རེབ་ཐོག་མདའ།
གླུ་ཆུང་ངག་ལ་གྱེར་བའི་གདངས་དབྱངས་དེ་ན།།
འཛུམ་དང་མིག་ཆུ་འདྲེས་པའི་མྱ་ངན་ཡོད་ན།།
ཚོགས་ཁང་གྲུ་བཞིའི་སྦུག་གི་སྐྱ་སེར་ཕོ་མོ།།
ལུས་སེམས་མེ་རུ་སྒྲོན་པའི་སྣང་བརྙན་མཐོང་ན།།
རང་བཙན་གཙང་མའི་སྣེ་མོ་མནའ་ཡིས་མནན་ཀྱང་།།
མཆོད་འབུལ་མར་མེས་ཁྲོམ་དང་རི་ལུང་སྦར་ཀྱང་།།
མི་ཆེན་དཔོན་པོའི་རྣ་ལ་སྒོ་ལྕགས་ཕོག་པའི།།
མཉམ་འབྲེལ་རྒྱལ་ཚོགས་ཨ་རིའི་གཞུང་ལྟོས་དང་།།
རེ་བ་ནུབ་ལ་བསྲིངས་པའི་སྔ་གཞུག་དེ་ན།།
དམིགས་ཡུལ་རླུང་ལ་སྤུར་བའི་གད་སྙིགས་མང་གི
རང་བཙན་ཁ་ལ་འཁྱེར་བའི་རྡབ་རྡིབ་ཁྲོད་ན།།
རང་མཚང་རང་གིས་འགྲེམས་པའི་བོད་པ་མང་གི།
རྡ་སའི་མི་ཚོགས་གླུ་དང་གར་གྱིས་བཟི་འདུག།།
ཤི་བོའི་རྗེས་ལ་སྙན་མོའི་གཞས་ཚོགས་བསྡུས་སོང་།།
ཁ་བ་གངས་ཀྱི་བདག་པོ་བོད་པ་ཚང་གི།
སྡུག་གི་མུན་པ་སེལ་བའི་གྲོགས་ཤིག་ཡོད་ན།།
གླུ་གར་ལྟད་མོ་ཡོད་ན་འཚང་ཁ་ཤིག་ཤིག།།
གངས་རིའི་ལས་དབང་གླེང་དུས་ལྷགས་རླུང་ཤུར་ཤུར།།
བྱེས་ཀྱི་བོད་པའི་རང་ཚུགས་ཡལ་བ་ཨེ་ཡིན།།
བླ་མའི་ཐུགས་དགོངས་དཀྲུག་པའི་ཀློང་ན་སྐྱོམ་འདུག།།
ཞེན་པ་བོད་ལ་དཀར་བའི་མྱི་ཚོགས་ཁྲོད་ན།།
རང་ངོ་མ་ཟིན་བོད་པའི་མིང་བྱང་ཅན་ཚོས།།
རི་གྲོང་འདི་ཀོ་སྙན་མོའི་ཚིག་གིས་བསླུ་བཞིན།།
མཐུན་སྒྲིལ་ལག་རྡང་གཅོད་པའི་ཚུལ་འདི་འཇིགས་ཀ།།
མེ་ལ་འཐིམ་པའི་སྙིང་དེས་བར་དོའི་འཕྲང་ན།།
ཕྱིར་མིག་གཉོམ་པོས་ང་དང་ཁྱོད་ལ་ཅེར་འདུག།།
ས་སྲོད་དགོད་སྒྲས་དཀྲོག་པའི་རི་གྲོང་འདི་ན།།
གླུ་གར་དགོང་ཚོགས་དགའ་འབོད་ཀློང་ན་འཕྱུར་འདུག།
དྭ་ཕྲུག་བུ་ཆུང་ད་དུང་གཉོམས་ལག་མ་རྒྱས།།
ཨ་མའི་ཡ་ཁོག་དཀྱིལ་གྱི་སྡུག་དེ་མ་སངས།།
ལས་དབང་ལྕི་མོ་འཁུར་བའི་གཞིས་ཀྱི་སྤུན་ཟླའི།།
ཁ་སེམས་འདི་ལ་ཤོར་བ་ཚོར་གྱིན་ཨེ་འདུག།
མེ་ལྕེ་ལྷབ་ལྷུབ་འབར་བའི་སྲང་ལམ་མདོ་ན།།
གཟན་ཤམ་དམར་པོ་དེ་ལ་བདག་པོ་མི་འདུག།།
རྒྱང་རིང་ཨ་ཇོ་དྲན་པའི་འབོད་སྒྲ་རིང་མོའི།།
གཟུགས་མེད་ན་ཟུག་སྙིང་ལ་གཟེར་བ་ཨེ་བྱུང་།།
ཡ་གིའི་དགོན་འདབས་དེ་ནས་ཕྱག་གསུམ་འཚལ་ཏེ།།
མ་གིའི་གྲོང་བརྡལ་དཀྱིལ་ནས་མེ་རུ་སྒྲོན་པའི།།
རྒྱང་རིང་ཕ་ཡུལ་ཕྱོགས་ཀྱི་ཕུ་ནུ་མིང་སྲིང་།།
བདེ་བའི་ཉི་མ་འཆར་བའི་སྨོན་ལམ་བཏབ་ཆོག།།
བུ་མོ་དེ་ཡི་སྐད་ངག་སྙན་རབ་བཤད་པའི།།
བུ་ཆུང་དེ་ལ་ལྡེམ་མྱུར་ཆེ་རབ་གླེང་བའི།།
རྡ་སའི་བོད་པ་ཚང་གི་མྱི་ཚོགས་དཀྱིལ་ན།།
ང་དང་ཉམ་ཆུང་སེམས་པ་ཁེར་རྐྱང་རེད་འདུག།།
གྲོགས་པོས་ཁ་པར་ནང་ནས་དགོང་ཚོགས་གླེང་གི།
གྲོགས་མོའི་ནང་དུ་སོང་ན་ནུབ་ཡུལ་གླེང་གི།
ཁ་སང་གླུ་ལ་གྱེར་བའི་མྱ་ངན་དེ་དང་།།
རྡ་སའི་ངོ་གདོང་མཐོང་བས་ཕ་ཡུལ་དྲན་སོང་།།
མཁོ་མེད་དགོས་མེད་མི་འཁྱམ་དབུལ་བོའི་སྤྱི་ཚོགས།།
མགོ་མེད་ཁ་མང་ཉོག་གཏམ་ལུང་བའི་འཚོ་བ།།
སྐྱིད་མེད་ཡ་མ་གཡོལ་གྱི་འཁོར་ལོ་འཁོར་ནས།།
སྡུག་མེད་སྣང་བ་སྐྱིད་པའི་སྐྱིད་སྣང་ཞིག་ཤར།།
དྷ་སའི་མདང་དང་འདི་རིང་། །
ལྷ་སའི་སྔར་དང་དེང་དུས། །
ལྷ་སར་པོ་ཏ་ལ་དང་། །
དྷ་སར་བཞུགས་སྒར་ཕོ་བྲང་། །