ཁྲོ་གཏུམ།
བདག་གི་ལོ་རྒྱུས་ཀྱི་དུས་ཚིགས་རེ་རེ་ནི
ཉིན་མོ་འདིས་གསོས་བའི་ལྗང་སྨྱུག་གི་ཁ་དོག་རེ་རེར་འཐིམས་པས
ང་ནི་འཇིག་རྟེན་གྱི་བྲང་ངོས་སུ་ཉི་མར་ལྡེ་མཁན་ཞིག་དང
ཡང་ན ཉི་འོད་ཀྱི་པང་ཁུག་ནས་མེས་པོ་གླེང་མཁན་ཞིག
བདག་གི་རྣམ་ཤེས་ཀྱི་ལོ་འདབ་རེ་རེ་ནི
དེ་རིང་གི་ཉི་འོད་འདིའི་ཐིགས་པ་རེ་རེ་ལས་བཞད་པས
ང་ནི་སའི་གོ་ལའི་ཕྱོགས་བཞི་བརྒལ་མཁན་ཞིག་དང
ཡང་ན ཉིན་བྱེད་ཀྱི་སློབ་ཁང་ནས་འཛམ་གླིང་གླེང་མཁན་ཞིག
བདག་གི་ཚེ་སྲོག་གི་རྒྱུད་སྐུད་རེ་རེ་ནི
ཉིན་མོ་འདིའི་དབྱངས་འགྲོས་ཀྱི་ང་རོ་རེ་རེ་ལས་གྲུབ་པས
ང་ནི་ས་ཆེན་གྱི་ཉིན་སྲིབ་བརྟོལ་མཁན་ཞིག་དང
ཡང་ན ཉིན་འོད་ཀྱི་བྲང་ཁོག་ནས་འཚོ་བ་གླེང་མཁན་ཞིག
བདག་གི་ཟུང་ཁྲག་གི་ཆུ་རྒྱུན་རེ་རེ་ནི
དེ་རིང་གི་དྲོད་འཁོལ་འདིའི་དྭངས་མ་རེ་རེ་ལས་ཆད་པས
ང་ནི་འཁོར་བ་ཡི་རྨོངས་སྐྲན་གཏར་མཁན་ཞིག་དང
ཡང་ན ཉིན་བྱེད་ཀྱི་སྒེའུ་ཁུང་ནས་མི་དོན་གླེང་མཁན་ཞིག
ཨེེ་མ དེ་རིང་གི་འོད་སྣང་འདི་ལས
འཇིག་རྟེན་སྔ་མོ་ནས་གཉིད་དུ་དཀྲོགས་འདུག་ལ
ཚེ་སྲོག་ཡང་དེ་བཞིན་འགུལ་བསྐྱོད་ལ་རེམས
དེ་བས ཉིན་མོ་འདི་ནམ་ཡང་ང་ཚོ་ལ་དབང་ཞིང
ང་ཚོས་ཉིན་མོ་འདི་ནམ་ཡང་དྲན་པར་གསོ་དགོས
2012/9/4ཉིན་ལ།