དེ་རིང་ཁ་བརྡའི་མཆན་ཞིག་གི་ནང་དུ། སྒོམ་སྡེ་ལྷ་རམས་པ་དང་མགོན་པོ་ཕྱག་གཉིས་པ་གཉིས་ཀྱིས་དྲི་བ་དྲི་ལན་བྱས་འདུག “མ་དགར་དབུས་ལ་སོང་ནས། མ་མཇལ་ཕྱིར་ཡོང་ན་སྡུག་གྱོང་རེད། ཅེས་པ་འདི་ལ་ཡིག་ནོར་ཡོད་ཚུལ་གསུངས་འདུག་རུང་ནོར་བཅོས་མི་འདུག་པས།”སོགས་དྲིས་དོན་ལ་མགོན་ཕྱག་གིས་ “འདི་ཨ་མདོའི་ནང་དར་སོ་ཆེ་ བའི་གཏམ་དཔེ་ཞིག་རེད། ཁྱེད་རང་གིས་གང་ཞིག་བྱས་པ་ལ་མི་གཞན་མ་དགའ་བའི་སྐབས་སུ་གཞན་པ་དེར་སྙིང་ཚིམ་ གཏོང་བར་བེད་སྤྱོད་བྱེད། ཁྱོད་མ་དགའ་བར་དབུས་ཉི་མ་ལྷ་སར་ཕྱིན། དབུས་སེར་བོར་མཇལ་མ་ཐུབ་པར་ཕྱིར་ཡོང་དགོས་བྱུང་ན་ཡང་ཁྱོད་རང་སྡུག་གྱོང་རེད་ ཟེར་བའི་དོན་རེད།”ཅེས་ལན་བཏབ་འདུག
ད་ནི་ངེད་ཀྱང་གོང་གི་ཚིག་འདིའི་བརྡ་སྤྲོད་ལ་དོ་སྣང་ཇེ་ཆེར་སོང་བས་འདིར་བསྐྱར་འདྲེན་ཞིག་བྱས་པ་ཡིན། ཚིག་གི་སྡེབ་སྦྱོར་གཞན་ཞིག་བྱས་ན། “མ་དགའ་འ་དབུས་འ་སོང་ནས།། མ་མཇལ་ར་ཕྱིར་ར་ཡོང་ན་ར། ང་བྱེད་རྒྱུ་ཅང་མེད།”ཟེར་བ་ཞིག་མིན་ནམ། དེ་ཡིག་སྐད་དུ་དྲངས་ན། ༼ཁྱོད་ང་ལ་༽”མ་དགའ་བར་དབུས་ལ་སོང་།། ༼དབུས་ནས་ལྷ་ས་ལ་༽མ་མཇལ་བར་ཕྱིར་༼ཡུལ་དུ་༽ལོག་ཀྱང་། ངེད་ལ་ཐབས་གཞན་ནི་མི་འདུག་” ཅེས་པ་ལྟ་བུ་ཞིག་རེད། ཚིག་སྦྱོར་དུམ་བུ་འདིའི་ནང་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོ་ལུགས་ཤིག་སྦས་འདུག དེའི་དཀའ་གནས་དེ་བཀྲོལ་རོགས་ལགས། བརྡ་སྤྲོད་མཁན་པོ་དག ངེད་ཀྱིས་ཀྱང་རིམ་པས་རང་གི་བསམ་ཚུལ་གང་ཡོད་པ་དེ་དག་ཞུ་རྒྱུ་ཡིན་ལགས།
༼རྩོམ་མཆན་འབྲི་ས་དེ་ན་མཆན་ནི་ ༡༨༠ ལྷག་བྲིས་འདུག་པས་འདིར་ཟུར་དུ་དྲངས་པ་ཡིན།༽
བརྡ་སྤྲོད་གནས་ལུགས་ཤིག་སྦས་ཡོད་མེད་མི་ཤེས་ཏེ། ཨ་མདོའི་སྐད་ནང་བརྡ་སྤྲོད་ཀྱི་འགྲོ་སྟངས་དེ་ཚོ་ཆེས་སྟབས་བདེ་ཞིག་ཡིན་པ་རེད། ཕྲད་མང་ཆེ་བ་རྗེས་འཇུག་རང་འདྲའི་རྗེས་སུ་སྦྱོར་དགོས་པ་རེད། ལ་དོན་ཡིན་ན། འ་དང་མཐའ་རྟེན་མེད་པའི་མཐར། ཡ་དང་འ་གཉིས་གང་ཡང་རུང་།
འདིའི་སྐོར་སྔོན་མ་ང་ཚོས་ཕྲད་ཀྱི་སྐོར་བཤད་སྐབས་ཅུང་ཟད་རེ་གླེང་ཟིན་པ་ཡིན། གཞན་པ་ག་རེ་སྦས་ཡོད་རེད།
དགའ་ཞེས་པ་འདི་བྱ་ཚིག་ཅིག་ཡིན་པར་ཆ་ཞོག དེ་ནས་སོང་ཞེས་པ་འདི་ཡང་བྱ་ཚིག་ཅིག་ཡིན་པར་ཆ་ཞོག དེ་ནས་བྱ་ཚིག་དང་པོ་དེ་ལ་དགག་སྒྲ་བཞི་ལས་”མ་”འདི་ཁོ་ན་བྲིས། དེ་ནས་བྱ་ཚིག་གཉིས་ཀྱི་བར་དུ་ལ་དོན་གྱི་ཕྲད་འདི་སྦྱར། འདི་འདྲའི་ཞིབ་ཚགས་ཀྱི་འགྲོ་ལུགས་ཤིག་གཞན་ལ་འབྱུང་ངམ།
དགའ་འདི་སྐབས་རེ་བྱ་ཚིག་ལ་འགྲོ་བ་དང་སྐབས་རེར་བྱ་བའི་ཁྱད་ཆོས་སྟོན་པའི་དོན་ལ་འགྲོ་གི་འདུག་སྙམ། ཡང་གཅིག་བཤད་ན་དོན་གང་ཞིག་གི་ངོ་བོ་སྟོན་བྱེད་ཙམ་རེད། དཔེར་ན། འདིར་བྱ་ཚིག་མ་རེད་འདོད། མ་དགའ་བར་ལྷ་སར་ཕྱིན། མ་དགའ་བའི་ངང་ལྷ་སར་ཕྱིན་ལྟ་བུ་མ་རེད་དམ། མ་དགའ་བ་འདིས་ལྷ་སར་ཇི་ལྟར་ཕྱིན་པའི་ངོ་བོ་སྟོན་གྱི་ཡོད་པ་རེད། ཇི་ལྟར་ཕྱིན་ཚུལ་སྟོན་གྱི་ཡོད་པ་རེད།
འགའ་རེས་གཏམ་དཔེ་འདི་ནོར་འདུག་ཟེར། དེ་ནི་ཁོ་རང་ཚོ་ནོར་བ་རེད། གོ་བ་ལེན་སྟངས་ནོར་བ་རེད། སྐད་ནི་སྐད་རེད། དེ་ལ་ནོར་སོང་ཟེར་ས་ཡོད་པ་མ་རེད། ཡི་གེ་ཡང་སྐད་ལ་བརྟེན་ནས་བཟོས། བརྡ་སྤྲོད་ཀྱང་སྐད་ལ་བརྟེན་ནས་བཟོས། ཆོས་དཔེ་ཁག་ནང་དངོས་གནས་ཚིགས་བཅད་དེ་འདྲ་རྩོམ་མཁན་སྒེར་ངོས་ནས་ཇི་འདོད་ཀྱིས་བྲིས་ཏེ་མ་འབྱོར་བ། མ་འཚམས་པ། མི་གོ་བ། འགྲེལ་རྒྱག་ས་མི་འགྲོ་བ་མང་པོ་ཞིག་མཐོང་ཆོས་སུ་ཡོད་པ་རེད་དེ་དེ་ནོར་བ་རེད་ཟེར་སྲོལ་མེད་པར་འགྲེལ་བཤད་ཐོད་ཐུག་ལ་མ་ཐུག་པ་ཞིག་བྱས་ནས་འགྲོ་བ་ལྟར་རེད།
གཏམ་དཔེ་འདི་ཚོ་དམངས་སྐད་ལྷད་མེད་པ་དེ་འདྲ་རེད། དེ་འདྲ་ཡིན་ཙང་རང་གིས་གོ་བ་ཆ་ཚང་ཞིག་མ་ལོན་པར་འགྲེལ་བཤད་རྒྱག་ཆོག་ཆོག་ཅིག་མི་འདུག མཚམས་རེར་མི་རེར་གོ་བ་ལེན་ཚུལ་མ་འདྲ་བ་ཡོང་གི་རེད། གཏམ་དཔེ་རང་གི་ནང་། ང་ལ་མ་དགའ་བ་ཟེར་ནས་ང་བྲིས་མེད་པས་ངས་དེ་ལ་འགྲེལ་རྒྱག་སྐབས་ང་ཞིག་ཁ་གསབ་བྱེད་རྒྱུའི་སྤོབས་པས་འདང་མ་སོང་། ཁྱེད་རང་གིས་འགྲེལ་བཤད་སྐབས་ང་ཞིག་བཅུག་འདུག ཡིན་ན་ཡང་དེ་ལ་སྐྱོན་མི་མཐོང་།
མིའི་སྤྱི་ཚོགས་ཀྱི་སྐད་ཆ་བཤད་སྟངས་ཕལ་བ་ཚུན་ལ་གྲྭ་བ་ཚོས་མཚན་ཉིད་རྩོད་རྩོད་བྱས་ནས་ཡིན་པར་ཐལ། མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ནས་འགྲོ་དགོས་ན་སྐད་ཆ་ཚང་མ་མ་འགྲིགས་པ་ཆགས་རྒྱུ་ཡིན་པ་རེད། མཚན་ཉིད་པ་ཁོ་རང་ཚོའི་སྐད་ཆ་ཡང་ཆུ་ཚགས་བཞིན་ཆགས་རྒྱུ་ཡིན་པ་རེད། ཐ་སྙད་རེ་རེ་བཞིན་གཏད་སོ་མེད་པར་ཞིག་སྟེ་སྟོང་བ་ཆགས་རྒྱུ་ཡིན་པ་རེད། སྐོར་ལོག་ནི་སྐོར་ལོག་རང་རེད།
རབ་གསལ་ལགས། ཁྱེད་རང་གིས་གཏམ་དཔེ་འདིའི་ནང་བརྡ་སྤྲོད་ཀྱི་གནས་ལུགས་ཤིག་སྦས་འདུག དེའི་དཀའ་གནད་དེ་བཀྲོལ་རོགས་ཟེར་ནས་ཚང་མར་རེ་སྐུལ་བྱས་འདུག་ཀྱང་དཀའ་གནད་བཀྲོལ་མཁན་ཕར་ཞོག་ཐ་ན་བསམ་ཚུལ་བརྗོད་མཁན་ཞིག་ཀྱང་ང་མ་གཏོགས་བྱུང་མི་འདུག ད་དཀའ་གནད་བཀྲོལ་མཁན་ཁྱེད་རང་གི་སྒང་ལ་སླེབས་མི་འདུག་གམ། ཁྱེད་རང་ནས་ནམ་རྒྱུན་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལས་འདས་ཏེ་བསམ་བློ་གསར་བ་མང་པོ་གཏོང་བཞིན་པར་རྗེས་སུ་ཡི་རང་ཡོད།
མགོན་ཕྱག་ལགས། ངས་སྦས་དོན་ཞེས་ཞུས་པ་ནི་ཀུ་རེ་ལ་ཞུགས་པ་ཡིན་ནོ།། གཏེར་སྟོན་གྱི་ནུས་པ་དེ་དགུང་དུ་སྤུར་ནས་ཤུལ་ཙམ་ཡང་མི་འདུག་གོ
བོད་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་རྗོད་པའམ་ཚིག་གྲུབ་ཀྱི་རྣམ་གཞག་མེད་པ་འདྲ་བ་དང་། གོང་གསལ་འདི་ལ་མཚོན་ན་ཡང་། མ་སྤྲད་ མ་ཟས་ མ་བསྡད་ལྟ་བུའི་བྱ་ཚིག་འདས་པ་བ་དེ་ལ་དགག་སྒྲས་བྱས་ཟིན་པ་བཀག་ དེ་ནས་བདག་སྒྲ་ལྟ་བུའི་ཕྲད་པ་སོགས་གང་ཐོབ་དེ་ལ་ལ་དོན་གྱི་ཕྲད་སྦྱར་ནས་བྱ་ཚིག་རྗེས་མ་འདྲེན་པའི་རྗོད་པ་ཞིག་སྟེ། དབྱིན་ཇིའི་སྐད་དུ་ without ཟེར་བ་དང་ཆ་མཚུངས་པའི་ཚིག་གྲུབ་ཀྱི་འགྲོ་ལུགས་ཤིག་འདུག་ཅེས་དྲན་པ་རེད། དཔེར་ན། “དོན་གྲུབ་ཀྱིས་ རིན་ཡང་ མ་སྤྲད་པར་དེབ་དེ་འཁྱེར་སོང་” དང་། “ཡི་གེ་འདི་མ་བསྐུར་པར་འབྱོར་པའི་ལུགས་སྲོལ་ཞིག་གང་ན་ཡོད།”ཅེས་པ་ལྟ་བུ། དེ་ཙམ་ཡིན། ཞོར་དུ་འདྲི་རྒྱུ་ཞིག་ལ་ཁྱེད་ལ་ངེད་ཀྱིས་བསྒྱུར་བའི་ཆུ་སྒང་གི་ལོ་རྒྱུས་དེ་ཡོད་དམ།
ང་ལ་དབྱིན་དེབ་མ་གཏོགས་མེད། ནང་པའི་དཔའ་རྟུལ་ཚོ་ཟེར་བ་དེ་ཟེར་གི་ཡོད་དམ།
འདི་རིགས་རྩོད་གཞི་བྱེད་པ་ནི་ཁྱོད་ཚོ་ཡིག་སྐད་དང་ཡུལ་སྐད་༼ཁ་སྐད་༽ཀྱི་བར་ཁྱད་ལ་མགོ་རྨོངས་ནས་ཡོད་པའི་རྟགས་ཤིག་རེད། ཡིག་སྐད་ཀྱི་ལམ་ནས་འབྲི་ན་ངེས་པར་དུ་བརྡ་སྤྲོད་རིག་པའི་འགྲོ་ལུགས་ལྟར་ཚིག་འཕྲད་ཐོབ་ཐང་སོགས་ལ་བསྟུན་ནས་ངེས་པར་དུ་གཟབ་འབྲི་བྱ་དགོས། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་འདི་གཅིག་གྱུར་གྱི་ཡིག་སྐད་གཙོར་བཟུང་གིས་གཏན་ལ་ཕབ་ཡོད། ཡུལ་སྐད་དམ་ཁ་སྐད་དུ་འབྲི་ན་སྒྲ་གདངས་ཐོན་པ་ཞིག་གཙོ་བོར་བཟུང་ནས་འབྲི་བ་ཡིན། འདིར་ཡང་ཕལ་ཆེ་བར་ཡི་གེའི་དག་ཆ་ལ་བརྡ་རྙིང་སོགས་ཀྱི་ལམ་ནས་ངེས་གཏན་ཡོད་པའི་གནད་འདི་ཤེས་དགོས། ཡིག་སྐད་དང་ཡུལ་སྐད་གཉིས་ལས་སྔ་མ་ནི་ལེགས་པར་གཅེས་པར་འཛིན་དགོས་པ་དང་། ཕྱི་མ་ནི་མི་ལེགས་པས་འབྲི་སྤྱོད་ལ་གོམས་པར་མ་བྱས་ན་བཟང་། དེང་འགའ་ཤས་ཤིག་གིས་རང་སྣང་གང་ཤར་གྱིས་སྒྲ་གདངས་ཐོན་ཙམ་གྱི་ཡུལ་སྐད་འབྲི་རུ་གོམས་པ་ཤུགས་ཆེ་རུ་འགྲོ་བ་ནི་བོད་ཀྱི་སྐད་ཡིག་གཅིག་གྱུར་གྱི་བཀག་འགོག་དང་། བརྡ་སྤྲོད་རིག་པའི་གཞུང་ལུགས་རྩིས་མེད་དུ་བཏང་བའི་ནོར་ཉེས་ཚབས་ཆེན་ཞིག་ཡིན་པ་ཤེས་པར་གྱིས་ཏེ། ཡིག་སྐད་གཙོར་བཟུང་གིས་བརྡ་སྤྲོད་རིག་པའི་གཞུང་ལ་བྱང་ཆུབ་པ་སྦྱོང་རྒྱུ་གལ་ཆེན་རེད་སེམས། འགར་ཚེ་རྒྱལ།
ཁ་དྲོ། བཀྲ་ཤིས།