ནམ་མཁའ།
སྡུག་ལས་གྲོལ་བར་སྙིང་རྗེ་གོམས་པའི་མཐུས།།
གཅིག་བསྡུས་སྙིང་བོ་ཕན་བདེ་སྒྲུབ་པ་ལ།།
རྒྱུ་འབྲས་བདུན་དང་བདག་གཞན་བརྗེ་བའི་ལམ།།
ཐབས་ཀྱིས་སྟོན་མཁས་དེ་ལ་གུས་བའི་འདུད།།
ངར་འཛིན་བློ་ལ་སྣང་བའི་གཟུགས་བརྙན་འདིར།།
འཁྲུལ་ཏེ་ཁྲོས་ནས་གཤེ་གཤེ་མཚང་དྲིས་ཀྱང་།།
གནོད་པའི་ལན་ལ་འཛུམ་གྱིས་བསུ་བ་ཡི།།
བྱང་ཆུབ་སེམས་མཆོག་ཁྱེད་ལ་གུས་ཕྱག་འཚལ།།
འཇིག་རྟེན་དོན་ལ་གོ་རྟོགས་མ་རྙེད་པར།།
གཞན་སྡུག་ཚིམ་ནས་རང་སྐྱིད་ངོམས་པ་ལ།།
བདེ་སྡུག་འདོད་དང་མི་འདོད་ཀུན་མཐུན་ཞེས།།
མཉམ་ཉིད་སེམས་ལ་སྙིང་ནས་གུས་ཕྱག་འཚལ།།
ལས་འབྲས་རྨོངས་ཏེ་བདེ་སྐྱིད་འཚོལ་བ་དག།
ཐབས་དང་རིག་པ་སྟོང་གིས་མ་ནོར་ལམ།།
ཡང་དག་སྟོན་མཛད་གཞན་དོན་ཁུར་ཁྱེར་བའི།།
རྟེན་འབྱུང་རིག་པའི་རྒྱལ་བོར་གུས་ཕྱག་འཚལ།།
ཞིམ་པོ་སྦྲང་རྩི་སྦྱར་བའི་ཆོས་ཀྱི་ཆང་།།
ཅུང་ཟད་འཐུང་སྟེ་མགོ་བོ་དཀྲུགས་པའི་བུས།།
འདོད་པའི་ཁྱིམ་ནས་ཟས་ཀྱིས་ངལ་གསོ་ཞོར།།
ཆགས་སྲེད་གླིང་གི་གྲོང་ཁྱེར་དེ་ནས་བྲིས།།
༦/༩/༢༠༡༢ལ་ཡོ་རུབ་ནས།
ཡོ་རོབ་ཕ་ཡུལ་གཅིག་པའི་སྙན་ངག་ཡག་པོ་འདུག བཀླགས་ཟིན།
སྙན་ངག་མེ་ལོང་དུ་ སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར་ ཅེས་པ་ལྟར་སྲོལ་རྒྱུན་ལ་གོམས་བྱང་ཆེ་བའི་ནམ་མཁའ་ལགས་ཀྱིས་ཕྱི་ལུགས་ལྟར་གྱི་ཟླ་ཚེས་བཀོད་པས་ཡིད་གཟབ་བྱེད་མ་ཐུབ་པའི་སྐྱོན་ཕྲ་མོ་འདི་དང་ལེན་བྱེད་ཐུབ་བམ།
གུས་བའི་འདུད།། མཚང་དྲིས་ ལབ་ན་ག་རེ་རེད།
གཅིག་བསྡུས་སྙིང་བོ་ཕན་བདེ་སྒྲུབ་པ་ལ།།
རྟེན་འབྱུང་རིག་པའི་རྒྱལ་བོར་གུས་ཕྱག་འཚལ།།
གཞུང་དཔེར་གསལ་བའི་མིང་མཐའ་རིང་དུ་དོར།
བོད་ཀྱི་རིག་གཞུང་འཇིག་པའི་ལྟས་སུ་མཐོང་།།
འཇམ་དཔལ་ལགས།རིག་གཞུང་འཇིག་པའི་ལྟས་ཡིན་པའི་རྒྱུ་མཚན་ཅི་བཞིན་བཤད་ཀྱི་ཡོད་ན་འགྲིག་འདུག
དུས་རྒྱུན་གཞན་གྱི་རྩོམ་ཞིབ་དག་ཁོ་ན་བྱེད་ཀྱི་འདུག་པས་ཚིག་བཅད་དེ་གཉིས་ཀྱི་དོན་གསལ་བོ་ཞིག་གསུང་རོགས།
ཁ་བ་འཚོ་ལེགས ཉི་མ་ཁ་ཤས་སྔོན་དུ་། མཁས་པ་ཞིག་གིས། ཁག་པོ་རེད ཅེས་དང་། ཡང་མཁས་པ་ཞིག་གིས། ཁེག་པོ་རེད། སླ་བའི་ལྡོག་ཕྱོགས་བོད་སྤྱིའི་སྐད་ན་གསལ་བ་དེ་འབྲི་དགོས། ཞེཨ་པ་ལས་འདི་ཡིན་འདི་མ་ཡིན་གྱི་ལན་མ་བྱང་། རྒྱལ་པོ་ལ། ལ་དྭགས་ཁ་སྐད་ན། རྒྱ་པོ། ཞེས་འདོན་པ་བཞིན་འབྲི་ན། བོད་ཀྱི་རིག་གཞུང་འཇིག་པའིལྟས་རེ་མི་འདུག་གམ། ཁྱེད་ཀྱི་བརྗོད་པ་དེ་ན་ཡང་། གསལ་བོ། གཞུང་དཔེ་དག་ན། གསལ་བ། གསལ་པོ། བཟང་བ། བཟང་པོ། རྒྱལ་བ། རྒྱལ་པོ། ཞེས་ཡོད་པ་བཞིན། མཁས་པས་བྲིས་པའི་བོད་ཀྱི་སྒྲའི་བསྟན་བཅོས་ན་ཡང་མཐོང་། བོད་ཀྱི་སྐད་དེ། བོད་ཀྱི་རིག་གཞུང་གི་གཞི་རྩ་ཡིན། སྐད་དེ་མེད་པར་འགྲོ་ན། རིག་གཞུང་མེད་པར་འགྲོ་བ་མཐོང་བཞིན་པ་དང་། གཞན་ཡང་།གང་དུ་བསྟན་པ་དར་བ་ན། ཡི་གེ་ཡང་དག་པོ་བྱུང་། བསྟན་པ་ཉམས་རྨས་པ་ན། ཡི་གེ་ཡང་འཆལ་འཆོལ་དུ་འགྱུར། ཞེས་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་གྱི་གསུང་། བསྟན་དར་ལྷ་རམས་པས་བཀོད་དོ།།
ཞེཨ་པ་ལ། ཞེས་པ་དང་། བྱང་ལ། བྱུང་། ཞེས་བཅོས་ གཞན་ཡང་ཡིག་ནོར་ལ་བཟོད་པར་མཛོད།
རེ་ལ་རེད་དང་། ཞེཨ་ལ་ཞེས་དང་། བྱང་ལ་བྱུང་། མ་མཐོང་བར་ཡིག་ནོར་ལ་དགོངས་དག དག་བ༷ཅོས་མཛོད།
རྒན་ལ་དྭགས་པར་ཐུགས་རྗེ་ཆེ།་
ཡི་གེའི་དག་ཆ་ཅུང་ཞུ་རྒྱུ། ཚིག་ལྷུག་ལ་ས་མཐའ་མེད་པ་དང་། ཚིགས་བཅད་ཅེས་པ་ལ་ས་མཐའ་ཡོད་པ་མཁྱེན་མཛོད། འདིའི་ཐད་ལ་མང་བོ་ཞིག་གིས་མཉམ་འཇོག་གནང་གི་མི་འདུག །
ནམ་མཁའ་ལགས་ཀྱིས་ཡག་པོ་བྲིས་གནང་འདུག །
འཇིག་རྟེན་མཁོ་དགུ་སྦྱིན་པའི་སྣང་བ་ཆེ།།
རྟེན་འབྱུང་རིགས་པ་དྲིན་ཆེན་ཨ་མ་ཡིན།།
ཤེས་རིག་ལང་ཚོ་དར་བའི་བུ་ཆུང་ལ།།
དུས་ནས་དུས་སུ་རྟེན་འབྱུང་དྲིན་གྱིས་བསྙོར།།
ང་ཚོས་བདག་འཛིན་འཇོམས་དགོས་ཟེར། བདག་འཛིན་འཇོམས་ན། བདག་འཛིན་འཇོམས་རྗེས། རང་གི་ཆུང་མར་གཞན་གྱིས་འཁྲིག་པའི་ཚེ། མ་ནི་བགྲངས་ནས་སྡོད་རྒྱུ་མ་རེད་པས། ལ་དྭགས་པ་དྲིན་ཅན་རྒན་འཇམ་དཔལ་ལགས་དང་ནམ་མཁའ་ལ་ནང་ཆོས་དང་བཀོལ་བའི་འདྲི་བ་ཡིན།
ཡུལ་དུས་མི་འདྲ་བ་མང་པོ་ཞིག་ལ། གཞན་གྱི་ཆུང་མ་སྤྱོད་མ་ནུས་པའི་རྒྱུ་མཚན་གཅིག་ཁྱོ་ག་དེའི་གཏུམ་དྲག་ལ་བསྐྲགས་ནས་རང་ཚོད་ཟིན་གྱི་ཡོད། ད་བྱུང་ཆུབ་སེམས་པའི་ཆུང་མ་སྤྱོད་ཚེ། རྙོག་གྲ་མེད་པས་ཅིའི་ཕྱིར་སྡོམ་པ་སྲུང་དགོས་སམ།
ཐབས་ཀྱིས་སྟོན་མཁས་དེ་ལ་གུས་བའི་འདུད།།
བརྗོད་པ་འདི་ན། གུས་བའི་འདུད།། ཅེས་པར་ཀློག་སྟངས་ལ་སེམས་མ་གཏད་པའི་སྐྱོན་འདི་ཙམ་མ་ཡིན་པར་ལོ་ངོ་དྲུག་ཅུ་རེ་གྲངས་སྔོན་དུ། བོད་གཙང་བཀྲ་ཤིས་ལྷུན་པོར་མཐོང་། ལ་དྭགས་སྟོད་ནས་ཕེབས་པའི་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་གིས་ཀྱང་། དཔལ་ལྡན་བླ་མས་བཀའ་དྲིན་གསོལ་བ་འདེབས་པ་ཞེས་པ་མཐོང་། དོན་ལ་བླ་མའི། ཞེས་དགོས་པ་ལ། བླ་མའི་དང་། བླ་མས། ལ་དྭགས་གཤམ་ཕྱོགས་པ་མ་གཏོགས། བོད་དབུས་གཙང་ཀུན་ཏུ་སྒྲ་དེ་ལ་མི་འདྲ་བའི་ཀློག་ཚུལ་མེད་པ་ལྟ་བུ་འདུག་པ་འདི་འདྲའི་རིགས་ལ་གཟབ་དགོས་ཤིང་། བྱུང་ན་གནའ་བོའི་ཀློག་ཚུལ་ལྟར་འདོན་དགོས་པ་མཐོང་། གོང་གི་བརྗོད་པ་དེ་ན། གུས་བའི་འདུད།། ཅེས་པ་དེ། གུས་པས་འདུད།། ཅེས་པ་ཡིན་ནམ་སྙམ་མོ།།
བདག་འཛིན་བཅོམ་པའིགང་ཟག་གི་ཆུང་མ་ལ་གཞན་གྱིས་ཚུལ་མིན་གྱིས་འཁྲིགས་པ་སྤྱོད་པའི་ཚེ། བདག་འཛིན་བཅོམ་པའི་གང་ཟག་དེས་ངེས་པར་དུ་ཚུལ་མིན་སྤྱོད་པ་པོ་ཁྲིམས་ལ་གཏུགས་དགོས། དེ་ལ་བྱང་སེམས་སྤྱོད་ཡུལ་ན་འདི་སྐད་གསུངས་ཏེ།
ཧ་ཅང་སྙིང་རྗེར་མི་བགྱི་སྟེ།
ཉམ་ཐག་སྲོག་ཆགས་སྙིང་རྗེའང་བགྱིད།
ཅེས་གསུངས་པ་ལྟར་ལགས་སོ།།