་སྲོག་གཅོད་མཚུངས་ཡི་རེ་མུག།།
ལྷག་པར་ཁྱིམ་པའི་རྟེན་ནི་མི་དགེའི་ལས།།
དཔག་མེད་འབྱུང་ལ་ཉེ་ཕྱིར་རབ་བྱུང་བསྔགས།།
ཐ་ན་ལོག་གཡེམ་རེས་ཀྱང་བསྡུས་འཇོམས་སུ།།
ཡང་ཡང་ལྕགས་ཀྱི་སྐམ་པས་མཚན་མ་གཅོད།།
དེ་རྗེས་མི་དང་དུད་འགྲོ་མ་ནིང་དང་།།
འབྲས་བུ་དམར་འབྱིན་ལན་གྲངས་ལྔ་བརྒྱར་གསུངས།།
བུད་མེད་ཡུལ་ལྔ་དག་ལ་ཆགས་པ་ཡིས།།
ངུ་འབོད་ཆེན་པོར་མིག་སོགས་འབྱིན་ཅིང་བསྲེགས།།
ཤལ་མ་རི་ལ་དེ་འདྲའི་འཁྲུལ་སྣང་གིས།།
འབབ་འཛེག་གྲངས་མེད་བྱེད་ཅིང་ཡང་ཡང་ཟ།།
རབ་འཇིགས་ལྕགས་ཀྱི་བུད་མེད་མཚན་མར་ཚུད།།
ལོ་གྲངས་བྱེ་བར་བསྲེགས་ཀྱང་སླར་ཡང་འཇུག།
གཞན་གྱི་ཆུང་མར་ལན་གཅིག་སྤྱད་ན་ཡང་།།
རབ་ཚ་ཨ་ལ་ལ་ཞེས་བྱ་བར་སྐྱེ།།
དེ་རྗེས་ཚེ་རབས་སྟོང་ཕྲག་དྲུག་ཅུ་རུ།།
རང་གི་ཤ་ལ་ཟ་བའི་ཡི་དྭགས་འགྱུར།།
དེ་བཞིན་གསོད་རྐུ་རྫུན་དང་ཕྲ་མ་སོགས།།
རྣམ་སྨིན་མཐའ་ཡས་ཁྱིམ་པར་དབང་མེད་འབྱུང་།།
ཁྱིམ་པ་ཡིན་ཡང་ཆང་དང་དུ་བར་སྤྱོད།།
ལོ་གྲངས་དཔག་མེད་དམྱལ་བ་ངུ་འབོད་སྐྱེ།།
མི་རུ་སྐྱེས་ཀྱང་གླེན་ལྐུགས་དྲན་པ་ཉམས།།
སྨྱོ་ཞིང་བློ་མང་དོན་མི་འགྲུབ་པར་འགྱུར།།
ཁྱིམ་པའི་ཁ་ལ་དགེ་འདུན་དཀོར་སོང་ན།།
ཟངས་ཞུན་འབར་བ་འཐུང་བའི་དམྱལ་བར་སྐྱེ།།
དེའི་མཚོན་རྣམ་སྨིན་དཔག་མེད་མདོ་ལས་གསུངས།།
གཏན་དུ་དམྱལ་བར་གནས་དགོས་ཡི་རེ་མུག།
ཁྱད་པར་ཁྱོད་འདྲ་གསང་སྔགས་དབང་ཆེན་གྲར།།
ཡང་ཡང་འདུག་པ་བདེན་ན་འདི་ལྟ་སྟེ།།
རྗེས་གནང་རེར་ཡང་བྱང་སྡོམ་འཛིན་དགོས་ན།།
དབང་ལ་སྔགས་སྡོམ་འཛིན་དགོས་མི་ཤེས་སམ།།
བྱང་སེམས་གཞན་དོན་བསམཔས་མ་ཟིན་པར།།
ཟས་ཁམ་གཅིག་ཙམ་སྤྱད་ཀྱང་ཉེས་བྱས་གསུངས།།
གསང་སྔགས་དམན་མ་འགོམ་པ་ཙམ་ལ་ཡང་།།
སྦོམ་པོ་འབྱུང་ཞིང་སོ་ཐར་ཕམ་བཞི་ལས།།
གསང་སྔགས་སྦོམ་པོ་གཅིག་ཙམ་རྣམ་སྨིན་ལྕི།།
དགེ་བསྙེན་གནས་དུས་ལོག་གཡེམ་ཕྲ་མོའམ།།
ལྷན་པ་དམར་སེར་འགོམ་དང་ངག་འཆལ་ཙམ།།
ཁྱད་གསོད་ལྡན་ན་རྩ་ལྟུང་ཉེས་པ་དང་།།
མི་ལྡན་དགོས་མེད་སྤྱད་ན་སྦོམ་པོར་གསུངས།།
གསང་སྔགས་སྦོམ་པོ་རེས་ཀྱང་མནར་མེད་ལས།།
ལྷག་པའི་རྡོ་རྗེའི་དམྱལ་བར་གནས་དགོས་ན།།
ལས་ངན་ཁྱོད་ལ་ཐར་བའི་དུས་ཡོད་དམ།།
འོན་ཀྱང་སྡིག་ལྟུང་བཤགས་པས་འདག་སྙམ་ན།།
སྔོན་རབས་དམ་པས་ལོ་གྲངས་སྟོང་ཕྲག་གི།།
བྱེ་བ་གོ་ལྔར་འབད་དེ་བཤགས་བྱས་ཀྱང་།
བཟོད་དཀའི་རྣམ་སྨིན་ལྷག་མ་མྱང་གསུངས་ན།།
རྟེན་དམན་ཁྱོད་འདྲས་ཚིག་ཙམ་བཤགས་པ་ཡིས།།
ལྷག་མེད་འདག་སྙམ་མཁས་པའི་བཞད་གད་གནས།།
དགེ་སློང་ཉིན་གཅིག་བཤགས་པ་བྱས་པ་ཙམ།།
ཁྱིམ་པས་ལོ་བརྒྱར་འབད་ཀྱང་ག་ལ་ཞིག།།
དེའི་ཕྱིར་བཤགས་པ་བྱེད་ཡང་རྟེན་བཟང་དགོས།།
རང་མགོ་རང་གིས་གཡོག་པ་ཡི་རེ་མུག།།
དཀོར་ཟས་ཟ་ལ་ལྡན་གྲོལ་ཟུང་ལྡན་དགོས།།
ཚུལ་ཁྲིམས་དག་ཀྱང་བུ་ལོན་ཅན་དུ་འགྱུར།།
ཁྱད་པར་གཤིན་པོའི་རོ་དོམ་འཁུར་བ་ལ།།
མཐོང་ལམ་རྟོགས་པ་དགོས་པར་མདོ་ལས་བཤད།།
ནང་ན་སྐྱབས་འགྲོ་རྣམ་དག་ཙམ་ཡང་མེད།།
ཕྱི་ན་རབ་བྱུང་རྟགས་ཙམ་མི་ལྡན་པར།།
དད་གཤིན་དཀོར་ཟས་རི་ལྟར་སྤུང་ན་ཡང་།།
ཡོན་གྱི་ཆེ་ཆུང་དཔྱོད་ལས་གཤིན་པོ་དང་།།
རང་གིས་ཅི་བྱེད་སྙམ་དུ་མི་སེམས་པར།།
འཛེམ་མེད་དགའ་བཞིན་སྤྱོད་པ་གདོན་གྱིས་བརླམས།།
ཞག་འགའི་སྣང་བ་ནུབ་ཚེ་གང་དུ་འགྲོ།།
བསམ་བཞིན་དུག་ཆུ་འཐུང་བ་ཡི་རེ་མུག།།
བྱང་ཆུབ་སེམས་བརྟན་རྒྱལ་སྲས་སྡོམ་ལ་གནས།།
མཁྱེན་གསུམ་རྣམ་པ་བརྒྱ་དང་དོན་གསུམ་ལ།།
སྒྲོ་འདོགས་ཆོད་ཅིང་སྟོང་ཉིད་ལྟ་བ་ཡིས།།
ཟིན་པའི་རྩོལ་མེད་མྱོང་བ་ཐོན་པ་ནས། །
སོ་སྐྱེས་མོས་པ་སྤྱོད་པའི་ས་ཞེས་བྱ།།
དེས་ཀྱང་ད་དུང་བསྐལ་ཆེན་གྲངས་མེད་པར།།
གཞན་དོན་མཛད་པ་ཕལ་ཆེར་དོན་མེད་གསུངས།།
ཁྱོད་འདྲས་རང་བློ་ལྐོག་ཏུ་མ་གྱུར་བཞིན།།
གཞན་ལ་བསླབ་བྱ་བྱེད་ཅིང་དམ་ཆོས་འཆད།།
འདི་ཕྱིའི་སྐྱབས་འཇུག་ཁས་ལེན་བསྔོ་སྨོན་འདེབས།།
ཀྱེ་མ་ཆོམ་རྐུན་ཆེན་པོ་ངོ་ཚའི་གནས།།
མཛེ་བོས་བྱ་ཁྱུང་གདམས་པ་འཆད་པ་དང་།།
མཛོ་སྦྲེལ་གཡང་ལ་མཆོང་འདྲ་ཡི་རེ་མུག།།
རང་ཚོད་གྲོང་གི་ཕྱུགས་རྫིའི་ཚོད་ཡིན་བཞིན།།
གསུམ་ལྡན་དགེ་སློང་དགེ་འདུན་བསྙེན་བཀུར་ལེན།།
ཡོན་གནས་ཆེན་པོར་རེ་ནས་གཞན་དག་གི།།
ཁྲག་ལྟར་ཕངས་པའི་དཀོར་རྫས་ཉུང་བཞིན་སྤྱོད།།
རང་གི་ཕྱི་དྲོའི་སྐྱིད་སྡུག་མི་ཤེས་བཞིན།།
གཞན་ལ་འདི་ཕྱིའི་བླང་དོར་ལུང་ཡང་སྟོན།།
དགའ་རབ་དབང་ཕྱུག་བླ་མར་བསྟེན་བྱས་ཀྱང་།།
ཞལ་བཀོད་གནང་ཚུལ་དེ་ལས་གཞན་ན་གང།།
ལས་ངན་ཚབས་ཆེན་བསགས་མཁན་ཁྱོད་འདྲ་ཞིག།
རབ་བྱུང་ཁྲོད་ན་ལྟ་ཅི་ཁྱིམ་པ་དང་།།
ཚུལ་འཆལ་དཀོར་ཟན་ཁྲོད་ནའང་ངས་མ་མཐོང།།
བསམ་བཞིན་གཡང་སར་མཆོང་བ་ཡི་རེ་མུག།།
ཀྱེ་མ་བདག་ནི་ལས་ཀྱིས་ནོན་པ་པོ།།
ཀྱེ་མ་བདག་ཡི་བདུད་ཀྱིས་ཁྱེར་བ་པོ།།
ཀྱེ་མ་བདག་ནི་བསྟན་པའི་ཞབས་འདྲེན་ནོ།།
ཀྱེ་མ་བདག་ནི་འཇིག་རྟེན་ཆོམ་རྐུན་ནོ།།
བདག་ནི་ཤེས་བཞིན་ཁྱད་དུ་གསོད་པ་པོ།།
བདག་ནི་བསམ་བཞིན་ངན་འགྲོར་སྡོད་པ་པོ།།
བདག་ནི་ཐར་བའི་རེ་ཐག་ཆད་པ་པོ།།
བདག་ནི་འཇིགས་ཤིང་སྙིང་རྗེའི་གནས་ཉིད་དོ།།
ཆོས་དང་ཆོས་མིན་ལྟ་བའི་མིག་ལྡན་ཞིང་།།
རང་ལ་རང་ཉིད་བརྩེ་བའི་སེམས་ལྡན་ན།།
བདག་དང་བདག་འདྲའི་གཡོ་སྒྱུས་འཚོ་བ་རྣམས།།
སྐྱོན་ཅན་སྐྱོན་དུ་ལྟོས་ལ་དུག་བཞིན་སྤོང་།།
འགོ་བའི་ནད་བཟིན་ལྟོས་ལ་རིང་དུ་སྤོང།།
འཇིགས་པའི་གཡང་སར་ལྟོས་ལ་རིང་དུ་སྤོང་།།
གྲོགས་དང་གྲོགས་ངན་རྗེས་སུ་མ་འབྲང་པར།།
སྔོན་བྱོན་དམ་པའི་རྣམ་ཐར་རྗེས་ཞུགས་ཏེ།།
རྣམ་དག་ཚུལ་ཁྲིམས་གཙང་མའི་ཞིང་ས་ལ།།
ལུང་རྟོགས་ཡོན་ཏན་མྱུ་གུ་གཡུར་ཟ་མཛོད།།
ཆོས་ཀུན་གཅིག་ཆར་གཟིགས་པའི་སྤྱན་དང་ལྡན།།
མ་རབས་འདུལ་བའི་ཐབས་ལ་ཤིན་ཏུ་མཁས།།
དམན་ལ་ལྷག་པར་བརྩེ་བའི་སྙིང་རྗེ་ཅན།།
ཁྱོད་ལས་སྐྱབས་གཞན་མེད་དོ་འཇམ་མགོན་ལྷ།།
འོན་ཀྱང་ལྕགས་གོང་རིལ་བོར་ལྕགས་ཀྱུས་བཞིན།།
རང་གི་ཉེས་པས་ནོངས་ལ་བྱ་ཐབས་བྲལ།།
དེ་ལྟ་ན་ཡང་སྙིང་ནས་གསོལ་འདེབས་ན།།
དུས་ཀུན་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ།།
ལས་ངན་རྣམ་སྨིན་སུས་ཀྱང་བཟློག་དཀའ་བས།།
མནར་མེད་མེ་ནང་བསྐལ་བརྒྱར་གནས་དགོས་མོད།།
ནམ་ཞིག་བདེ་འགྲོའི་སྒྲ་ཙམ་ཐོས་སྲིད་ན།།
དེ་ཚེ་ཁྱོད་བསྟན་འཛིན་ཅིང་སྤེལ་བར་ཤོག
སྨྲས་པ།
ཤིན་ཏུ་འགལ་བའི་ཚིག་གཉིས་ལེགས་བརྟགས་ན།།
འགལ་བ་མེད་ཅིང་དོན་ཆུང་ལྡན་ཡང་སྲིད།། བཀྲ་ཤིས།
བླ་མ་རྡོ་རྗེ་འཆང་༼ཞྭ་དམར་ཚང་༽ཆེན་པོ་ནས་གནས་ཚུལ་གྱི་ཡི་གེ་ཞིག་བསྐུར་གསུངས་པའི་བཀའ་ལན་དུ།
ལེ་ཚན་འདི་གཉིས་ཉམས་མཚར་གྱི་ཚུལ་དུ་ཕུལ་བའོ། ། དགེ་བསྙེན་རིན་ཆེན་རྡོ་རྗེ།
རྟེན་འབྲེལ་མཚོན་བྱེད་ཙམ་དུ།
ནམ་ཞིག་བདེ་འགྲོའི་སྒྲ་ཙམ་ཐོས་སྲིད་ན། །
དེ་ཚེ་ཁྱོད་བསྟན་འཛིན་ཅིང་སྤེལ་བར་ཤོག །
ནམ་ཞིག་འདི་འདྲའི་འབྲི་རྩོམ་སྤེལ་དུས་སུ། །
དེ་ཚེ་ཁྱོད་རྩོམ་མཆན་བུ་འདེབས་པར་ཤོག །
སེམས་ལ་ཕན་པོ་ཟུག་པོ་ཞིག་གསུངས་འདུག ཐུགས་རྗེ་ཆེ།
སྡུག་ལ་སུན་དུས་འདོད་ལ་ཚིམ་དུས་མེད། །
སྐྱོན་ལ་ངོ་གནོང་ཁྲིམས་ལ་སྲུང་སྡོམ་མེད། །
ཉོན་མོངས་གོམས་ཆེས་རང་སྡུག་ཉོ་ཚད་མེད། །
མེད་པ་ང་ལ་ཡོད་དགོས་བག་ཡོད་མེད། །
སྙིགས་དུས་དགེ་བསྙེན་ང་ལ་ཐུགས་རྗེས་གཟིགས། །
དགེ་སྙེན་རིན་ཆེན་རྡོ་རྗེ་ཡིས། །དགེ་བའི་བྱ་བ་མ་ལྡན་ཅིང་། །དགེ་སྡིག་བླང་དོར་ནོར་བའི་གཏམ། །དགེ་ལ་བསྐུལ་ཕྱིར་བྲིས་པ་ལེགས། །