བྱམས་པ་ལྷུན་གྲུབ།
རྩེད་འཇོ་དང་ཁ་མཚར་ཁྲོད་ཀྱི།།
སྐྱིད་སྡུག་གི་ཁོར་ཡུག་ནང་དུ།།
བརྩེ་དུང་གི་མེ་ཏོག་བཞད་པའི།།
བློ་མཐུན་གྱི་གྲོགས་པོ་ལྷན་རྒྱས།།
འདས་ཟིན་གྱི་ལོ་ཟླ་དག་ལ།།
ཕྱིར་འདང་ཞིག་རྒྱབ་པའི་བར་ན།།
དགའ་སྤྲོ་དང་དགོད་སྒྲ་སྒྲོག་བཞིན།།
ལས་དབང་གི་གཉའ་གནོན་འོག་གི།
དཀའ་སྡུག་གི་ཁུར་པོ་རེ་རེ།།
ཕྲག་དོག་དང་འགྲན་རྩོད་བོར་ཏེ།།
ཆིག་སྒྲིལ་དང་འཆམ་མཐུན་ནུས་པས།།
རྒྱང་རིང་ནས་རྒྱང་རིང་སྐྱུར་བཞིན།།
མཉམ་རུབ་ཀྱི་འཚོ་བར་རོལ་བ།།
སེམས་ཁོང་ན་དྲན་ཐེངས་རེ་རེར།།
ཁྱེད་ཅག་གི་བློ་དཀར་བཞིན་རས།།
དབང་མེད་དུ་ཡིད་ལ་འཁོར་བས།།
ཐག་རིང་གི་ཡུལ་གྲུ་འདི་ལ།།
སུན་སྣང་གི་ཚོར་བས་མནར་བཞིན།།
ཁེར་རྐྱང་གི་ལོ་ཟླ་རེ་རེ།།
མཛེས་སྡུག་གི་མཁའ་མཐའི་འཇའ་འོད།།
ནག་ནོག་གི་སྤྲིན་པས་བསྒྲིབས་ལྟར།།
དགའ་སྤྲོ་དང་འཛུམ་མདངས་རེ་རེ།།
དྲན་གདུང་གི་མིག་ཆུས་བཅོམ་པས།།
སེམས་ཁོང་གི་གློག་བརྙན་ནང་དུ།།
ཁྱོད་ཅག་གི་བཞིན་རས་འཆར་བཞིན།།
ཐག་རིང་གི་གྲུ་ཟུར་འདི་ནས།།
སྐྱོ་གདུང་གི་སྨྲེ་ངག་ཤོར་སོང་།།
འདི་ནི་ཁ་བྲལ་ཟིན་པའི་གྲོགས་པོ་འགའ་ཞིག་དྲན་པས་ཐོལ་བྱུང་དུ་བྲིས།
གྲོགས་དྲན་གི་ལོ་རབས་མ་ཤོད།
གྲོགས་སྐྱུར་ནས་འགྲོ་ནོ་ཁྱོ་རེད།
གྲོགས་དྲན་ཚུལ་སྡུག་ཚུལ་བཤད་ན།
ཁྱོའི་རྫུན་གི་རྔ་མ་ཤོར་འགྲོ།