མང་དང་དམངས་ཀྱི་ཁྱད་པར་མ་རྟོགས་པར།།
མང་གཙོ་འབྲི་བ་རང་སྣང་འཁྲུལ་བ་ཡིན།།
དམངས་གཙོའི་ཁུངས་ལུང་རྒྱུ་མཚན་འདི་ན་འཚེར།།
རང་དབང་ལྷ་མོ་སྤྱན་རས་འཁྱུག་ཙམ་གཡོས།།
མགོན་པོ་ཕྱག་གཉིས་བྱ་རྒྱལ་རྒོད་པོ་ཡིན།།
རྣམ་དཔྱོད་གཤོག་ཟུང་བརྐྱང་ནས་འཕུར་རྒྱུ་ཡིན།།
རི་བོ་མཐོ་མཐོ་ཡོད་ན་དམའ་བོ་བྱོས།།
བན་རྒན་མགོ་མཁྲེགས་ཡོད་ན་དམའ་བོ་བྱོས།།
དེང་གི་དུས་འདིར་དབྱིན་སྐད་ཀྱི་ Democracy ཞེས་པའི་ཚིག་ཐོག་མའི་སྐད་ཁུངས་གྷི་རིག་ལ་ཐུག་པ་འདི་ལ་ང་ཚོའི་སྤྱི་ཚོགས་ནང་མང་གཙོ་དང་དམངས་གཙོ་ཞེས་འབྲི་སྲོལ་མི་འདྲ་བ་གཉིས་ཡོད་པ་རེད། དེ་ལ་མཁས་པ་དུ་མ་ཞིག་ནས་རང་རང་གི་བཞེད་ཕྱོགས་མི་མཐུན་པ་བྲིས་ཏེ་རྩོད་གཞི་ཅན་ཞིག་ཏུ་གྱུར་ཞིང་ད་དུང་ཡང་ཡོངས་སུ་གཅིག་གྱུར་བྱུང་མེད་པ་རེད། རྩོད་གཞི་རྙིང་པ་འདི་ཡང་སྐྱར་གླེང་རྒྱུའི་འདོད་པ་ཆེན་པོ་མེད་ནའང་དྲ་གྲོགས་ BONPOལགས་ནས། ཁོ་བོས་བྲིས་པའི་རྩོམ། མཚོ་དང་འཚོ་ཡི་ཁྱད་པར་བཤད་པ་གཡུ་མཚོ་སྔོན་མོའི་ཐིགས་པ་ཞེས་པའི་དཔྱད་མཆན་ནང་འདིའི་སྐོར་ང་ལ་དྲི་བ་བཏོན་འདུག་པས་དྲི་ལན་མ་སྟོང་ཙམ་འབུལ་བར་བྱའོ།
གཅིག མང་གཙོ་ཞེས་པར་དཔྱད་པ།
མང་གཙོ་ཞེས་པའི་ཚིག་འདི་འབྲི་མཁན་གཙོ་བོ་ཞིག་ནི་ཟམ་གདོང་རིན་པོ་ཆེ་ཡིན་པ་དང་ཁོང་གི་སྐུ་དབང་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གིས་མཚོན་པའི་མི་སྐོར་ཞིག་ནས་ཚིག་འདི་འབྲི་བཞིན་པ་རེད། ཚིག་འདི་གོང་དུ་བརྗོད་པ་ལྟར་དབྱིན་ཚིག་ Democracyནས་ཡོང་བ་དང་། Demoནི་མི་མང་དང་cracyནི་དབང་བསྒྱུར་བའི་དོན། གྷི་རིག་གི་སྐད་ལྟར་ན་κράτος kratos ཡི་ཐད་ཀའི་དོན་ངོ་མ་ནི་ power ཏེ་སྟོབས་ཤུགས་ལ་འཇུག་པར་བཤད། དེ་ཡིན་ན་མི་མང་གི་སྟོབས་ཤུགས་སམ་གཙོ་ཤུགས་ཀྱིས་གྲུབ་པའི་གཞུང་དེ་ལ་གོ་བའོ། དབྱིན་ཚིག་འདིའི་གོ་བ་ལེན་སྟངས་དང་འགྲེལ་སྟངས་ལ་ང་ཚོར་རྩོད་གཞི་མེད་པར་ཕལ་ཆེར་གཅིག་མཐུན་རེད། དེས་ན་ད་ལྟའི་མི་མང་གི་ཆེད་དུ་མི་མང་གིས་གྲུབ་པའི་མི་མང་གི་གཞུང་འདི་ལ་དམངས་གཙོ་འབྲིའམ་མང་གཙོ་འབྲི་དེ་ང་ཚོའི་རྩོད་གཞི་རེད།
ཟམ་གདོང་རིན་པོ་ཆེས་མང་གཙོ་བྲིས་ན་ལེགས་པའི་སྐོར་ལ་རྩོམ་ཡིག་ཅིག་ཀྱང་བྲིས་ཏེ་ལྗང་གཞོན་༡༩༩༡ འདོན་ཐེངས་༢ ནང་བཀོད་པ་རེད། ཁོང་ནས་ གོང་གི་དབྱིན་ཚིག་དེའི་དོན ་་མི་མང་སྲིད་དབང་་ངམ ་་མི་མང་དབང་བསྒྱུར་་ ཞེས་བསྒྱུར་དགོས་ཚུལ་གསུངས་པ་དང་ཆབས་ཅིག ་་ཕྱིས་སུ་མི་མང་ནང་ནས་མང་ཕྱོགས་ཀྱིས་ཐག་གཅོད་བྱས་པའི་སྲིད་སྲོལ་ལའང་གོ་བར་འདུག་པས ་་མང་གཙོ་་ ཞེས་པ་དོན་དང་མི་འགལ། ཞེས་གསུངས། དེས་ན་མང་ཕྱོགས་ཀྱིས་ཐག་གཅོད་བྱེད་པ་ཙམ་ལ་བརྟེན་ནས་མང་གཙོ་ཞེས་བྲིས་པ་གསལ། ད་དུང་དེའི་རྒྱབ་རྟེན་དུ། ཆེས་སྔོན་ནས་རྒྱ་གར་དུ་བྱུང་བའི་སྲིད་ལུགས་ ་་ཚོགས་ཀྱིས་དབང་བ་་ དང་། ་་མང་པོས་བཀུར་བ་་ ཞེས་པའི་ཚིག་གཉིས་ལུང་དྲངས་ཤིང་དེ་ལ་འགྲེལ་བརྗོད་ཀྱང་གནང་འདུག
ཟམ་གདོང་རིན་པོ་ཆེའི་དགོངས་ཚུལ་འདི་ལ་ལྟ་ཙམ་བྱས་ན་བདེན་མདོག་དང་མང་གཙོ་ཟེར་ན་བདེ་མདོག་ཁ་པོ་ཡོད་ཀྱང་། ཞིབ་ཙམ་དཔྱད་པ་ཡིན་ན་གཞི་འཛིན་འོས་པའི་ཁུངས་ལུང་དང་གནས་ལུགས་ལྡན་པ་ཞིག་མ་རེད། རྒྱུ་མཚན་ནི་དེང་དུས་ཀྱི་ཌེ་མོ་ཁིར་སེ་ཞེས་པ་དེ་ནི་མང་ཕྱོགས་ཀྱིས་ཐག་གཅོད་བྱས་པ་ཙམ་གྱིས་སྟོན་ཐུབ་ཀྱི་ཡོད་པ་མ་རེད། ཚོགས་ཀྱིས་དབང་བ་དང་མང་བཀུར་ཡང་ཌེ་མོ་ཁིར་སེ་དང་རྒྱ་ཐག་རིང་བོ་རེད། མང་གཙོ་བྲིས་ན་ལེགས་པའི་དགོངས་ཚུལ་ཡོད་མཁན་གཞན་ཞིག་ནི། རག་ར་རིན་པོ་ཆེ་རེད། ཁོང་གིས་ཀྱང་ཟམ་གདོང་རིན་པོ་ཆེ་ལྟར། མང་པོས་བཀུར་བའི་ཚོགས་ཀྱིས་བསྐྱངས་པ། མང་བཀུར་སྡེ་པ་སོགས་ལ་མང་བཀུར་ལས་དམངས་བཀུར་ཞེས་ལོ་ཙྰ་བ་ཆེན་པོ་ཚོས་བྲིས་མེད་པ་དེ་ད་སྔོན་འཇུག་ཆིག་དང་ས་ཡང་འཇུག་ཅིག་བྲི་མ་མཁྱེན་པ་དང་བྲི་རྒྱུ་ལུས་པ་ག་ལ་ཡིན་ཟེར་ནས་བྲིས་འདུག དེ་ལ་མང་པོས་བཀུར་བ་དང་མང་བོའི་ཚོགས་ཀྱིས་བསྐྱངས་མང་དང་འབྲེལ་བས་དེ་ལྟར་བྲིས་པ་ནི་ཡང་དག་པའོ། ཌེམོ་ཁིར་སེ་ཡིས་མི་མང་གཙོ་བོ་ཡིན་པ་སྟོན་གྱི་ཡོད་པ་རེད། ད་དུང་འདྲ་མཉམ་དང་མི་སྒེར་གྱི་ཐོབ་ཐང་སོགས་ཀྱང་དེའི་ནང་ཚུད་ཡོད་པ་རེད། མང་གཙོ་ཟེར་བའི་མིང་དེས་མང་བ་ཙམ་ལས་མི་མང་གི་དོན་སྟོན་ཐུབ་ཀྱི་མེད་པ་རེད།
ང་ཚོ་ལ་དམངས་ཟེར་བའི་ཚིག་ཅིག་ཡོད་པ་རེད། དེས་མི་མང་གི་དོན་སྟོན་ཐུབ་ཀྱི་ཡོད་པ་རེད། དེས་ན། དམངས་གཙོ་ཟེར་ནས་བྲིས་ན་དེས་མི་མང་གཙོ་བོ་ཡིན་པ་དེ་སྟོན་པས། མང་གཙོ་ལས་དམངས་གཙོ་ཌེ་མོ་ཁིར་སེ་ཡི་དོན་དང་ཉེ་བ་རེད།
༡ ཟམ་གདོང་རིན་པོ་ཆེས་དམངས་གཙོ་དགག་པར་དཔྱད་པ།
ཟམ་གདོང་རིན་པོ་ཆེས་ ་་དམངས་གཙོ་་ཞེས་པ་ནི། ཌེམོཀེརེསྰི ཞེས་པའི་ཚིག་དོན་སྟོན་ནུས་པར་མ་མཐོང་ངོ་་ཞེས་བྲིས་འདུག དེའི་རྒྱུ་མཚན་དུ། མང་ཞེས་པ་གྲངས་ཀྱི་གསལ་བྱེད་དང་། དམངས་ཞེས་པ་རིགས་སམ་གྲལ་རིམ་གྱི་གསལ་བྱེད་ཡིན་ཞེས་ཚིག་མཛོད་དང་སྔོན་གྱི་འགྱུར་མི་འདྲ་བ་སོགས་ནས་ཁུངས་ལུང་མང་པོ་ཞིག་དྲངས་ཏེ། མཐར་དམངས་ཞེས་པ་བྲན་འཁོལ་དང་། གདོལ་པ། ཕལ་པ་བཅས་ཀྱི་དོན་ལས་མི་མང་དང་མང་ཚོགས་ཀྱི་གོ་བྱེད་དུ་སྦྱར་བ་གཅིག་ཀྱང་མེད། རྒྱུན་ལྡན་སྨྲ་བརྗོད་དུའང་། དམངས་རྩམ། དམངས་ཆང་། དམངས་གཞས་སོགས་མི་ཕལ་པའམ་གྲལ་རིམ་ཕལ་པ་ཞིག་གི་ཆེད་གོ་བ་ཡོངས་གྲགས་སུ་འདུག ཅེས་མ་བརྟག་པ་རྣམས་ཀྱི་ངོར་མཁས་བཤད་བླ་མ་མཁྱེན་ཞིག་གནང་འདུག་ཀྱང་། བརྟག་པ་ཡིན་ན་རང་གི་རྐུབ་གཡོགས་རངགིས་དབྲལ་འདུག གོང་གསལ་དམངས་ཀྱི་འཇུག་ཡུལ་ཚོའི་ནང་གི་ ་་ཕལ་པ་་ ཟེར་བ་དེ་ཅི་རེད། རིན་པོ་ཆེས་མི་ཕལ་པ་དང་གྲལ་རིམ་ཕལ་པ་ཟེར། མི་ཕལ་པ་དང་གྲལ་རིམ་ཕལ་པ་དེ་སུ་རེད། ཨ་དེ་ལ་རྨོངས་དགོས་པ་ཞིག་ཡོད་པ་མ་རེད། དེ་ནི་མི་མང་ཕལ་པའམ་དམངས་རྣམས་ལ་ཟེར་གྱི་ཡོད་པ་རེད། དེས་ན། དམངས་གཙོ་ཞེས་པའི་ཚིག་འདི་གོང་གི་རིན་པོ་ཆེའི་གསུང་། དམངས་རྩམ། དམངས་ཆང་། དམངས་གཞས་ཟེར་བ་དག་གི་གྲལ་དུ་ཤིན་ཏུ་ནས་ཀྱང་མཛའ་འོ། དམངས་རྩམ། དམངས་ཆང་། དམངས་གཞས་ཞེས་པའི་ཐ་སྙད་དག་ལས་དམངས་ཞེས་པ་འདིའང་མི་མང་ལ་འཇུག་པ་མ་གཏོགས་རིགས་དམན་པར་འཇུག་པ་མ་ཡིན་ནོ།
༢ ཟམ་གདོང་རིན་པོ་ཆེ་དམངས་གཙོར་རྣམ་རྟོག་ཟ་དོན་གཅིག་ནི། དམངས་དེ་རིགས་དམའ་བ་དང་གདོལ་པའི་དོན་ཡིན་པ་དེ་རེད། ཁོང་དམངས་གཙོ་ལ་རྣམ་རྟོག་ཟ་དོན་གཉིས་པ་ནི། ཁོང་ནས ་་དམངས་གཙོ་ཞེས་པའི་ཚིག་ནི། རྒྱ་དམར་གྱིས་བོད་དུ་བཙན་འཛུལ་རྗེས་སྐད་ཡིག་གི་བཙན་གནོན་གྱི་ཆ་ཤས་སུ་བྱུང་བ་ད་ལྟའི་བར་བོད་མིའི་ངག་རྒྱུན་ལ་སྣང་མེད་དུ་འབྱར་བ་ཞིག་ཡིན་པ་ངོས་ཟིན་དགོས། ཐོག་མའི་ཡིག་ཆ་འགའ་རེའི་ནང་། འབངས་གཙོ་དང་། མི་སེར་དབང་གཙོ། མི་སེར་རྒྱལ་ཁབ་སོགས་ཀྱི་ཚིག་སྦྱོར་ཐ་ཐོར་བྱུང་བའང་དམངས་གཙོ་ཞེས་པ་ལས་བཟང་བར་འདུག་་ཅེས་གསལ། འདི་ནི་བོད་མིའི་ངག་རྒྱུན་ལ་སྣང་མེད་དུ་འབྱར་བ་ཞིག་མིན་པར་།བོད་ཀྱི་མཁས་དབང་རྒན་པོ་ཚོས་དམངས་ཀྱི་གོ་དོན་ལེགས་པར་རྟོགས་པའི་སྒོ་ནས་ ་་མི་མང་གཙོ་བོ་་ ཡིན་པའི་དོན་ཅན་ལ་དམངས་གཙོ་ཞེས་བསྒྱུར་བ་ཞིག་རེད། འདི་ཡོངས་ཁུངས་རྒྱ་མིའི་དམར་གཞུང་ཡིན་ནའང་སྒྱུར་མཁན་བོད་ཀྱི་མཁས་དབང་རྒན་པ་ཚོ་རེད། ཁོང་ནས་འབངས་གཙོ་བཟང་བར་མཐོང་བ་དང་དམངས་གཙོ་མི་བཟང་བར་མཐོང་བ་ནི་ད་ལྟ་བལྟས་ན་ས་རིས་ཐང་གསལ་རེད། དམངས་དེ་གདོལ་པའི་དོན་དུ་མཐོང་བས་རེད། མི་སེར་དབང་གཙོ་ཟེར་བའི་ཚབ་དམངས་གཙོ་ཟེར་ན་ཧ་ཅང་སྟབས་བདེ་རེད་མོད་ཁོང་གི་ཐུགས་ནང་དམངས་ཀྱི་རིགས་རུས་འབྱུང་ཁུངས་ལེགས་པོ་མིན་པར་མཐོང་གི་ཡོད་པས་ཁག་མི་འདུག ཐོག་མའི་ཆར་གདོལ་པའི་དོན་ཅན་གྱི་དམངས་ཡིག་འདི་ད་ལྟ་མཐོ་བ་སྲིད་འཛིན་གྱི་ཁྱབ་ཁོངས་སུ་རྣམ་རྟོག་དང་བཙོག་ལྟ་མཁན་མེད་པར་སླེབས་པ་ཡིན་ན་དེ་ནི་ལྷག་ཏུའང་དམངས་གཙོའི་གོ་དོན་མཚོན་ཐུབ་ཀྱི་ཡོད་པ་རེད། ད་རུང་གྲལ་རིམ་གྱི་དབྱེ་བ་དང་རིགས་རུས་ཀྱི་མཐོ་དམན། སྲིད་དོན་ཚོགས་པ་བྱེ་བྲག་པར་རྣམ་རྟོག་སྐྱེས་བསྡད་ན་དམངས་གཙོ་ཟེར་བ་ཁ་ཙམ་མ་ཡིན་ནམ། ཨ་ཟམ་གདོང་རིན་པོ་ཆེ།
གཉིས། དམངས་གཙོར་དཔྱད་པ།
དབྱིག་ཡིག་གི་ཌེ་མོ་ཁིར་སི་ལ་དམངས་གཙོ་ཞེས་འབྲི་མཁན་ནི་རྒྱ་གཞུང་དང་བོད་ནང་གི་བོད་མི་ཡོངས་དང་བཙན་བྱོལ་དུའང་མི་གང་འཚམས་ཤིག་ཡོད་པར་འདོད། བོད་མིའི་མི་འབོར་ལ་བརྒྱ་ཆ་བཀུག་ན་དམངས་གཙོ་འབྲི་མཁན་མང་བ་ཡོད་པ་རེད། དམངས་གཙོ་ཟེར་བ་འདི་དང་པོ་ངོ་མ་ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར་རྒྱ་གཞུང་གི་བོད་ཡིག་ཡིག་ཆ་ཁག་ནང་དང་པོར་བྱུང་བ་རེད། དེ་ཡང་རྒྱ་ཡིག་གི་མེན་ཀྲུའུ་ཞེས་པ་དེ་ནས་བསྒྱུར་ཡོང་བ་རེད། མེན་ཀྲུའུ་ནི་མེན་ཟེར་ན་མི་མང་ངམ་དམངས་དང་། ཀྲུའུ་ཟེར་ན་གཙོ་བོའི་དོན་དག་ལ་འཇུག་པ་རེད། མི་མང་གཙོ་བོ་ཡིན་པའི་གཞུང་དེ་ལ་དམངས་གཙོ་ཞེས་བྲིས་ན་བདེ་མིན་མ་བཤད་གོང་། དམངས་ཞེས་པའི་དོན་འདི་ལ་དཔྱད་ཞིབ་མུ་མཐུད་དུ་བྱས་ནས་ཁུངས་ལུང་འཚོལ་དགོས་པ་དེ་གལ་ཆེན་པོར་མཐོང་།
༡ མི་མང་གི་ཚབ་ལ་དམངས་འབྲི་བ་དེ་རྒྱལ་དབང་ལྔ་པ་བར་ཁུངས་འདེད་བྱེད་ཐུབ།།
དམངས་གཙོའི་སྐོར་ལ་ཁུངས་ལུང་རྒྱུ་མཚན་ཡོད་པའི་དཔྱད་རྩོམ་ལེགས་པོ་ཞིག་སྔོན་མ་སྐུ་ངོ་ཞེ་བོ་ནས་བྲིས་པ་ཞིག་མཐོང་ཡང་ད་ལྟ་ཁོང་གི་ཕྱག་རྩོམ་དེ་འདིར་མེད། གསལ་པོ་ཞེ་དྲག་མེད་ཀྱང་ཁོང་གིས་མི་མང་ལ་མི་དམངས་ཞེས་པའི་འབྲི་སྲོལ་དེ་རྒྱལ་དབང་ལྔ་པའི་སྐབས་ཤིག་ནས་བྱུང་བར་ཁུངས་ལུང་རྒྱུ་མཚན་དྲངས་ཏེ་དཔྱད་རྩོམ་ལེགས་པོ་ཞིག་བྲིས་ཏེ་དམངས་གཙོ་འབྲི་མཁན་གྱི་ཕྱོགས་བཟུང་བ་རེད་བསམས། ཁོང་གི་རྩོམ་འདིར་མེད་ཀྱང་ངས་འདིར་རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀྰུ་ལའི་གོས་བཟང་ལ་མིག་བཤེར་ཙམ་བྱས་པས་མི་མང་གི་དོན་དང་འབྲེལ་བ་དང་མི་མིང་གི་དོན་ཅན་དམངས་ཡིག་ཁ་ཤས་ཤིག་རྙེད་སོང་། ཤེས་རིག་ལས་ཁུངས་ནས་པར་བརྒྱབ་པའི་འཁྲུངས་རབས་དེབ་༢ ཤོག་གྲངས༣༢༨ ཐོག ་་མི་དམངས་དེ་འདྲའི་ཡོན་ཏན་སློབ་པར་བླ་མར་མི་བརྩི་བའི་སྟབས་ཞལ་ངོ་ཡང་སྒྲའི་སློབ་དཔོན་ལ་ཐུགས་དོགས་ཆུང་་ཞེས་དང་། ཤོག་གྲངས་༣༢༩ལ། ་་གྲྭ་དམངས་ཀྱིས་གསུང་མ་ཉན་པར་་ ཞེས་དང་། ཤོག་གྲངས་༣༣༡ པར། ་་མི་དམངས་ཀྱིས་ཀུན་སློང་ངན་པས་དགོན་པ་བཏབ་་ཅེས་དང་།ཤོག་གྲངས་༤༠༢མགོར། ་་ནད་སྣ་ཐོར་བུ་བྱུང་བར་ཆོས་སྐྱོང་ཆེན་པོས་སྒར་དམངས་ལ་མཆེད་དོགས་པའི་ངོ་འདུག་པས་་ཞེས་དང་། ཤོག་གྲངས་༤༠༦ལ། ་་པྰ་རས་སྡེ་དམངས་དང་རྒྱ་འདྲེས་པའི་སྟོང་ཕྲག་ལྔ་ཙམ་ལ་་ཞེས་དང་། ཤོག་གྲངས་༤༣༡ན། ་་མི་དམངས་འདི་རྒྱུ་མཚན་མ་གོ་བའི་མཐོང་སྣང་ངན་པ་ཞིག་འདུག་པས་་ ཞེས་དང་། ཤོག་གྲངས་༤༨༡ན། ་་དེ་ནས་ཆོས་སྐྱོང་ལ་འཚལ་ཞེས་ཕྱིར་བསྟད་ནས་གསུམ་འཚལ་བའི་དམངས་དང་མི་མཐུན་པ་ཞིག་གདའ་་ཞེས་་སོགས་གསལ་ལ། དུ་ཀྰུ་ལིའི་མཇུག་སྡེ་སྲིད་ཀྱིས་བརྩམས་པ་ལྟར་ཁོང་ནས་ཀྱང་། ཤོག་གྲངས་༥༦༦ ལ། གྲྭ་དམངས་བརྒྱ་སྐོར་དང་ཞེས་དང་དེ་ནས་མར་གཤམ་དུ་སོག་དམངས་ལྔ་བརྒྱ་སྐོར་ལ་ཕྱག་ནས་གནང་ཞེས་སོགས་མི་མང་གི་ཚབ་ཏུ་དམངས་བྲིས་པ་གང་སར་མཐོང་རྒྱུ་ཡོད་པས་དམངས་དེ་རིགས་ངན་པ་གཅིག་པུ་ལས་མི་འཇུག་པའི་རྣམ་རྟོག་དེ་སྐྱེ་དགོས་མི་འདུག་ལ་མི་མང་གི་དོན་སྟོན་མི་ཐུབ་པར་འདོད་པ་དེའང་ནོར་འཁྲུལ་ཡིན་པ་རང་གི་ལུང་གིས་རང་གི་རྐུབ་གཡོགས་དབྲལ་ཡོད་པ་མ་ཟད་གོང་གསལ་འདི་དག་གིས་ཡང་སྐྱར་ཁོང་གི་ནོར་བར་གསལ་བཤད་བྱས་འདུག
༢ དམངས་དང་མང་གི་ཁྱད་པར།
དམངས་དང་མང་གི་ཁྱད་པར་ནི་བོད་ཡིག་ལ་གོ་བ་གང་འཚམས་ཡོད་པ་ཞིག་ཡིན་ཕྱིན་ལམ་སང་རྟོགས་ཐུབ་པ་ཞིག་རེད། དམངས་ནི་མིང་ཞིག་ཡིན་པ་དང་མིང་ཞིག་ཡིན་ཕྱིན་རང་ངོས་ནས་དོན་དག་ཅིག་སྟོན་ཐུབ་པ་རེད། དམངས་ཞེས་པའི་མིང་རྐྱང་ངམ་ཡི་གེ་རྐྱང་བ་འདི་གཅིག་པུས་ཀྱང་མི་མང་ཞེས་ཡིག་འབྲུ་གཉིས་ཅན་འདིའི་དོན་ཆ་ཚང་སྟོན་ཐུབ་པ་རེད། ཡང་དེ་ལས་ལྡོག་སྟེ་མང་ཞེས་པ་འདི་ནི་མིང་གི་ཁྱད་ཆོས་སྟོན་བྱེད་ཀྱི་ཚིག་ཅིག་ཡིན་པས་མིང་གཞན་ཞིག་དང་མཉམ་སྦྱར་མ་བྱས་པར་རང་ངོས་ནས་དོན་གང་ཡང་སྟོན་མི་ཐུབ་པ་རེད། དམངས་གཙོ་ཟེར་ན་མི་མང་གཙོ་བོ་ཡིན་པའི་ཌེ་མོ་ཁིར་སེའི་དོན་སྟོན་ཐུབ་ཀྱང་། མང་གཙོ་ཟེར་ན་མང་བ་ཙམ་གཙོ་བོ་སྟོན་པ་ལས་དམངས་གཙོའི་གོ་དོན་སྟོན་མི་ཐུབ་བོ། བར་འདིར་ངས་ངེས་པར་དྲན་གསོ་བྱེད་འདོད་པ་ཞིག་ལ། ལ་རྩེ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་པདྨ་འབུམ་ལགས་ཀྱིས་ཀྱང་། མང་ལས་མཆེད་པའི་དམངས་ཞེས་པའི་དཔྱད་རྩོམ་སྤྲོ་སྣང་སྟེར་ཐུབ་པ་ཞིག་བྲིས་ཏེ་མང་གཙོ་ལས་དམངས་གཙོ་ལེགས་པ་དང་བོད་ཕྱི་ནང་གཉིས་སུ་རྒྱུག་ཆེ་ཚུལ་བྲིས་ཏེ། ལྗང་གཞོན་ ༡༩༩༡ །༣ པའི་ཐོག་བཀོད་ཡོད་པ་རེད། ཁོང་གི་དཔྱད་རྩོམ་ནང་། དམངས་ལ་ཁུངས་ལུང་ཡོད་མེད་དང་སྔོན་མ་ནས་འབྲི་རྒྱུན་ཡོད་མེད་སོགས་གླེང་སློང་མ་བྱས་པར། མང་དང་དམངས་ཞེས་པའི་མིང་ཚིག་འདི་གཉིས་རང་གི་གྲུབ་ཚུལ་དང་འབྲེལ་བའི་སྐོར་བོད་ཀྱི་སྐད་དང་བརྡ་སྤྲོད་ཀྱི་གྲུབ་སྟངས་གཞིར་བཟུང་ནས་དཔྱད་བརྗོད་སྙིང་རྗེ་བོ་ཞིག་བྱས་ཡོད་པ་རེད། ཁོང་ནས། ་་ཟམ་གདོང་རིན་པོ་ཆེས་གཞུང་ལུགས་ཁག་དང་སྐད་རིགས་ཁག་ལ་དཔྱད་བསྡུར་གྱིས་ཐུགས་ཞིབ་གནང་བ་གལ་ཆེན་པོར་བཟུང་སྟེ། མང་དང་དམངས་གཉིས་ཀྱི་ཚིག་གི་ངོ་བོ་དང་འབྲེལ་བ་བཅས་ལ་ཐུགས་ཞིབ་གནང་རྒྱུ་མ་བྱུང་བ་འདྲ་་ ཞེས་ མང་དང་མངས། དམངས་བཅས་ཀྱི་འབྲེལ་བ་དང་མང་ལས་དམངས་མཆེད་ཚུལ། ཁྱད་ཚིག་མང་གིས་དོན་བྱེ་བྲག་པ་ཞིག་སྟོན་མི་ཐུབ་པ་དཔེ་མཚོན་དང་བཅས་རྒྱས་བཤད་བྱས་ཡོད་པ་དང་། དམངས་ཡིག་གིས་གཞུང་གི་ཁྲིམས་འོག་ཏུ་ཚུད་པའི་མི་སེར་ཡོངས་རྫོགས་སྟོན་ཐུབ་པར་བཤད་པ་སོགས་ནི་སྲིད་དོན་དང་ཆེར་མ་འབྲེལ་བར་བོད་ཀྱི་སྐད་དང་བརྡ་སྤྲོད་གཞིར་བཞག་ནས་བྲིས་པའི་དཔྱད་བརྗོད་ལེགས་པོ་ཞིག་ཏུ་མཐོང་། ཞེ་བོ་བློ་བཟང་དར་རྒྱས་ལགས་དང་པདྨ་འབུམ་ལགས་ཀྱི་དཔྱད་བརྗོད་གཉིས་ཀྱིས་ངས་དམངས་གཙོ་བྲིས་ན་བཟང་བར་མཐོང་བའི་ལྟ་ཚུལ་ལ་ཤུགས་རྐྱེན་ཐེབས་ཡོད་ཅེས་འདིར་བཤད་འདོད་བྱུང་།
སྡོམ།
མཐའ་སྡོམ་ནི། གོང་གསལ་དཔྱད་ཞིབ་ཁག་ལས་ཤེས་ཐུབ་པ་ནི། ༡ དམངས་དེ་གདོལ་པ་དང་རིགས་ཐ་མ་གཅིག་པུའི་དོན་ལས་འདས་ཏེ་མི་མང་གི་དོན་སྟོན་ཐུབ་པ་གསལ་པོ་ཞེ་དྲག་རེད། ༢ དམངས་གཙོས་ཌེ་མོ་ཁིར་སེའི་དོན་མི་མང་གཙོ་ཆེ་བ་དེ་སྟོན་ཐུབ་ཀྱང་མང་གཙོས་མང་བ་གཙོ་ཆེ་བ་ཙམ་ལས་མི་མང་གཙོ་ཆེ་བ་སྟོན་མི་ཐུབ་བོ། ༣ དམངས་གཙོ་ནི་བོད་ཡིག་ནང་འབྲི་སྤྱོད་བྱས་ཏེ་ཉུང་མཐར་ལོ་དྲུག་ཅུ་ལྷག་གི་ལོ་རྒྱུས་ཡོད་པ་དང་འབྲི་ཁྱབ་ཆེ་བ། ཟམ་གདོང་རིན་པོ་ཆེ་བར་དུ་དེ་ལ་རྩོད་གླེང་བྱེད་མཁན་སུ་གང་ཡང་བྱུང་མེད་པ།
༤ ཟམ་གདོང་རིན་པོ་ཆེའི་སྐབས་ནས་དམངས་གཙོ་ལ་འབྲི་ཐབས་གཉིས་བྱུང་བ་ཡང་། མཐར་དེད་ཕྱིན་ན་ཁོང་གི་དགོངས་ཚུལ་དེ་ཚོ་ཁུངས་གང་ཡང་མེད་པ།
༥ གོང་གསལ་རྒྱུ་མཚན་དག་ལས་སྔར་བཞིན་ཚང་མས་གཅིག་གྱུར་གྱིས་དམངས་གཙོ་རང་བཀོལ་ན་ལེགས་ཤོས་དང་འཚམས་ཤོས་སུ་མཐོང་བ་བཅས་རེ་ཞིག་རྫོགས་སོ།
སྨྲས་པ། མང་བ་གཙོ་ཆེ་ཙམ་ནི་དམངས་གཙོ་མིན།།
མང་པོས་ཚོགས་ཀྱིས་བསྐྱངས་པ་དམངས་གཙོ་མིན།།
མང་པོས་བཀུར་བ་ཙམ་ཡང་དམངས་གཙོ་མིན།
དམངས་རིགས་གདོལ་པར་བཤད་ན་དམངས་གཙོ་མིན།།
རྒྱལ་དམངས་དཔལ་འབྱོར་རྒྱལ་མང་དཔལ་འབྱོར་དང་།།
འོས་ཤོག་མང་ཐོབ་འོས་ཤོག་དམངས་ཐོབ་དང་།།
མང་གཙོ་ཟེར་བ་གྲངས་ག་གཙོ་ཆེ་ཞིང་།།
དམངས་གཙོ་ཟེར་བ་མི་མང་གཙོ་ཆེའོ།།
ཟམ་གདོང་བླ་མའི་ཐུགས་ཀྱིས་མ་འཆུན་པའི།།
མང་དང་དམངས་ཀྱི་ཁྱད་པར་ལེགས་འབྱེད་མཁན།།
མ་ཧྰ་ཀ་ལའི་རིགས་གྱུར་ཕྱག་གཉིས་པའི།།
གསུང་ལ་མངོན་པར་བསྟོད་ཅིང་རྗེས་ཡི་རང་།།
མགོན་པོ་ཕྱག་གཉིས་པས་མང་དང་དམངས་ཀྱི་ཁྱད་པར་གསལ་ཞིང་གསལ་བ་ཞིབ་རྒྱས་སུ་གསུངས་པ་ཤིན་ཏུ་ལེགས་སོ།
དམངས་གཙོའི་རྒྱལ་ཁབ་ནས་མང་མོས་ལ་རྒྱལ་ཁ་ཐོབ་པ་རེད། དམངས་གཙོ་ནི་མང་གཙོ་དང་ཉུང་གཙོ་གཉིས་ཆ་ཚུད་པའི་ལམ་ལུགས་རེད། མང་གཙོའི་རྒྱལ་ཁབ་ནས་མང་ལ་རྒྱལ་ཁ་ཐོབ་པ་རེད། མང་གཙོ་ནི་མང་གཙོ་ལས་ཉུང་ལ་ཐེ་ཇུས་མེད་པའི་ལམ་ལུགས་རེད། འདི་གཉིས་ཀྱི་ལས་དང་རྒྱུ་འབྲས་རྩི་ཚུལ་ཁ་ཁ་སོ་སོ་རེད། མང་ཁ་ཉུང་གི་མི་རྟེན་ནིའི་རྒྱལ་ཁབ་ལ་དྲང་མོ་མེད་པའི་རྟགས་རེད། བོད་འདི་འདི་མོ་ཟིག་གི་ལོག་མི་ཉན་ཡ། ཨོ་ཁ་བརྡ་ཚང་གིས་ཉིན་ཁ་ཤས་ཤིག་ལ་ངའི་སྐེ་སྒོག་དང་མ་སྒོག་བསྒགས་སོང་། དེ་རིང་ཡང་དབུགས་ཅིག་ལེན་ཨེ་ཐུབ་ལྟ་རེད། ཚེ་རིང་རྒྱུ་མིན་ནི་ཞིག་ལ་རིག་གི། བླ་མ་དཀོན་མཆོག་མཁྱེན།
ཕྱག་གཉིས་པར་དམར་ཕྱོགས་ལ་དུང་ཞེན་ཡོད་པས་དམངས་ལ་དགའ་བ་རེད། གུང་བྲན་ཏང་བོད་ལ་མ་ཡོང་གོང་ལ་དམངས་ཟེར་བ་འདི་དམངས་རིགས་ལས་གཞན་ལས་གོ་དོན་མེད་ཟེར་ན་ཕལ་ཆེར་ཆོག་་་་་་་ལྔ་བའི་རྣམ་ཐར་དེ་ཡིག་འབྲི་བས་བྲིས་བ་མིན་འགྲོ ཌེ་མོ་ཁིར་སེའི་ཟེར་བ་དེའི་ནང་དོན་གཙོ་བོ་ནི་འོས་ཤོག་མང་ཉུང་བསྡུར་བ་དེ་མ་རེད། མི་མང་ཤོས་ཀྱི་འདོད་ཐོག་འཇོག་དགོས་པ་དེ་ཡང་མ་རེད། འོ་ན་་་་མི་ཉུང་བའི་ཕྱོགས་ལ་ཕན་ཐོག་མི་འདུག་ག རྒྱ་གཞུང་དང་མགོན་འབུམ་སོགས་ཀྱི་ཞེ་འདོད་ལྟར་གཞུང་གི་ལྡོག་ཕྱོགས་ཀྱི་མི་མང་ལ་དམངས་ཞེས་བཏགས་པ་དེ་ཡང་མ་རེད། དེ་ན་གཞུང་ཕྱོགས་ཀྱི་མི་ལ་ཕན་ཐོག་མི་འདུག་ག ཌེ་མོ་ཁིར་སེའི་ཟེར་བ་དེ་མི་ཚང་མ་ལ་ཕན་ཐོག་ཡོད་པ་ཞིག་རེད། མི་རེ་རེ་་གཙོ་བོ་དང་གལ་ཆེན་རེད། དེ་ནི་རྒྱལ་ཁབ་དང་ཚོགས་པ་གང་ཡིན་ཡང་དེའི་མི་གཅིག་ཀྱང་མ་ལུས་པའི་མི་རེ་རེ་ནུས་པ་ཕྱོགས་གཅིག་ལ་བསྡུས་པའི་ཚོགས་དེ་གཙོ་བོ་བྱེད་པའི་དོན་རེད། དེ་ལ་དོན་ཉེ་བའི་མིང་ཞིག་དགོས་ན་ཚོགས་གཙོ་ཟེར་ན་གོ་དོན་གསལ་རུ་འགྲོ
ང་ཚོ་ལ་དམངས་ཟེར་བའི་ཚིག་ཅིག་ཡོད་པ་རེད། དེས་མི་མང་གི་དོན་སྟོན་ཐུབ་ཀྱི་ཡོད་པ་རེད། དེས་ན། དམངས་གཙོ་ཟེར་ནས་བྲིས་ན་དེས་མི་མང་གཙོ་བོ་ཡིན་པ་དེ་སྟོན་པས། མང་གཙོ་ལས་དམངས་གཙོ་ཌེ་མོ་ཁིར་སེ་ཡི་དོན་དང་ཉེ་བ་རེད། ་་་་་ཟེར།
ཐོག་མའི་ཆར་གདོལ་པའི་དོན་ཅན་གྱི་དམངས་ཡིག་འདི་ད་ལྟ་མཐོ་བ་སྲིད་འཛིན་གྱི་ཁྱབ་ཁོངས་སུ་རྣམ་རྟོག་དང་བཙོག་ལྟ་མཁན་མེད་པར་སླེབས་པ་ཡིན་ན་དེ་ནི་ལྷག་ཏུའང་དམངས་གཙོའི་གོ་དོན་མཚོན་ཐུབ་ཀྱི་ཡོད་པ་རེད། ད་རུང་གྲལ་རིམ་གྱི་དབྱེ་བ་དང་རིགས་རུས་ཀྱི་མཐོ་དམན། སྲིད་དོན་ཚོགས་པ་བྱེ་བྲག་པར་རྣམ་རྟོག་སྐྱེས་བསྡད་ན་དམངས་གཙོ་ཟེར་བ་ཁ་ཙམ་མ་ཡིན་ནམ། ཨ་ཟམ་གདོང་རིན་པོ་ཆེ།་་་ཟེར།
དམངས་རིགས་དམངས་གཙོར་འདོད་པ་དམར་པོའི་གཤིས། །
མང་ཚོགས་མང་བཀུར་འདོད་པ་ཟུང་འབྲེལ་གཤིས། །
རྒྱལ་འབངས་ཟུང་དང་ཆོས་སྲིད་ཟུང་འབྲེལ་གཉིས། །
གང་ཡང་མི་གཙོ་མི་མང་བདམས་ཐོན་གཙོ། །
དེས་ན་མང་གཙོ་གྲེ་མོ་ཁེ་རེ་སིར་འགྲན། །
དམངས་གཙོའི་ཐ་སྙད་ས་སྦས་བྱས་ནའང་འགྲིགས། །
ད་དེ་འདྲ་ཡིན་རྒྱུ་རེད།
གཞུང་འབྲེལ་གྱི་ཐ་སྙད་ནི་མང་གཙོར་ཐག་ཆོད་ཟིན་པ་རེད།
དེ་ལ་མོས་མཐུན་མེད་ཟེར་ན་ཁྲིམས་གཏུག་བྱ་དགོས་པ་རེད།
རྒྱུ་མཚན་གཉིས་ཀར་ཡོད་པས་རང་རང་གི་མོས་མཐུན་ལྟར་སྤྱོད་པས་ཆོག་སྙམ།
རྩོམ་པ་བོས་ཞོགས་དུང་གིས་བོད་ཀྱི་ཉེ་རབས་ཡག་ཉེས་ལོ་རྒྱུས་ཅི་བྱུང་བཟོས་མཁན་ཚང་་མ་སྤྲུལ་སྐུ་ཡིན་ལ། འགན་ཡང་དེ་ཚོར་ཡོད་ཅེས་གནམ་ས་གོ་འབྱེད་ནང་གསུངས་ཡོད།
ངས་བསམ་ན་མང་གཙོ་ཟེར་བ་གཞུང་སྤྱོད་རེད།་་་དམངས་གཙོ་ཟེར་བ་སྒེར་སྤྱོད་རེད།་་་གཞུག་ཕྱོགས་ཡིན་ན་གཞུང་དང་འབྲེལ་དུས་མང་གཙོ་དང་།་་་སྒེར་དང་འབྲེལ་དུས་དམངས་གཙོ་ཞེས་སོ་སོར་ཕྱེས་ནས་བཀོལ་སྤྱོད་བྱས་ཏེ་གཞུང་སྤྱོད་མང་གཙོ་ཞེས་དང་།་་སྒེར་སྤྱོད་དམངས་གཙོ་ཞེས་གཏན་ཁེལ་བའི་ཁྲིམས་ཤིག་བཟོ་དགོས་པར་སྙམ།་་་་་ཡང་མིན་ན་ཟམ་གདོང་གི་མང་གཙོ་དང་རྒྱ་མིའི་དམངས་གཙོ་ཞེས་མིང་ཞིག་བཏགས་ན་འོས་པར་འདོད།
མདའ་ཚན་པས་གསུང་བ་ལ་མངོན་པར་བསྟོད་དོ། ཟམ་གདོང་རིན་པོ་ཆེའི་མང་གཙོའི་མང་དེ་མང་པོའི་མང་ཡིན་ན་འགྱུར་ནོར་འདུག ཡིན་ནའང་དེ་མི་མང་གི་མང་ཡིན་ན་ཌེ་མོ་ཁི་རེ་སི་ལ་ཐག་ཉེ་ཙམ་འདུག གཉིས་ཀ་ཡིན་ན་མགོ་འཐོམ་ཡ་ལས་དམངས་གཙོ་ཞེས་པའི་ཐ་སྙད་བཞིན་གསལ་བོ་མི་འདུག མ་གཞི་མང་གཙོ་སེར་བ་དེ་དབྱིན་སྐད་ཀྱི་majoritarianismཞེས་པའི་ཆབ་སྲིད་ཀྱི་ལྟ་གྲུབ་དེའི་འགྱུར་བྱས་ན་ཏག་ཏག་རེད་འདུག་སྙམ།
ཌེ་མོ་ཁི་རེ་སི་ལ་ལྟ་གྲུབ་དང་ཉམས་ལེན་གྱི་ཐད་ནས་རིགས་མང་པོ་ཞིག་ཡོད། དཔེར་ན་དམར་ཕྱོགས་ཚོགས་པས་དབང་འཛིན་བྱས་ཡོད་པའི་རྒྱལ་ཁབ་ཚོས་༼མི་མང་དམངས་གཙོ people’s democracy༽ཟེར་བ་ཞིག་བཤད་ཀྱི་ཡོད། དེ་ནི་དམར་ཕྱོགས་ཚོགས་པས་མི་ཟེར་ཚང་མའི་འདོད་མོའི་དང་ཁེ་ཕན་མཚོན་ཐུབ་ཡོད་པས་རྒྱལ་ཡོངས་དབང་བསྒྱུར་ཚོགས་པ་ཡིན། དམངས་གཙོ་ཡིན་ཟེར་གྱི་ཡོད། དེ་ལ་མི་ཟེར་རེ་རེས་འདེམས་ཤོག་འཕེན་དགོས་ཀྱི་མེད། རྒྱ་ནག་གིས་མི་མང་གི་སློབ་སྟོན་དང་བསམ་འཆར་ལ་མ་ཉན་པར་གནས་ལུགས་འདི་འདྲ་ཞིག་བཤད་ཀྱིན་ཡོད། མདའ་ཚན་པ་སོགས་ང་ཚོ་བཙན་བྱོལ་བ་མང་པོ་ཞིག་གིས་དམངས་གཙོ་ཟེར་བ་འདི་དབྱིན་སྐད་ཀྱིས་liberal democracy༼རང་དབང་དམངས་གཙོ༽ཞེས་པ་དེ་ལ་ཟེར་གྱི་ཡོད། དེ་ནི་མི་མང་ཤོས་དང་ཚོགས་པ་ཆེ་ཤོས་གཅིག་གིས་དབང་བཟུང་ནས་ཉུང་མགོ་མང་གིས་མནན་པ་ཞིག་ལ་ཆོད་ནས་ཟེར་གྱི་མེད། གཞུང་ཞིག་འདེམས་རྒྱུའི་དབང་ཆ་མི་རེ་རེའི་ལག་ན་ཡོད། མི་རེ་རེའི་ཆབ་སྲིད་ཀྱི་ཐོབ་ཐང་དང་ཁེ་དབང་སོགས་འདྲ་མཉམ་ཡིན། དབང་འཛིན་པ་སུ་ཞིག་གིས་བྱས་བ་ཡིན་ཀྱང་ཆེས་བརྩི་བཀུར་བྱེད་དགོས་ས་མི་སེར་རེ་རེ་ཡིན། རང་དབང་དམངས་གཙོའི་ཁང་པ་རྨང་གཞི་འདིའི་སྒང་ལ་བརྩིགས་ཡོད། རྨང་གཞི་འདི་ལ་མི་སྒེར་གྱི་རང་བཙན་sovereignty of the individualཟེར་གྱི་ཡོད། མི་སྒེར་རེ་རེ་རང་གི་མོས་བ། རིག་གཞུང་དང་མི་རིགས་སོགས་ཀྱི་རྒྱབ་ལྗོངས་ལ་དཔག་ནས་ཆབ་སྲིེད་དང་ཆབ་སྲིེད་མ་ཡིན་པའི་ཚོགས་པ་ཆེ་ཆུང་འདྲ་མིན་ནང་འཛུལ་ཞུགས་བྱེད་ཀྱི་ཡོད། མི་སེར་རེ་རེ་མཉམ་རུབ་བྱས་ནས་གཞུང་ཞིག་འདེམས་པ་དེིས་སྤྱི་ཚོགས་ཀྱི་ཚོགས་པ་འདི་ཚོའི་ཐོབ་ཐང་དང་རང་དབང་ལ་རྡོག་རོལ་གཏོང་མི་ཆོག
མདོར་ན་དམངས་གཙོའི་རྒྱལ་ཁབ་ཞིག་ཏུ་མི་སྒེར་དང་སྤྱི་ཚོགས་ཀྱི་ཚོགས་པ་དང་སྒྲིག་འཛུགས་ཆེ་ཆུང་མང་པོས་༼civil society༽གཞུང་ལ་སྟངས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་གཞུང་ཞིག་འབངས་མི་མང་ཤོས་ཀྱིས་བདམས་པ་ཡིན་ནའང་༼མི་མང་པོའི་འདོད་མོས་རེད་༽ཟེར་ནས་མི་སེར་ཕལ་བ་དང་། ཚོགས་པ་ཕལ་བ་དྲངས་ཉུང་མི་རིགས་སོགས་ཁྱད་གསོད་ཀྱི་སྲིེད་ཇུས་གཏན་ལ་ཕེབས་ཐུབ་ཡ་ཁག་པོ་ཡིན། དམངས་བཀུར་ཟེར་བ་འདི་འདྲ་ཞིག་ལ་ཟེར་གྱི་ཡོད། ང་ཚོས་དམངས་གཙོའི་ལྟ་གྲུབ་བཤད་དུས་དམངས་གཙོའི་དམངས་ཀྱི་ནང་ན་ཉུང་གཙོ་དང་སྒེར་གཙོ་འང་ཡོད་པ་ཤེས་དགོས་སྙམ། མཐར་མདའ་ཚན་པ་ཁ་དྲོ།
རྒྱལ་རིགས་ལྷ་རིགས་བྲམ་ཟེའི་རིགས་དཔོན་རིགས་སོགས་མདོར་ན་མངའ་བདག་ཆེན་པོ་གསུམ་དང་དམངས་ཕལ་པ་གཉིས་བསྡུར་ན་སུ་མང་ཤེས་ཐུབ། གང་ལྟར་དམངས་ཕལ་པ་གཙོ་ཆེ་ན་དེ་ནི་དམངས་གཙོ་ཡང་དག་པའི་འབྲས་རྟགས་ཡང་དག་རེད་དོ། དེས་ན་ཡོང་བསྒྲགས་ལ་ལྟོས་དགོས་པ་ལས་འགའ་རེས་མཁས་མདོག་གི་གཏམ་ལ་ཉན་རྒྱུ་ཞིག་ཡོད་པ་མ་རེད། འགའ་རེས་དམངས་གཙོ་གུང་ཁྲན་ནས་བྱུང་ཚུལ་བཤད་ཀྱང་གུང་བྲན་ལ་དམངས་གཙོ་ཟེར་བ་ཞིག་ཡོད་ནི་མ་རེད། བྱས་ཙང་མགོན་པོ་ཕྱག་གཉིས་པས་གསུངས་བ་ལ་རྒྱུ་མཚན་འདུག་པས། དེ་དེ་བཞིན་ནོ།
མགོན་པོ་ཕྱག་གཉིས་ལགས། ད་ནས་ཁྱེད་ལ་ཕྱག་གསུམ་བཙུགས་ན་ཡང་འགྲིག་ས་རེད། ཡག་པོ་གསུང་འདུག རྒྱ་སྐད་དུ་ 民主 དང་ལ་ཏེན་སྐད་དུ་ Democracy གཉིས་ནང་དོན་བསྒྱུར་སྟངས་གཅིག་པ་རེད། དེ་བཞིན་དམངས་གཙོ་བྲིས་ན་ཡག་ཤོས་མཐོང་།
མང་གཙོ་ཞེས་པའི་དོན་དེ་གང་མང་བ་དེ་གཙོ་བའི་དོན་ཙམ་ལ་གོ་དགོས་ན་བོད་ཀྱི་ས་ཁུལ་མང་ཆེ་བར་དེང་སང་བོད་མི་ལས་རྒྱ་མི་མང་བ་ཆགས་ཡོད་པས་མང་གཙོར་འགྱུར་བ་ལས་མ་འགྱུར་ན་བཟང་གི་རེད། མ་རེད་དམ།
༡༢༽ སྦྲ་ནག་གཡག་སྙིང་ནས།
་་་་་ དམངས་བཀུར་ཟེར་བ་འདི་འདྲ་ཞིག་ལ་ཟེར་གྱི་ཡོད། ་་་་་ ཟེར།
དམངས་ཞེས་པ་ནི་མི་དཀྱུས་མ་དག་ལ་གོ་དགོས་པས་དམངས་གཙོ་ཟེར་ན་དབུ་ཁྲིད་དང་མི་ཆེན་པོ་དེ་དག་མི་གཙོ་བར་མི་དཀྱུས་མ་རྣམས་གཙོ་བོ་ཡིན་པའི་དོན་རེད། མང་གཙོ་ཟེར་ན་གྲང་མང་པོའི་གོ་དོན་ཡིན་པས། མི་དབང་ཤུགས་ཅན་ཉུང་ཤས་ཤིག་མི་གཙོ་བར་མི་མང་གཙོ་བོ་ཡིན་པའི་དོན་རེད། དེས་དེ་གཉིས་གང་བོས་ཀྱང་གོ་དོན་རེ་བཤད་རྒྱུ་ཡོད་པས་ཁྱད་པར་དེ་ཙམ་མེད་པར་སེམས།
གང་ལྟར་ཡང་དམངས་དང་མང་གཉིས་ཀྱི་ཁྱད་པར་གསལ་བོ་ཕྱེ་ནས་ང་ཚོའི་གཞུང་དེ། གཉིས་ག་ཡིན་ནམ་གང་རོང་ཡིན། གང་རུང་ཡིན་ན་གང་ཡིན་དང། གང་དགེ་མཚན་ཆེ་གསལ་བོ་བྱེད་དགོས།
རེད།
དམངས་ནི་རྒྱལ་ཁབ་ཀྱི་འབངས་མི་སེར་ལ་གོ་བ་དང་། མང་ནི་མང་ཉུང་ཙམ་གྱིས་མང་ལ་གོ་བ་རེད།
དེ་བཞིན་དམངས་གཙོ་ནི་རྒྱལ་ཁབ་ཞིག་གི་འཛིན་སྐྱོང་སྲིད་དབང་སྟེ་གཙོ་བོ་འབངས་མི་སེར་དབུས་བཞག་གི་སྲིད་ཇུས་འཛིན་པ་དང་།
མང་གཙོ་ནི་རྒྱལ་ཁབ་དེའི་འཛིན་སྐྱོང་གི་བདག་དབང་འོས་ཤོག་མང་ཉུང་བསྡུར་བའི་ལམ་ནས་བསྐོ་བཞག་བྱེད་པའི་ཆབ་སྲིད་ལམ་ལུགས་ཤིག་རེད། ངེས་དགོས་པ་ནི་མང་གཙོ་ལ་འགྱུར་དགོས་ན་དམངས་གཙོ་ཡིན་པ་སྔོན་དུ་སོང་བའི་ཐོག་ནས་མ་གཏོགས་ཡོང་ཐབས་མེད་པ་ཡིན་ཙང་ཚིག་དེ་གཉིས་ལ་ཁྱབ་ཆེ་ཆུང་ཡོད་པ་ཙམ་དུ་མ་ཟད་གོ་དོན་ཡང་རྦད་དེ་ལོག་ག་རེད།
ང་ཚོའི་མི་མང་པོ་ཞིག་གིས་ལོ་ངོ་དུ་མའི་རིང་མང་གཙོ་དང་དམངས་གཙོ་གཉིས་ལས་ཚིག་ཕྱི་མ་འདི་ཡང་དག་པར་འདོད་ཀྱི་ཡོད་ན་ཡང་མཐའ་མའི་ཐག་གཅོད་ནི་མི་རེ་ཟུང་གི་འདོད་པ་ལྟར་འཛིན་ཡོད་པ་ལས་མི་མང་པོའི་རེ་འདོད་གཙོ་བོར་བཟུང་མེད། དོན་རྐྱེན་དེས་དངོས་ཡོད་ཀྱི་ཐོག་ནས་མང་གཙོ་མ་ཡིན་པར་ཉུང་གཙོ་རུ་བཏང་བ་རེད།
ཡང་། མི་མང་མང་ཚོགས་དང་སྐུ་དྲག་དཔོན་རིགས་གཉིས་ལས་མི་མང་མང་ཚོགས་གཙོ་བོ་ཡིན་ཟེར་ནས་ག་ཚད་བཤད་ཀྱང་གཞུང་གི་ལས་དོན་ཆེ་ཕྲ་མཐའ་དག་གི་བདག་དབང་སྐུ་དྲག་དཔོན་རིགས་ནས་གཙོ་བོ་འཛིན་པ་མ་གཏོགས་མི་སེར་དཀྱུས་མས་ནམ་ཡང་གཙོ་བོར་མི་འཛིན། དོན་དག་དེས་དམངས་གཙོ་ཡིན་ཟེར་རུང་མིང་ཙམ་གྱིས་དམངས་གཙོ་ཆགས་པ་རེད།
དེས་ན་ང་ཚོས་རྗེས་ཕྱོགས་གནད་འགག་ཅན་གྱི་ཚིག་འདི་གཉིས་ལ་ཚིག་དོན་ཁོ་ན་རྩོད་པ་ལས་བརྒལ་ནས་ནང་དོན་དང་དངོས་ཡོད་ཀྱི་ལག་ལེན་ལ་འབབ་ཐུབ་ན་ཁ་བཤད་ཆུ་ཝ་མ་ཡིན་པར་ལག་ལེན་གསེར་ཐུགས་ལ་འགྱུར་གི་རེད།
མགོན་ཕྱག་རིག་པ་ཅན།
མགོན་པོ་ཕྱག་གཉིས་པའི་རྩོམ་འདི་བཀླགས་པ་ཡིན་ལ། སྔོན་མ་ཞེ་བོ་དང་། པད་མ་འབུམ། དེ་བཞིན་རག་ར་སོགས་ཀྱི་འདོད་ཕྱོགས་མཚོན་པའི་རྩོམ་རྣམ་བཀླགས་པ་ཡིན། ཟམ་གདོང་རིན་པོ་ཆེའི་རྩོམ་དེ་ཡང་བཀླགས་མྱོང་། ཚང་མར་གཅིག་ལས་གཅིག་ཤོས་རྫིག་པའི་ལུང་རིགས་ཤ་སྟག་མཐོང་སོང་ཡང་། ལོ་རྒྱུས་དང་། དངོས་ཡོད། ལག་ལེན་བཅས་འདུ་མར་ཕྱོགས་རིས་མེད་པར་ལྟ་བའི་སྐབས་ལ། གཤམ་གསལ་གྱི་གནད་དོན་རྣམས་བློ་ལ་ཤར།
༡༽། དམངས་གཙོའི་ཚིག་འདི་རྒྱ་གཞུང་གིས་བདམ་ཀ་བྱས་པའི་ཚིག་གཅིག་ལས་བོད་པ་རང་གི་འདོད་པ་འཁེངས་པའི་ཚིག་གི་མིན་པ་གསལ་པོ་རེད། བོད་ཀྱི་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས་ཡིན་པ་ཡོད། དེ་ཚོའི་ནང་ལ། ༡༩༥༠ནང་ལ། རྒྱ་བོད་ཆིང་ཡིག་འཇོག་སྐབས། དེའི་འབྱུང་བ་བཤད་འདུག། འདིར་དམངས་ཟེར་སྐབས། རྒྱ་སྐད་ལ་མིང་(民)སྟེ། མི་སེར་ལ་གོ་བ་ལས་གྲངས་ཀ་མང་བ་གཅིག་པུ་བསྟན་གྱི་མེད། སྐབས་དེ་དུས། རྒྱ་དམར་གྱིས་ཀྱང་། འབངས་གཙོ་བོ་ཡིན་པ་ཤོད་པ་ལས། གྲངས་ཀ་མང་བ་དང་། Democracy ཞེས་པའི་ནང་དོན་ཆ་ཚང་བ་བསྟན་གྱི་མེད། དེར་བརྟེན། ཟམ་གདོང་རིན་པོ་ཆེ་ལ་རྒྱུ་མཚན་མཐོང་། རྒྱ་སྐད་ལ་民主ཟེར་ན། གྲངས་ཀ་མང་བའི་དོན་སྟོན་གྱི་འདུག་གམ། མ་ཁེ་སེ་དང་། ཨེན་ཀི་སིའི་ཆབ་སྲིད་ཀྱི་ལྟ་བ་དང་། ལྷག་དོན་ཁོང་གཉིས་ཀྱི་ལོག་བཤད་བྱས་པའི་Democracyའདི་ཏག་ཏག་རྒྱའི་སྐད་ཡིག་ནང་ལ་བསླེབས་ཡོད། ཁོང་གཉིས་ཀྱིས། དབང་སྒྱུར་པའི་ལག་ནས་འབྱོར་མེད་གྲལ་རིམ་གྱིས་དབང་ཆ་འཕྲོག་ནས། གསར་བརྗེའི་སྲིད་གཞུང་གསར་པ་འཛུགས་དགོས་པ་དང་། དེ་ཡང་ཁོང་གཉིས་ཀྱིས་འདོད་པའི་democracy ནི་ཏག་ཏག་དམངས་གཙོ་ལ་འཇུག་གི་ཡོད། དེ་ནི། དམངས་ཏེ། རྒྱུན་པར་དབང་ཆ་དང་རྒྱལ་ཁབ་ཀྱི་འཐོན་ཁུངས་ལ་ཐོབ་ཐང་མེད་པའི་མི་ཕལ་བ་བྱིངས་རྣམས་གཙོ་བོར་བྱེད་པའི་དོན་ཡིན་སྟབས། དམངས་གཙོ་ཟེར་ན་འཇུག། འོན་ཀྱང་། Democracy ཞེས་པར་ནང་དོན་འདི་ཨེ་རེད།
༢༽། མགོན་ཕྱག་གཉིས་པ་དང་། ཁོང་གི་རྒྱབ་གཉེར་བ་རྣམས། ཆབ་སྲིད་ཤོད་དུས། ཆབ་སྲིད་ཀྱི་ལོ་རྒྱུས་ཤེས་དགོས་པ་དེ་གལ་ཆེ་པོ་རེད། ཚིག་རྐང་གཅིག་པུ་ཞིག་ཁྱེར་ཡོང་ནས། མ་ཧ་པཎ་ཊི་ཏ་འདོན་ན་བྱབ་ཆུང་རེད། དང་པོ་ང་ཚོ་འདིར་ཆབ་སྲིད་ཀྱི་ཐ་སྙད་ཅིག་གི་ཐོག་ལ་རྩོད་པ་རྒྱག་གི་ཡོད་སྟབས། དེར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལ་གསལ་པོ་རྟོགས་དགོས་ཀྱི་འདུག། སྔོན་ལ་མགོན་ཕྱག་གིས་ཆབ་སྲིད་ཀྱི་ལོ་རྒྱུས་ལ་དོ་སྣང་ཏོག་ཙམ་གནང་དགོས་ཀྱི་འདུག
གཤམ་ལ་དོན་ཚན་མང་པོ་བཤད་རྒྱུ་ཡོད་རུང་། རིམ་གྱི་ཞུ་ཆོག
མདོར་བསྡུས་ན། འདིར་ཟམ་གདོང་བླ་མ་ནོར་མེད་ཚོད། མགོན་ཕྱག་ཐ་སྙད་སྐམ་པོར་
འཐམ་པའི་ཟློས་གར་ཁྲབ་ལ་ལས། རྒྱ་ཆེ་ཞིང་། བློ་གཟུར་བོར་གནས་པའི་ཚུལ་བསྟན་གྱི་མིན་འདུག
མཚོ་སྔོན་དཔེ་སྐྲུན་ཁང་དང་། ལྷ་ས་དཔེ་སྐྲུན་ཁང་སོགས་ནས་སྔོན་གྱི་ཡི་གེ་རྣམས་ལ་བཟོ་བཅོས་མང་པོ་བརྒྱབ་ཡོད་པ་རེད། དེ་ཡང་ཁག་ཡོད་པ་མ་རེད། སུམ་ཅུ་བ་ཆ་ལ་ཆོ་ལེ་ཞིག་སྦྱང་། དེའི་སྟེང་དུ་དག་ཡིག་གསར་སྒྲིག་རེ་མཆན་ལ་བཅུག་ནས་གཞུང་ཆེན་མོ་རྣམས་ལ་ཞུ་དག་གཏོང་མཁན་དེ་དག་གིས། གནའ་དཔེ་ཚད་ལྡན་རྣམས་ཡིག་ནོར་གྱི་ཕུང་པོར་སྐྲུན་གྱི་ཡོད། མགོན་ཕྱག་གི་གོང་དུ་རྒྱལ་དབང་ལྔ་བའི་རྣམ་ཐར་ཡང་ཁོང་ཚོས་ཡིག་ནོར་གྱི་སྦག་པའི་དེབ་དེ་ཡིན་པར་གདོན་མི་ཟ། དཔེ་ཆ་དེ་ཁ་ཤས་ཀྱིས་ཐེངས་མང་པོར་དཔར་བརྒྱབ་ནས་སྟོན་བཞིན་ཡོད། ངས་ཁོང་ཚོ་ལ་འདི་འདྲ་བཤད་མྱོང་། རྒྱལ་དབང་ལྔ་བའི་རྣམ་ཐར་ཤིང་དཔར་ལ་བཏབ་ནས་ལོ་བརྒྱ་ཕྲག་མང་པོ་འགོར་ཡོད་པ་རེད། དེང་སང་གི་ལྕགས་པར་དེ་ཁས་མ་ཡོང་། དེ་ལ་ཞི་ལི་ཞི་མོ་ཚོས་ཞུ་དག་ཡག་པོ་གཏོང་ཐུབ་ཡོད་པ་མ་རེད་ཟེར་ནས་བཤད་ཡོད། གུང་ཁྲན་མ་ཡོང་གོང་གི་རྒྱལ་དབང་ལྔ་བའི་རྣམ་ཐར་ཞིག་ཁོང་ཚོ་ལ་རྩ་ནས་མི་རེག རྒྱུ་མཚན་ནི་དེ་ཁོང་ཚོའི་འདོད་ཐོག་ཏུ་མི་ཡོང་པའི་རྐྱེན་གྱིས་རེད།
མུ་མཐུད་ཞུ་རྒྱུར། དབུ་མ་ཟེར་ན། དབུ་ཟེར་མ་མགོ་ལ་ཟེར་བས། མཐའ་གཉིས་ལ་ལྷུང་བར་དབུ་ཟེར་ན་གོ་རྒྱུ་མིན་འདུག། བསམ་བློ་ཐོངས་དང་།
དབུ་ཟེར་མ་མགོ་ལ་ཟེར་བས། ཞེས་པ། དབུ་ཟེར་ན་མགོ་ལ་ཟེར་བས། ལ་བཅོས་རོགས།
༢༡༽ གཞོན་ནུ་ཟླ་མེད་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༡༣ གི་ཆུ་ཚོད་ ༢༢ སྐར་མ་ ༡༡
མཚོ་སྔོན་དཔེ་སྐྲུན་ཁང་དང་། ལྷ་ས་དཔེ་སྐྲུན་ཁང་སོགས་ནས་སྔོན་གྱི་ཡི་གེ་རྣམས་ལ་བཟོ་བཅོས་མང་པོ་བརྒྱབ་ཡོད་པ་རེད། ་་་ཟེར།
གོང་གི་ཟུར་གནས་ཟེར་བར། དཔེ་ཆ་ཀློག་ཤེས་མར་ལུགས་ཀྱི་གཞུང་ཚད་ལྡན་དེ་ཚོ་ཞིབ་མོར་ཀློག མ་ཟད་རྒྱ་ཡིག་གི་་民主ཞེས་པའི་མིང་ཚིག་གི་ཐོག་མའི་ཡོང་ཁུངས་བརྩར་གཅོད་ཡག་པོ་ཞིག་བྱས། རང་གིས་དེ་ལྟར་མི་ཡོང་ན་གཡས་གཡོན་ན་ཤེས་མཁན་ཡོད་ཚེ་མི་ལ་སྐད་ཆ་དྲིས། དང་པོ་ནས་གནམ་ལ་འཕུར་རྩིས་མ་བྱེད། ཟམ་གདོང་དང་མགོན་པོ་ཕྱག་གཉིས་ཀྱི་ལོགས་བཤད་ཟེར་ན་འདྲ་ཆགས་པོ་འདུག་ཀྱང་། མར་ཁེ་སི་དང་ཨིན་ཁེ་སི་ལོགས་བཤད་ཨེ། ཨ་འདྲིན་ཆེན་པོ་ཁྱོད་སུ་ཡིན།
ངས་བལྟས་ན་མང་གཙོདང་དམངས་གཙོའི་གོ་དོན་འདི་ལྟ་སྟེ་ མང་གཙོ་ཞེས་པ་ནི་ཉུང་བ་ལས་མང་བ་གཙོ་བའི་དོན་ཏེ་ དོན་གནད་གང་ཞིག་ལ་མི་གཉིས་ཁ་མཐུན་པ་ལས་མི་གསུམ་ཁ་མཐུན་པ་གཙོ་ཆེ་བ་དང་དོན་གནད་ཐག་གཅོད་ཀྱི་དབང་ཚད་ཀྱང་མི་གསུམ་པོའི་འདོད་ཕྱོགས་སུ་འགྲོ་རྒྱུུ་ལས་མི་གཉིས་པོར་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཟད་པ་ལྟ་བུའོ། དམངས་གཙོ་ནི་རྒྱལ་པོའམ་དཔོན་པོལས་དམངས་ཕལ་པ་རྣམས་ཐོབ་དབང་ཆེ་བའི་དོན་ཡིན་སྟབས་རང་རེས་མང་གཙོ་ལས་དམངས་གཙོའིཚ་ིག་འདི་བེད་སྤྱོད་གཏང་ན་འཚམ་ཆེ་སྟེ་སྐྱབས་མགོན་རིན་པོ་ཆེ་ལས་ཆབ་སྲིད་ཀྱི་ཐོབ་དབང་མི་དམངས་ཕལ་པ་རྣམས་ཆེ་བའི་ཕྱིར་རོ།:”””
དམངས་ཞེས་པ་གཡོག་གི་མིང་དུ་སྔོན་བོད་ཀྱི་སྒྲ་སྒྱུར་མཁན་པོ་རྣམས་ཀྱིས་བྱས། དམངས་གཙོ་ཟེར་ན། གཡོག་གཙོ་ཟེར་བ་ལྟ་བུ་འདུག། དེས་ན། རྒྱ་གར་དུ་མཁས་པ་འགའ་ཞིག་གིས། མང་གཙོ། ཞེས་བཅོས་པར་མཐོང་ཐོས་སུ་གྱུར། དེས་ན། བདག་གིས་ཀྱང་འདིའི་སྐོར་ལ་བྲིས་པ། ལྗང་གཞོན། ༡༩༩༧། འདོན་ཐེངས། ༩ ཤོག་གྲངས་༣༤ནས་༣༧ ན་གསལ།
སྔོན་གྱི་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་དམངས་ཞེས་པ་གཡོག་པོའི་དོན་དུ་བཀོལ་བ་མཐོང་། དེ་ཡང་ཞིབ་པར་བསམ་ན་མི་མངས་ལ་དབང་ཆ་ཡོད་པ་གཙོ་བོ་ཡོད་པས། མངས་གཙོ། ཞེས་དགོས་ཀྱང་། ད་ལྟ་ཡང་འཇུག་ས་ཡིག་བོད་དབུས་གཙང་སོགས་སུ་ཁ་ནས་འཐོན་དཀའ་བས། ཡང་འཇུག་ས་ནམ་ཡང་མི་འབྲི། འོན་ཀྱང་བོད་མཐའ་མཚམས་ཀྱི་ལུང་པ་དག་གིས་ཁ་ནས་འཐོན་པ་ཡོད་པས། འབྲི་བ་ན་སྔོན་བཞིན་དུ། ཡང་འཇུག་ས་འབྲི་ངེས། དཔེར་ན། སོ་མངས་དང་། སྒོ་མངས། ཞེས་པ་ལྟ་བུའོ།།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་གསུངས་པ་ལ་མངོན་པ་བསྟོད་དོ
རང་རེ་གངས་ཅན་པས་དམངས་གཙོ་ཟེར་བ་ནི་ བླ་ན་མེད་པའི་དབུ་འཁྲིད་ཞིག་ལ་ལྟོས་ཏེ་དེའི་མངའ་རིས་ཀྱི་མི་རྣམས་དཀྱུས་མའམ་དམངས་ཕལ་པར་གྱུར་པས ་མི་དམངས་དང་། བླ་ན་མེད་པའི་དབུ་འཁྲིད་གང་དེས་ཆབ་སྲིད་ཀྱི་ཐོ་དབང་མི་དམངས་ཕལ་པ་རྣམས་རྩིས་སྤྲོད་གནང་སྟེ་ ཐོབ་དང་དབང་ཆ་བླ་ན་བཞུགས་པ་ལས་དཀྱུས་མའི་དམད་དོངའདོདས་རྣམས་ཆེ་བའི་རྒྱུ་མཚན་གཀགྱིས་དམངས་གཙོ་ཞེས་
རྒན་འཇམ་དཔལ་ལགས་ནི།
དབུས་གཙང་པས་མི་མངས་ལ། མི་མང་དང། མངས་གཙོ་ལ། མང་གཙོ་ཞེས་ཡང་འཇུག་ས་ཆད་པའི་ཟུར་ཆག་དེ་བཀོལ་བར་འདོད་དེ། དཔེར་ན། སོ་མངས་དང་། སྒོ་མངས་བཞིན་ནོ་ཞེས་ཟེར།
གོང་གསལ་གྱི་མི་དམངས་ཀྱི་ཚིག་དག་ལུང་འདྲེན་བྱེད་ས་རྒྱ་གར་དུ་ཤེས་རིག་ལས་ཁུངས་ནས་པར་པའི་རྒྱལ་དབང་ལྔ་པའི་རྣམ་ཐར་གཞིར་བཟུང་བ་ཡིན། དམངས་འདི་མི་མང་ལ་འཇུག་པའི་ཁུངས་དེ་རྒྱལ་དབང་ལྔ་པ་བར་ཡར་འདེད་བྱེད་ཐུབ་ཀྱི་ཡོད་པ་རེད། གཅིག་བྱས་ན་ད་རུང་དེ་ནས་ཡར་ད་རུང་ཁུངས་འདེད་བྱེད་རྒྱུ་ཡོད་པ་རེད། ཟམ་གདོང་རིན་པོ་ཆེས་གདོལ་བ་དང་ཕལ་པར་འཇུག་པར་བཤད་པའི་ཕལ་པ་དེ་མི་དམངས་མ་གཏོགས་གཞན་ཕལ་པ་ཞིག་དེའི་བར་ན་འཚོལ་དུ་མེད་པ་རེད། ཁོང་གིས་ལུང་དྲངས་པའི་དམངས་གཞས་སོགས་ཀྱང་མི་མང་ནང་ནས་བྱུང་བའི་གཞས་ལ་གོ་བ་རེད།
དམངས་གཙོའི་གོ་དོན་རྒྱ་ཆེན་པོ་ཡིན་ཡང་དེའི་ནང་་གང་ཟག་སྒེར་བ་རེ་རེའི་ཐོབ་ཐང་ཞིག་བཤད་ཀྱི་ཡོད་པ་རེད། དེའི་ནང་མགོ་ཁྲིད་དང་དཔོན་པོ་སོགས་མི་སྒེར་བ་ཚང་མའི་ཐོབ་ཐང་ཚུད་ཡོད་པས་དཔོན་པོ་རྣམས་དམངས་གཙོའི་ནང་ཚུད་མེད་པར་བཤད་པ་དེ་ནོར་བ་རེད།
སྦྲ་ནག་གཡག་སྙིང་གིས་གོང་དུ་དམངས་གཙོ་ལ་དབྱེ་བ་ག་འདྲ་ཡོད་མེད་ཀྱིས་མཚོན་དམངས་གཙོར་འགྲེལ་བཤད་ཡག་པོ་ཞིག་གནང་འདུག་པར་དགའ་བསུ་ཞུ།
གཅིག
མང་། མངས། དམངས། མིང་བརྡ་འདི་གསུམ་མཆེད་ཁུངས་གཅིག་མིན་ནམ་སྙམ། དེ་ཡང་གྲངས་སུ་བརྩི་རན་ཡོད་པའི་མིང་དོན་དང་། སོ་སོའི་ཚད་ལ་ཡང་མང་ཉུང་གི་བར་ཆད་ཆེ་ཙམ་སོ་སོར་ཡོད་པ་དཔེར་ན། རྒྱུད་མང་། རྒྱུད་མངས། རྒྱུད་དམངས། ཅེས་ཡོང་ཆོག་པ་ལྟ་བུ་རེད། གང་ལྟར་མང་གཙོ། མངས་གཙོ། དམངས་གཙོ་གསུམ་གང་དུ་བཏགས་ཀྱང་ཉུང་ངུའི་ལྡོག་ཟླ་དེ་ཉིད་གཙོ་བོའི་དོན་ཞིག་སྟོན་བཞིན་པ་གཅིག་དང་།
གཉིས་པ། སྤྱིར་ཐ་སྙད་གང་རུང་ཞིག་གི་ཁྱབ་ཁུངས་དང་། དོན་ལ་དུས་རབས་རེ་རེར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་བརྡ་རྙིང་ལས་ཤེས་ཐུབ་ལ། དེ་བཞིན་དམངས་ཞེས་པ་དེ་ཡང་གཞུང་གི་ལྡོག་ཟླའམ། གཞུང་ཞེས་པའི་ཁ་སྤྲོད་དུ་ལོགས་སུ་དོན་ཁྱད་པར་སྟོན་པའི་ཐ་སྙད་དམིགས་བསལ་བ་ཞིག་དགོས་པ་སྐབས་བབ་ཀྱི་དབང་གིས་ཕྱིས་སུ་དེ་བཞིན་སྦྱར་བའམ་བྱུང་བ་མིན་ནམ་ཡང་སྙམ། གང་ལྟར་ཐ་སྙད་དེའི་འགྱུར་མཚམས་དེ་ཤེས་པར་བྱ་རྒྱུ་གལ་ཆེན་པོ་རེད། དེ་མིན་ཁྱབ་ཁུངས་ལ་འགྱུར་བ་གང་ཕྱིན་པ་དེ་དགོས་མཁོར་དམིགས་དེ་དང་ལེན་བྱས་ན་ལེགས། ཁུངས་ཕུ་འདེད་ལུང་འདེད་བྱས་ན་ཐ་སྙད་མང་པོ་ཞིག་གི་གོ་དོན་སྐྱོན་ཅན་དུ་མི་འགྱུར་བའི་ངེས་པ་མེད།
ཆོས་གང་ཡིན་ཡང་དེ་ཡིན་མིན་མི་སྲིད་པ་མེད་པས། འདིར་དོགས་སློང་ཙམ་གྱི་ཆེད་དུ་ལས་ཁུངས་ལུང་གང་མེད།
མགོན་པོ་ཕྱག་གཉིས་པ་ལགས། སྐུ་ཉིད་ཀྱིས་དམིགས་བསལ་དུས་ཚོད་བཏང་ནས་ངོས་ཀྱི་དྲི་བར་དྲི་ལེན་དཔྱད་རྩོམ་གནད་ལ་འཁེལ་བ་ཞིག་མཛད་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། གནས་སྐབས་ཟང་ཟིང་ལས་བྲེལ་གྱིས་དུས་ཐོག་ལེན་ཕུལ་མ་ཐུབ་པར་དགོངས་འགལ་མེད་པ་ཞུ། དངོས་གནས་སྐུ་ཉིད་ནས་ཟམ་གདོང་རིན་པོ་ཆེ་ཨ་ཚ་ཚ་བྱེད་དགོས་པ་ཞིག་བྲིས་གནང་འདུག། མཚམས་མཚམས་ཆེན་པོ་ཡིན་ཟེར་མཁན་དེ་ཚོ་་ཨ་ཚ་ཚ་བཟོས་ན་ཡག་པོ་ཡོད་རེད། གང་ལྟར་དུས་རྒྱུན་༧གོང་ས་མཆོག་གི་བཀའ་སློབ་ཁག་གི་ནང་དུའང་དམངས་གཙོ་རང་གསུངས་པ་མ་གཏོགས་མང་གཙོ་གསུང་གི་མི་འདུག། དཔེར་ན་ལ་དྭགས་སུ་བཀའ་སློབ་གསུངས་པ་དེར་གསན་དང་དམངས་གཙོ་རང་གསུང་བཞག། དེ་འདྲ་ཡིན་དུས་་་དམངས་གཙོ་་་ཞེས་པའི་ཚིག་འདི་ལ་ང་ཚོས་བསམ་བློ་གསར་པ་ཞིག་གཏོང་དགོས་པ་འདུག། མང་གཙོ་ནི་གྲངས་ཚད་གང་མང་བ་དེ་གཙོ་བའི་དོན་ལས་ཡུལ་མི་ཆབ་འབངས་མི་སེར་གྱི་ཐོབ་ཐང་གཙོ་བའི་དོན་སྟོན་མི་ཐུབ་པ་ལྟ་བུ་ཡོད། དམངས་གཙོ་བ་ནི་ཡུལ་མི་ཆབ་འབངས་མི་སེར་གྱི་ཐོབ་ཐང་གཙོ་བོར་བཟུང་ནས་དེ་ཉིད་གཙོ་བའི་དོན་དུ་གོ་བ་ཤེས་དགོས། འོས་ཤོག་གྲངས་གཤེར་བྱེད་པའི་སྐབས་སུ་གང་མང་དེ་གཙོ་ནས་རྒྱལ་ཁ་ཐོབ་ཀྱང་། རྒྱལ་ཁབ་ཀྱི་ཆབ་སྲིད་ལངས་ཕྱོགས་དམངས་གཙོ་བོར་བྱས་ན་མི་སེར་རྣམས་ཀྱིས་འོས་ཤོག་འགྲན་བསྡུས་བྱས་པའི་དགོས་པ་དང་རྒྱུ་མཚན་ཡང་དེ་ཉིད་རང་ཡིན་འགྲོ་དྲན། རྒྱལ་རིགས་དང་རྗེའུ་རིགས་དང་བྲམ་ཟེའི་རིགས་དང་དམངས་རིགས་ཟེར་བའི་རིགས་ཀྱི་དབྱེ་འབྱེད་བྱེད་པའི་ལམ་ལུགས་འདི་ནི་ཕལ་ཆེར་སྔ་རབས་རྒྱ་གར་བའི་རིགས་རུས་མཐོ་དམན་ལྟ་བའི་ལམ་ལུགས་ལས་བྱུང་བ་ཡིན་སྲིད། ངོ་ཚོའི་བོད་ཡུལ་གྱི་བོད་མི་ཡོངས་རྫོགས་རིགས་དེ་བཞི་པོའི་ནང་དུ་འདུས་ཀྱི་ཡོད་དམ། ཡོད་ན་འདུས་ཚུལ་ཁ་གསལ་པོ་ཞིག་གསུངས་རོགས་གནང།
ལྷག་དོན་དུ་སྟོན་པ་ཤཀྱ་ཐུབ་པའི་རྗེས་སུ་འབྲང་ན་དེ་བས་ཀྱི་དམངས་རིགས་གཙོ་བོར་བཟུང་དགོས་པ་ནི་ཁོང་གི་དགོངས་གཞི་ཞིག་ཁྱད་དུ་འཕགས་པ་ཞིག་ཡིན་འགྲོ་དྲན་གྱི་ཡོད། ད་དུས་ཚོད་ཀྱི་རྐྱེན་པས་འདིར་མཚམས་འཇོག་པར་བྱའོ།
ནང་ཆོས་ནང་ལ་སངས་རྒྱས་ཀྱིས། རིགས་མི་གཙོ། སྒྲུབ་པ་གཙོ། གསུངས་པ་ལས། རྒྱལ་རིགས་མི་གཙོ་དམངས་རིགས་གཙོ་ཞེས་གསུངས་ཡོད་ལབ་ན། མི་རིགས་ཏེ།
གཞོན་ནུ་དོན་གྲུབ་རང་ཉིད་རྒྱལ་རིགས་སུ་འཁྲུངས་དོན་མ་ཚང་བར་གྱུར་པས་སོ། །དེས་ན་དམངས་རིགས་ཀྱིས་དམངས་གཙོ་ལས། གྲངས་མང་བས་མང་གཙོ་འདི་འཐད་པར་མཐོང་ལགས། །
མང་དང་དམངས་ཀྱི་ཁྱད་པར་མ་རྟོགས་པར།།
མང་གཙོ་འབྲི་བ་རང་སྣང་འཁྲུལ་བ་ཡིན།།
དམངས་གཙོའི་ཁུངས་ལུང་རྒྱུ་མཚན་འདི་ན་འཚེར།།
རང་དབང་ལྷ་མོ་སྤྱན་རས་འཁྱུག་ཙམ་གཡོས།།
མགོན་པོ་ཕྱག་གཉིས་བྱ་རྒྱལ་རྒོད་པོ་ཡིན།།
རྣམ་དཔྱོད་གཤོག་ཟུང་བརྐྱང་ནས་འཕུར་རྒྱུ་ཡིན།།
རི་བོ་མཐོ་མཐོ་ཡོད་ན་དམའ་བོ་བྱོས།།
བན་རྒན་མགོ་མཁྲེགས་ཡོད་ན་དམའ་བོ་བྱོས།།
ཞེས་པ་མགོ་ལྡོག་ནས་རང་ཉིད་ལ་འབབ་པའམ་གཞན་ལ་འབབ་པ་ཡིན། བོད་ཀྱི་རིག་པའི་འབྱུང་གནས། སྔོན་གྱིས་མཁས་པ་རྣམས་ཀྱི་སྐད་ཡིག་གསལ་པོར་ཡོད་པ། བཀའ་བསྟན་གསུང་འབུམ་ན་མ་མཐའ་ཡང་གཞུང་འགའ་རེ་ལ་ཞིབ་པར་སྦྱངས་ན། ཤེས་ཐུབ། དེ་མིན་རྒྱལ་བ་ལྔ་པའི་དུས་སུ་དམངས་ཞེས་པས་མི་ཕན། གཞུང་གི་ལས་བྱེད་པ་མང་ཆེ་བ་རིག་གཞུང་ལ་སྦྱངས་པ་དམན། བོད་གཞུང་གི་ལས་བྱེད་པའི་ཡི་གེའི་དག་ཆའི་ཤན་ཞུགས་པ། རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་ལ་ཡང་ཡོད་པར་མཐོང་སྟེ། གང་གིས་བརྩམས་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་མཛད་རྣམ་ན། ཡོངས་འཛིན་རང་གིས་དངོས་སུ་གསུངས་པ་ན། དུས་ཀྱི་དགོངས་ལ་ས་ཡང་འཇུག་ཡོད་པ་དང་། ཡོངས་འཛིན་གྱི་དངོས་སུ་མ་གསུངས་པའི་སྐབས་ན། ས་ཡང་འཇུག་མེད་པ། དགོང་། ཞེས་དག་ཆ་དེ། བོད་ཡོངས་ཁྱབ་ཀྱི་གཞུང་དཔེ་དང་མི་མཐུན་པ་བྲིས། བོད་ཀྱི་ཡི་གེའི་དག་ཆ་འཕྲོས་བརླག་ཏུ་གཏོང་མཁན་ནི། བོད་གཞུང་གི་ལས་བྱེད་པ་དག་ཡིན་པ། ཚད་ལྡན་གྱི་སྐྱེས་བུས་གསུངས་པའི་གནས་ཚུལ། ཕལ་ཆེར་༡༩༩༧ལོར་དྷ་སའི་གསར་ཤོག་ཅིག་ཏུ་འཐོན་པ་དྲན།
བདག་གིས་སྩོལ་བའི་འདས་ལ་སྩལ་ཅེས་དགོས་ཞེས་པ་ལ།
སྩལ་བྱ་སྩོལ་བྱེད་བསྩལ་སྩོལ་ཅིག་ཅེས་འབྲི་ཁྱབ་སུ་སོང་ཡོད་པས།
ཞེས་པ་ནི་བོད་སྤྱིའི་སྐད་ལ་གནོད་པའི་ལོག་པར་རྟོག་པ་ཆེན་པོ་སྟེ། འདི་ལྟ་བུའི་ཤེས་རློམས་ཀྱིས་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་ལ་གནོད། བཀའ་བསྟན་གསུང་འབུམ་རྣམས་ནི། ཛམ་གླིང་གི་མཁས་པ་རྣམས་ལ་ངོམ་ཆོག་པའི་བོད་ཀྱི་རིན་པོ་ཆེ་ཡིན། ཁ་སྐད་དང་རང་ཤེས་རློམས་ཀྱིས་བོད་རིག་གཞུང་ཡི་གེའི་དག་ཆ་དངོས་དང་། བརྒྱུད་ནས་བོད་རིག་གཞུང་སྐད་ཆེ་ཆེར་ཉམས་པའི་རྒྱུར་འགྱུར་ངེས་པ་ལགས་ན། རང་ཅག་བོད་སྐད་ལ་གཅེས་པ་ཚང་མས་བོད་སྐད་ཀྱི་ཡི་གེའི་དག་ཆ་ལ་བག་ཟོན་དགོས་པ་དགོངས་དབྱིངས་སུ་མངའ་བ་མཁྱེན། ཞེས་ཞུ་བ་ལགས་སོ།།
དམངས་གཙོ་ཞེས་པའི་དམངས་དེ་འབངས་མི་ཡིན་ལ་མང་གཙོ་ཞེས་པའི་མང་དེ་མང་ཉུང་གི་མང་ཡིན་ན། དེ་གཉིས་ལ་ཁྱད་པར་མེད་པར་འགྱུར་དེ། རྒྱལ་ཁབ་དེས་འབངས་མི་ལས་མང་བ་རྒྱལ་ཁབ་དེས་མི་ལ་མེད་ལ་དེ་ནི་རྒྱལ་ཁབ་དེ་ལ་མཚོན་ན་མང་བ་དང་གཙོ་བ་གཉིས་ཀ་ཡིན་པའི་ཕྱིར་རོ། དེ་བཞིན་དུ་རྒྱལ་ཁབ་དེས་བྱ་བཞག་ཆེ་ཕྲ་ཐམས་ཅད་གང་བྱེད་ཀྱང། འབངས་ངམ་མི་དམངས་གཙོ་བོར་བྱས་ནས་འོས་ཤོག་གི་ལམ་ནས་འབངས་མི་སེར་གྱི་ཁ་གྲགསདགོས་པ་དང། རྒྱལ་ཁབ་དེས་འཛིན་སྐྱོང་སྲིད་དབང་དང་རྒྱལ་ཁབ་དེས་འཛིན་སྐྱོང་བདག་དབང་སོགས་ཚང་མ་མི་མང་གི་བསམ་ཚུལ་ལྟར་སྐྱོང་ཞིང་མི་མང་གི་ཐེག་བཅད་དགོས་པ་གཅིག་མཚུངས་མ་ཡིན་ནམ། དེས་ན་མང་གཙོ་ལ་དམངས་གཙོ་སྔོན་དུ་འགྲོ་ཚུལ་དང་དེ་གཉིས་གོ་དོན་ཡང་གཏན་ནས་མི་འདྲ་ཚུལ་ཅི་ལྟར་ཡིན་ནམ། དམངས་གཙོ་ཞེས་པའི་དམངས་ནི་རྗེ་ལས་འབངས་གཙོ་བ་དང། མང་གཙོ་ཞེས་པའི་མང་ནི་ཉུང་བ་ལས་མང་བ་གཙོ་ན། དེ་གཉིས་གྱི་སྒྲ་བཤད་ནི་མི་མཚུངས་སོ།
རང་རེ་གངས་ཅན་པས་དམངས་གཙོ་ཟེར་བ་ནི་ བླ་ན་མེད་པའི་དབུ་འཁྲིད་ཅིག་ལ་ལྟོས་ཏེ་དེའི་མངའ་རིས་ཀྱི་མི་རྣམས་དཀྱུས་མའམ་དམངས་ཕལ་པར་གྱུར་པས་ན་མི་དམངས་དང་། བླ་ན་མེད་པའི་དབུ་འཁྲིད་གང་དེས་ཆབ་སྲིད་ཀྱི་ཐོབ་དབང་མི་དམངས་ཏེཕལ་པ་རྣམས་ལ་རྩིས་སྤྲོད་གནང་སྟེ་ ཐོབ་དང་དབང་ཆ་བླ་ན་བཞུགས་པ་ལས་དཀྱུས་མའི་མི་རྣམས་ཆེ་བའི་རྒྱུ་མཚན་གྱིས་དམངས་གཙོ་ཞེས་བརྗོད་པར་འདོད་དོ
༡ ཐ་སྙད་ཟེར་བ་དེ་རྩ་བ་གཅིག་ནས་ཡལ་ག་དུ་མར་གྱེས་རྒྱུ་ཡོད་པ་རེད།
༢ ཐོག་མའིདོན་གྱི་འཇུག་ཡུལ་གཅིག་ཁོ་ན་ནས་དུས་རབས་རིམ་སོང་གིས་ནང་དོན་དང་འཇུག་ཡུལ་ཡང་མང་ནས་མང་དུ་འཕེལ་རྒྱུ་ཡོད་པ་རེད། དེ་ནི་སྐད་ཚང་མ་གཅིག་པ་རེད།
༣ རྒྱ་གར་གྱི་རིགས་ཐ་མ་དེ་བོད་ཡིག་དམངས་ལ་བསྒྱུར་བས་བར་སྐབས་ཤིག་རིང་དམངས་དེ་གདོལ་བའི་དོན་ཅན་ཆགས་པ་དེ་བདེན་པ་རེད།
༤ དེའི་སྔོན་ལ་བོད་ཀྱི་གདོན་མའི་ཕ་སྐད་མ་སྐད་རང་གཞིར་བཞག་ན་དམངས་ཟེར་བ་འདི་དེ་འདྲ་ཐ་སྙད་དམན་པ་ཞིག་ཡིན་མིན་དེ་བཤད་ཁག་པོ་རེད། བོད་ལ་ཆེས་གདོད་མའི་དུས་དེ་འདྲ་རིགས་བཟང་ངན་གྱི་དབྱེ་བ་ཡོད་པ་མ་ཤེས། དབྱེ་བ་མེད་པ་ཡིན་ན་ཐ་སྙད་དམན་པ་དེ་འདྲའང་ཡོད་རྒྱུ་མ་རེད།
༥ གང་ལྟར་དམངས་ཞེས་དམན་པ་དེའི་འཇུག་ཡུལ་གྱི་གོ་གནས་ཀྱང་སྤྱི་ཚོགས་འཕེལ་འགྱུར་དང་བསྟུན་ནས་རིམ་པས་འགྱུར་ཏེ་ད་ཆ་མི་མང་གི་དོན་ཅན་ཆགས་ཚར་ཡོད་པ་ཞིག་ཡིན་པས་མཁས་དབང་རྒན་པ་ཚོས་ཀྱང་ཐོག་མའི་འཇུག་ཡུལ་རང་ཨུ་ཚུགས་ཀྱིས་འཛིན་དགོས་ངེས་སུ་མ་མཐོང་། དེ་ནི་སྐད་རིག་པའི་ཆོས་ཉིད་མ་རྟོགས་པར་ཨུ་ཚུགས་རྒྱག་པ་རང་རེད།
དམངས་གཙོ་ལས་མང་གཙོ་ཞེས་པའི་ཚིག་ཁ་ནས་ཐོན་དཀའ་ཙམ་ཡོད་པ་ནི། བདེན་པ་དང་། དེ་ཡང་བྱང་ཆ་ལ་བྱུང་བ་རེད། སྲིད་སྐྱོང་རིན་པོ་ཆེས་དམངས་དེ་མང་བསྒྱུ་དགོས་དོན་གཉིས་བྱུང་ཡོད་རེད།
དང་པོ་དེ་རྒྱ་གཞུང་གིས་ཀྱང་དམངས་གཙོ་བཤད་པ་ཙམ་མ་ཟད་དག་ཆ་འདི་བེད་སྤྱད་པས་མི་འདོད་གཉིས་མཉམ་དུ་བྱུང་བ་དང་། གཉིས་པ་དེ་དུས་དྷ་སར་དམངས་གཙོ་ཞེས་པའི་བོད་ཡིག་ཚགས་པར་ཕན་ལས་གནོད་ཆེ་བ་དེ་ལ་སྤེལ་མཚམས་འཇོག་ཕྱིར་རེད།
དེས་ན་མགོན་ཕྱག་ལགས་ཀྱིས་བོད་གདོད་ཕ་སྐད་ནང་ལ་དམངས་རིགས་དམན་པ་ལ་འཇུག་དང་མི་འཇུག་དང་། རིན་པོ་ཆེས་རྒྱ་གར་གྱི་རིགས་བཞི་དམངས་རིགས་བསྒྱུ་གྱི་ཁུངས་བཙུན་འདི་སུ་རྒྱལ་དང་སུ་ཕམ་འབྱུང་འགྱུར་ལོ་རྒྱུས་ཁ་ཕྱོགས་ལ་རག་ལས་པ་རེད་དོ། །
བྱང་ཆ་ལ་དེ་ལས་ལ་བཅོས། བསྒྱུར་དང་། གདོད་མའི་མ་ཡང་ཆད་འདུག རིགས་བཞི་པའི་པ་ཡང་་་་
མཁས་དབང་ཟམ་གདོང་རིན་པོ་ཆེའི་གསུང་པ་ལ་མངོན་པར་བསྟོད་དོ།
དམངས་ཟེར་ན་ཅུང་དམན་པ་ཞིག་ལ་གོ་དང་མི་གོ། བོད་པ་དམངས་ཟེར་ན་དེའི་ནང་༧སྐྱབས་མགོན་རིན་པོ་ཆེ་དང་བཀའ་ཁྲི་སོགས་ཚུད་དང་མི་ཚུད། མི་ཚུད་ན་ཁོང་རྣམས་ལ་དམངས་གཙོའི་ཐོབ་ཐང་ཡོད་དང་མེད། དེ་ལ་སོགས་པ་ཤེས་དགོས་པ་མང་པོ་འདུག
རང་དབང་། མཆན༣༨ པར་གཟིགས།
མདའ་ཚན་གྱི་མང་དང་དམངས་ཀྱི་དཔྱད་རྩོམ་ཐུང་ངུ་འདི་ཡིད་ལ་འཐད་པ་བྱུང་།
བོད་ཀྱི་གསོ་རིག་ཐམས་ཅད་ཀྱི་ཕྱི་མོ་དཔལ་ལྡན་རྒྱུད་བཞིའི་ཕྱི་རྒྱུད་ཕྱེ་མའི་ལེའུར། ཚ་སེལ་ག་བུར་རྒྱལ་བོའི་སྦྱོར་བ་དང་། གུར་ཀུམ་བདུན་པ་བློན་པོའི་སྦྱོར་བ་དང་། གཙོ་བོ་བརྒྱད་པ་རྗེའུའི་སྦྱོར་བ་དང་། སྣ་ཚོགས་དམངས་ཀྱི་སྡེ་ཚན་རྣམ་པ་བཞི། ཞེས་དང་། ཡང་། སྣ་ཚོགས་ཁ་ཐོར་དམངས་ཀྱི་སྦྱོར་བ་ནི། ཞེས་དང་། ཡང་། གྲང་བ་སེལ་བ་ཕྱེ་མའི་སྡེ་ཚན་ལ། རྒྱལ་བོ་སེ་འབྲུ་བློན་པོ་ད་ལིས་དང་། རྒོད་མ་ཁ་ཕྱེ་རྗེའུའི་སྦྱོར་བ་དང་། སྣ་ཚོགས་ཁ་འཐོར་དམངས་ཀྱི་སྦྱོར་བ་བཞི།
ཞེས་སྨན་གྱི་སྦྱོར་སྡེ་བཤད་སྐབས་གཙོ་ཕལདང་སྤྱི་བྱེ་བྲག སྤྱོད་ཁྱབ་ཆེ་ཆུང་ལ་བལྟོས་ནས་སྡེ་ཚན་དབྱེ་འབྱེད་བྱེད་སྲོལ་ཡོད་པ་ལྟར། འདིའི་སྐབས་སྨན་གྱི་སྦྱོར་བའི་རིགས་ཡོངས་ཁྱབ་ཁ་འཐོར་དུ་གནས་ཤིང་མང་པོ་སྣ་ཚོགས་ཅན་གྱི་གྲས་ལ་དམངས་ཞེས་མིང་བཏགས་ཡོད་པས་དམངས་ལ་མཐོ་དམན་གྱི་དྲི་མ་མེད་པས་མ་ཚད་མང་པོའི་གོ་དོན་གསལ་བོ་སྟོན་ཐུབ་པ་དང་། ལྷག་པར་དུ་གསོ་རིག་རྒྱུད་བཞིའི་གཞུང་འདི་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པས་བོད་དུ་དམངས་ཀྱི་ཐ་སྙད་འདི་བེད་སྤྱོད་བྱས་ཏེ་ལོ་ངོ་སྟོང་ཕྲག་ལྷག་སོང་ཡོད།
ཚ་སེལ་ག་བུར་རྒྱལ་བོའི་སྦྱོར་བ་དང་། །
གུར་ཀུམ་བདུན་པ་བློན་པོའི་སྦྱོར་བ་དང་། །
གཙོ་བོ་བརྒྱད་པ་རྗེའུའི་སྦྱོར་བ་དང་། །
སྣ་ཚོགས་དམངས་ཀྱི་སྡེ་ཚན་རྣམ་པ་བཞི། །
ཚ་སེལ་ག་བུར་རྒྱལ་བོའི་སྦྱོར་བ་དང་། །
གུར་ཀུམ་བདུན་པ་བློན་པོའི་སྦྱོར་བ་དང་། །
གཙོ་བོ་བརྒྱད་པ་རྗེའུའི་སྦྱོར་བ་དང་། །
སྣ་ཚོགས་དམངས་ཀྱི་སྡེ་ཚན་རྣམ་པ་བཞི། །ཞེས་པ་འདིས། རྒྱུད་བཞི་པོ་འདི་རྒྱ་གར་རིགས་བཞི་རྩིས་པ་དང་། བཞི་པ་དམངས་རིགས་གདོལ་པ་པའི་རིགས་ཞེས་པའང་རིགས་དམའ་ཤོས་འདོད་པ་དུས་ད་ལྟ་བར་དུ་གནས་ནས་འདུག་པ་འདིས། གང་མཚོན་ནམ་ཞེས་ན།
དམངས་ཞེས་པའི་ཚིག་འདི་རྒྱ་གར་གྱི་རིགས་བཞི་པ་དམངས་རིགས་ལས་མཆེད་པ་དང་། གསོ་རིག་རྒྱུད་བཞི་པ་དེ་ཡང་ང་ཚོའི་བོན་གཞུང་ལས་མཆེད་པ་མིན་པར་ཡང་གསལ་སྟོན་བྱུང་བ་འདིས་བོད་རང་གི་གསོ་རིག་གི་རྒྱས་བསྡུས་འབྲིང་ཙམ་ལས་མེད་པ་ཡང་སྟོན་འདུག་སྙམ་ལགས། ད་དུང་ཁུངས་གཏུགས་ས་དཔྱད་དགོས་པ་མང་པོ་ལྷག་འདུག་པ་མིན་ནམ།
ངའི་ལུང་པ་ལ་དྭགས་གཤམ་ཕྱོགས་དང་། སྦལ་ཏིའི་ཡུལ་སོགས་ལུང་ཁུག་ཡིན་པས། བོད་ཀྱི་མིང་ཚིག་མངཔོའི་སྔོན་འཇུག་དང་། རྗེས་འཇུག། ཡང་འཇུག་བཅས་ཇི་ལྟ་བ་བཞིན་དང་། ཇི་ལྟ་བ་བཞིན་མ་ཡིན་པར་འབོད། བདག་ཆུང་ངུའི་སྐབས་སུ། སྦལ་ཏིའི་བྱེས་པ་དག་གིས། གྲངས་ཀྱི་བཞི་ལ། བིཞི་ཟེར་བ་ཐོས། ལ་དྭགས་གཤམ་ཕྱོགས་པས། དཔལ་ལ། སྤལ་ཟེར། དེས་ན། བདག་གི་མིང་འཇམ་དཔལ་ལ། འཇམ་སྤལ་ཞེས། སའི་ཟུར་སྒྲ་འཐོན། དེ་བཞིན་དཔེ་ཆ་དག་ན་ཡང་། སྐྱེ་དགུ་ལ། སྐྱེ་རྒུ། ཞེས་སྐབས་འགར་ད་སྔོན་འཇུག་ར་རུ་འབོད།
གལ་ཏེ་མངས་ལ། དམངས་ཞེས་སྔོན་འཇུག་ཡོད་ན། ལ་དྭགས་གཤམ་པྱོགས་པ་སོགས་ཀྱིས། སྨངས། ཞེས་འདོན་དགོས་པ་ལ་དེ་ལྟར་མི་འདོན། མི་མངས་ཀྱི་ཟན་ལ། མངས་ཟན་ཟེར་བ་མ་གཏོགས། སྨངས་ཟན་ཟེར་བ་མ་ཐོས།
ད་སྔོན་འཇུག་ས་རུ་འབོད་པ་སྔོན་དུས་སུ་ཡོད་དེ། དམིགས་པ་ན་རྒྱུ་བ་ལ། སྨིག་རྒྱུ། ཞེས་པ་ལྟ་བུའོ།།
འཚོ་བྱེད་བུས་ལུང་དེས་རིགས་བཞི་དགར་ནས་བཤད་འདུག་པས། མགོན་ཕྱག་གི་མགོ་ལ་ཐོ་བ་རེད་ཡ། ཧཧ ལུང་དྲང་མ་ཤེས་ན་འདི་འདྲ་རེད་ཡ།
འཚོ་བྱེད་བུ་ལགས།
ཁྱེད་ཀྱི་འགྲེལ་བཤད་རྒྱག་སྟངས་འདི་དང་གཤམ་གྱི་ཀ་རྡོ་གཉེར་ཕྱག་པའི་འགྲེལ་བ་གཉིས་ཐ་དད་རེད། ཁྱེད་ནས་སྔོན་ལ་ཁུངས་གཏུགས་སའི་འགྲེལ་པ་ཞིག་ལུང་འདྲེན་གནང་ན་ཕན་པ་ཆེ། དཔེར་ན། རྒྱུད་བཞིའི་འགྲེལ་པ་མང་པོ་ཡོད་པའི་ནང་ནས། མཁས་པ་སུ་ཞིག་གིས་གོང་དུ་ཁྱེད་ཀྱི་འགྲེལ་བའི་སྣ་ཚོགས་ཏེ་མང་པོར་གོ་བ་ལས་དམངས་རིགས་ལ་མི་གོ་བའི་འགྲེལ་བ་ཞིག་འདོན་རོགས་གནང་། ང་ཚོའི་ཐོས་རྒྱ་ཆེ་རུ་གཏོང་ཆེད་ཡིན། ཐུགས་རྗེ་ཆེ།
དེ་བཞིན། ཐ་སྙད་གཅིག་པུར་རྩོད་པའི་ད་རེས་མགོན་ཕྱག་གི་རྩོམ་འདི་ལ་ངས་འདྲི་བ་གཅིག་ཡོད། དཔེར་ན། དབུ་མ་ཟེར་ན་ཕྱོགས་གཉིས་ལ་མ་ལྷུང་བར་དཀྱིལ་ལ་གནས་པའི་ལྟ་བམ། གཞུང་ལུགས་ལ་བེད་སྤྱོད་ཀྱི་འདུག། བོད་ཡིག་གི་འགྲེལ་པ་ལ་དབུ་ཟེར་ན་མགོ་ལ་གནས་པའི་དོན་དང་། སྟེང་འོག་གཉིས་ནས་སྟེང་ལ་གནས་པའི་ནང་དོན་ལས། དཀྱིལ་ལ་གནས་པའི་དོན་མིན་འདུག། འདི་ཇི་ལྟར་འགྲེལ་ལམ། མགོན་ཕྱག་ལགས་ལན་ཞིག་སྟེར་རོགས་གནོངས། འདྲི་བ་འདི་དང་ད་རེས་དམངས་ཚིག་གི་རྩོད་པ་འདི་འབྲེལ་བ་ཡོད་དམ་སྙམ་ན་ཡོད། ངས་རིམ་གྱིས་ཞུ་ཆོག་པ་ཅིག
འོས་ཤོག་འཕེན་དུས་མང་གཙོ་གལ།
ཐོབ་ཐང་རྩོད་དུས་དམངས་གཙོ་གལ།
འདི་གཉིས་ཡུལ་དུས་གནས་སྐབས་ཀྱིས།
མ་ནོར་འབྲི་བ་གནད་དུ་ཆེ།
མང་གཙོ་དམངས་གཙོ་ཁྱད་པར་མེད། །
དམངས་གཙོ་ཡོངས་གྲགས་ཐ་སྙད་དོ། །
མང་གཙོ་དམངས་གཙོ་གང་ལེགས་པ། །
འདེམ་ཤོག་བླུག་ན་མི་ལེགས་སམ། །
དབུ་ནི་སྤྱིར་བཏང་མགོའི་ཞེ་ས་ཡིན་ཡང་། ལམ་དབུ་མའི་སྐབས་སུ་དབུས་ཀྱི་དོན་སྟོན་པའོ། མཐའ་གཉིས་སུ་མ་ལྷུང་བ་དབུ་མའོ།
རྩ་དབུ་མ་རོ་མ་རྐྱང་མ་གསུམ་གྱི་དཀྱིལ་མ་དེ་ལ་རྩ་དབུ་མ་ཟེར་བ་ལྟ་བུའོ།
སྔོན་གྱི་ཚིག་མཛོད་རེ་ཟུང་ཁོ་ན་ལ་ཁུངས་གཏུགས་ནས་ཨུ་ཚིགས་བྱ་རྒྱུ་ཞེ་དྲག་ཡོད་མ་རེད། དམངས་ཟེར་བ་འདི་བོད་རང་གི་སྐད་ཅིག་རེད་མོད། སྐད་རིག་པའི་ཐོག་ནས་བརྟག་རྒྱུ་ཞེ་དྲག་ཡོད་པ་རེད། མང་དང་མངས་དམངས་འདི་ཚོར་འབྲེལ་བ་ཡོད་པ་མ་ཟད། ད་དུང་། འབངས་དང་དམངས་གཉིས་ལའང་འབྲེལ་བ་ཡོད་པ་རེད། འབངས་འཁོར་ལྟ་བུ་སོགས་འབངས་ལ་འགྲེལ་བཤད་ཕལ་ཆེ་བར་གཡོག་འཁོར་སོགས་གཡོག་དང་བྲན་དུ་འགྲེལ་བརྒྱབ་འདུག་ཀྱང་དོན་ངོ་མའི་འཇུག་པ་དང་ཁྱབ་ཆེ་བའི་འཇུག་པ་དེ་འབངས་མི་སེར་གྱི་དོན་རེད། འབངས་ཟེར་བ་འདི་སྐྱེས་རབས་སོ་བཞི་སོགས་ཀྱི་ནང་དུའང་ལན་ཁ་ཡང་སླེབས་འདུག འབངས་དང་དམངས་ཀྱི་མཆེད་ཁུངས་གཅིག་པ་རེད།
དམངས་མི་སེར་ཕལ་པར་འཇུག་དོན་གཞན་ཞིག་བཤད། རྒྱ་གར་གྱིས་མིའི་རིགས་ཚང་མ་རིགས་བཞི་རུ་དབྱེ་བ་མཛད་ཡོད་གི་མོད། རིགས་བཞིའི་ནང་མ་ཚུད་པ་ཞིག་ཡོད་རྒྱུ་མ་རེད་པ། རིགས་བཞིའི་ནང་བྲམ་ཟེའི་རིགས། རྒྱལ་རིགས། རྗེའུ་རིགས་གསུམ་གྱིས་བརྒྱ་ཆ་ག་ཚོད་ཟིན་གྱི་རེད། ཕལ་ཆེར་བརྒྱ་ཆའི་བཅུ་ཡང་ཟིན་གྱི་མ་རེད། ད་ལྷག་མ་བརྒྱ་ཆ་དགུ་བཅུ་དེ་དམངས་རིགས་ཡིན་དགོས་ག། བརྒྱ་ཆ་དགུ་བཅུ་དམངས་རིགས་ཡིན་ན་དེ་མི་མང་ཕལ་བ་རྣམས་ཡིན་དགོས་ག། རིགས་བཞི་ལས་དམན་པའམ་རིམ་པ་ཐ་མ་མང་ཤོས་དེ་དམངས་རིགས་རེད། རིགས་དམན་པ་ཟེར་ན་འདྲ་ག་རེ་ཟེར་ན་འདྲ་མི་མང་སྤྱི་བྱིངས་ལས་གཞན་གོ་ས་ཡོད་པ་མ་རེད། བོད་རྒྱ་ཚིག་མཛོད་དུའང་། མི་ཕལ་པ་ཟེར་ནས་འགྲེལ་འདུག རྒྱ་ཡིག་ནང་མི་མང་དཀྱུས་མ་ཟེར་ནས་བྲིས་འདུག དོ་ཧ་གསུམ་ལས་དམངས་དོ་ཧ་ཟེར་བ་དེའང་དམངས་གཞས་ལ་གོ་ཡི་ཡོད་པ་རེད། དམངས་མ་ཟེར་ནའང་མི་མང་ཕལ་པར་གོ་ཡི་ཡོད་པ་རེད། ད་དུང་དམངས་དཀྱུས་ཟེར་བའང་འདུག་ག ཐ་སྙད་གང་ཞིག་ལ་གོ་བ་ལེན་ན་ཟ་མ་ཏོག་དང་ངག་སྒྲོན་ནང་ཇི་ལྟར་འགྲེལ་འདུག་དེ་ཁོ་ནར་འཐོམས་བསྡད་ན་ཐ་སྙད་གང་དེའི་གོ་དོན་རྒྱ་ཆེ་ས་ནས་ལོན་གྱི་མ་རེད། ཐ་སྙད་གང་ཞིག་གི་གོ་དོན་ལ་རྒྱ་ཆེ་ས་དང་གུ་ཡངས་པོ། ཁྱབ་ཆེ་ས་ནས་བལྟ་དགོས་ན་སྐད་རིག་པ་དང་དེའི་མཆེད་རིམ་སོགས་ནས་བལྟ་ཐུབ་དགོས་པ་རེད། དེ་མིན་ན་ཐ་སྙད་གང་ཞིག་གི་གོ་དོན་གུ་དོག་པོ་ཞིག་ལས་གང་ཡང་ཤེས་ཀྱི་མ་རེད། མཁས་དབང་རྣམ་པ་ཚོ། མཚམས་རེར་བལྟས་ཡོང་ན་མཁས་དབང་གི་མཚན་ཅན་འདི་ཚོ་བསམ་བློ་གུ་དོག
ཁུངས་ལུང་རེ་དྲང་བ་ཙམ་ལས་བརྟག་དཔྱད་ཀྱི་སྲོལ་ཁྱོན་ནས་མེད་པ་ལྟ་བུར་ཡང་མཐོང་།
པད་མ་འབུམ་ལགས་ཀྱིས་གསུངས་པ་ལྟར། ཐོག་མར་མང་ནས་མཆེད་དེ་དམངས་གྲུབ་པ་ལྟར་ཡང་། ང་ཚོའི་ཡི་གེ་ཟོར་ཡང་བའི་འབྲི་ཐབས་ལྟར་བྱས་ནས་ཐ་མ་དམངས་ནས་སླར་མཆེད་དེ་མང་གྲུབ་པ་ཡང་ཡོད་པ་རེད། ཟོར་ཡང་ཟེར་ན། སྒྲ་གདངས་སོགས་བརྗོད་ཁག་ལ་སྣ་མང་རྙོག་འཛིངས་ལྡན་པ་དེ་སླ་རུ་དང་སྟབས་བདེ་རུ་ཆགས་པ་དེ་ལ་ཟེར། དཔེར་ན། སྙན་དངགས། འཕྲིན་ཡིག སྨྲེ་སྔགས། མི་དམངས། གྲྭ་དམངས། ལོ་གསར། རྒྱ་དཀར། མེ་དམར་ལྟ་བུ་སོར་ཡང་བོར་བྱས་ནས་བྲིས་ན། སྙན་ངག ཕྲིན་ཡིག སྨྲེ་ངག། མི་མང་། གྲྭ་མང་། ལོ་སར། རྒྱ་གར། མེ་མུར་ལྟ་བུའོ།
མང་གཙོ་ཟེར་ན་མང་མོས་ལ་གོ་བ་ལས་དམངས་གཙོའི་ཟོར་ཡང་གི་འབྲི་ཚུལ་དུ་བཤད་ན་དེ་མང་མོས་ལས་བདེ་བ་འདུག
རྒན་འཇམ་དཔལ་ལགས།
རྒྱ་གར་དུ་ཤེས་རིག་ལས་ཁུངས་ནས་པར་བརྒྱབ་པའི་སྐྱེས་རབས་སོ་བཞི་པ ཤོག་གྲངས་༦༥ ཐིག་ཕྲེང་ ༡༥ པར
་་རྒྱལ་པོའི་ཤ་དང་ཁྲག་རྣམས་སྦྱིན་པར་སྩོལ་བར་རིག་ནས་་ ཞེས་ད་ལྟ་བ་ལ་སྩོལ་ཅེས་བྲིས་འདུག དེ་དག་མི་དག་ནི་གཞན་ལ་བསྡུར་ས་མ་རག་པས་སྐུ་ཉིད་ནས་ཀྱང་ཐུགས་ཞིབ་གནང་བར་ཞུ།
རྒྱན་མགོན་ཕྱག་གཉིས་པ་ལགས།
ཁྱེད་ཀྱི་རྒྱུ་མཚན་འགའ་ཤས་བདེན་པར་སྣང་། འོ་ན། དམངས་དང་རྨང་གཉིས་འབྲེལ་བ་ཨེ་འདུག། དཔེར་ན། རྨང་ཟེར་ན་གཞི་རྩ་དེར་གོ་བས། དམངས་ཀྱང་གཞི་རྩ་དེ་མང་བ་དེར་མི་གོའམ།
དམངས་དང་རྨང་གཉིས་ལ་འབྲེལ་བ་ཡོད་ན་ཐང་། ཡིན་ནའང་། དེའི་སྐོར་ང་ལ་བཤད་རྒྱུའི་ཡོངས་སུ་ཕོངས་སོ། ཁ་བཙུམ་ནས་སྡོད་པ་ལས་འོས་མ་མཆིས།
གསོ་རིག་རྒྱུད་བཞིར་སྨན་གྱི་སྦྱོར་བའི་སྡེ་ཚན་བྱེ་བྲག་ཏུ་འབྱེད་སྐབས་སྨན་གྱི་སྦྱོར་བའི་ཚ་གྲང་གི་ནད་ཀྱི་ཕན་རླབས་ཆེ་ཆུང་ངམ་སྨན་ནུས་འདོན་ཚུལ་ལ་དཔགས་ཏེ་རྒྱལ་བློན་རྗེའུ་དམངས་ཞེས་རིམ་པ་བཞིར་དགར་ཡོད་པ་མ་གཏོགས་རྒྱལ་དང་བྲམ་ཟེ་རྗེ་དམངས་ཞེས་རིགས་མཐོ་དམའ་བྱས་ཏེ་དགར་མེད་པ་མཐོང་གསལ་རེད། སྤྱིར་རྣམ་རྟོག་ཅན་རྣམ་རྟོག་དང་མཁྲིས་ནད་ཅན་ལ་སེར་མདོག་ལྟར་རིགས་མཐོ་དམའི་བག་ཆགས་མཐུག་པོ་ཅན་གྱིས་ཚང་མར་རིགས་མཐོ་དམའི་ལྟ་ཚུལ་བཙན་སྦྱར་བྱེད་པ་ཡིད་རེ་ཕངས།
སྣ་ཚོགས་ནི་འདྲ་མིན་མང་པོ་ཞིག་འདུས་པ་ལ་གོ་དགོས་པས། སྣ་ཚོགས་ཁ་འཐོར་དམངས་ཞེས་པ་ནི་སྨན་གྱི་སྦྱོར་བ་འདྲ་མིན་མང་པོ་ཁ་འཐོར་ཏེ་ཡོད་པ་ལ་རང་ཤུགས་ཀྱིས་གོ་བཏུབ་པས་དེས་མང་པོའི་བརྡ་རང་བཞིན་གྱིས་སྟོན་གྱི་ཡོད། སྡེ་སྲིད་ཀྱི་རྒྱུད་བཞིའི་འགྲེལ་བ་བཻ་སྔོན་དུ། སྦྱོར་སྡེ་སྣ་ཚོགས་པའམ་ཁ་འཐོར་བ་དམངས་དཀྱུས་མ་ལྟ་བུའི་སྦྱོར་བ་ཞེས་གསུངས་ཡོད་པས་མང་པོ་ཞིག་འཚོགས་པའམ་མང་བ་ནས་མང་པོའི་མང་པོ་ལ་དམངས་ཞེས་བཏགས་པ་རེད་འདུག
ཡང་གསོ་རིག་རྒྱུད་བཞིའི་ཕྱི་རྒྱུད་སྔོ་སྦྱོར་གྱི་ལེའུར། ཐུན་མོང་སྔོ་སྦྱོར་རྒྱལ་པོ་བཙུན་མོ་སྲས། བློན་འབངས་དམག་དཔོན་དམག་མི་ཆིབས་པར་བཅས། ཞེས་སྨན་གང་ཞིག་གི་སྦྱོར་བའི་གྲུབ་ཆའི་མང་ཉུང་དང་བྱེད་ནུས་འདོན་ཚུལ་གཞིགས་ཏེ་སྨན་གཙོ་བོ་བ་དང་ཕལ་བ། འཁོར་བཅས་ལ་རིམ་པས་རྒྱལ་པོ་བཙུན་མོ་སྲས་བློན་འབངས་ཞེས་འབོད་སྲོལ་ཡོད་ལ། འདིའི་སྐབས་ཀྱི་འབངས་ནི་གོང་གི་དམངས་ལྟར་དཀྱུས་མ་ལ་གོ་དགོས་པ་ཡིན།
བཅོས། ་་་མང་བ་ནས་མང་པོའི་མང་པོ་་་ཞེས་པ་མང་པོའི་མང་པོ་ལ་བཅོས་རོགས།
གཙོ་བོ་མང་གཙོ་དང་དམངས་གཙོ་ལ་ཁྱད་པར་ཅི་ཡོད། མི་དམངས་ལ་དམངས་གཙོ་ཡོད་ན་དམངས་གཙོ་ཡིན་ནའང་ཆོག་གི་མང་གཙོ་ཡིན་ནའང་ཆོག ཟམ་གདོང་བླ་མས་མཁས་འདོག་བྱས་པ་རེད། དོན་དམ་ཁོ་པས་བཙན་བྱོལ་ནང་གི་མི་མང་ལ་མང་གཙོའི་རང་དབང་སྤྲད་ཡོད་དམ་རེད་བརྟག་དཔྱད་བྱས་ན་དེ་གས་ཤེས་ཐུབ།