ཀླུ་རྒྱལ་ཚེ་རིང་གིས།
———-
༡༩༥༩ ལོའི་སྔོན་ལ་མཚོན་ན་བོད་མིའི་ཡིག་རྨོངས་པའི་གྲངས་འབོར་དེ་ཆེན་པོ་ཡིན། བོད་མི་ཡོངས་རྫོགས་ཆོས་དད་པ་ཡིན་ལ། ང་ཚོས་བོད་མི་རྣམས་ནི་རིའི་རྒྱལ་པོ་རི་རབ་དང་བཅས་པའི་གླིང་བཞིའི་ཡ་གྱལ་འཛམ་བུ་གླིང་དུ་འཚོ་བཞིན་ཡོད་པར་ཡིད་ཆེས་བྱས་ཡོད། ཉི་མས་རི་རྒྱལ་གྱི་སྐེད་ཅིག་ནས་བསྐོར་བ་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱས་ཡོད། ༢༠༡༢ ལོར་སླེབས་སྐབས་དེ་ལྟར་ཡིད་ཆེས་བྱེད་པའི་བོད་མི་ཧ་ལམ་ཉིན་མོའི་སྐར་མ་ཙམ་ཡིན། བོད་ཡིག་ཤེས་མཁན་གྱི་བོད་མིའི་གྲངས་འབོར་ཀྱང་སྔོན་དང་བསྡུར་ན་ཧ་ཅང་ཚད་མཐོ་པོར་གྱུར་ཡོད།
༡༩༨༠ ལོའི་སྐབས་ལ་མཚོན་ན། བོད་མི་རྣམས་རིག་གནས་གསར་བརྗེའི་ལས་འགུལ་ལས་ཐར་ཙམ་རེད། དགོན་པ་མང་པོ་ཞིག་ནས་མེད་ཅིང་། ལྷག་ཡོད་པ་རྣམས་ལ་མཚོན་ནའང་གད་སྙིགས་ཁང་ལྟ་བུ་ཞིག་ཏུ་གྱུར་ཡོད། བོད་མི་རྣམས་ཀྱིས་སླར་ཡང་ཆོས་ལ་དད་པ་བྱེད་པའི་མགོ་ཚུགས། ང་ཚོ་རི་རྒྱལ་ལྷུན་པོ་ཡོད་མེད་ལ་དྭོགས་པ་ཟ་བཞིན་ཡོད། ད་དུང་གནས་ཚུལ་གཞན་ཞིག་ཡོད་པ་ནི། འདས་པའི་མི་ལོ་ཉི་ཤུའི་རིང་བོད་མི་རྒྱ་སྐད་ཤེས་མཁན་མང་ཙམ་བསྐྱེད་སྲིང་བྱས་ཡོད་པ་མ་ཟད། དེང་རབས་ཀྱི་འཇིག་རྟེན་དང་བོད་ཕྱི་རོལ་གྱི་འཇིག་རྟེན་ལ་གོ་རྟོགས་ཐུབ་པའི་བོད་མིའི་གྲངས་འབོར་འཕར་བ་རེད། བོད་མི་རིགས་ཀྱི་སྡུག་བསྔལ་གླེང་ཤེས་པའི་བོད་མིའི་གྲངས་འབོར་ཡང་འཕར་བ་རེད། སྔོན་མ་ངག་ཐོག་དང་སྙན་ཞུའི་ཐོག་ནས་སྡུག་བསྔལ་གླེང་བ་རེད། ད་ལྟ་དེབ་དང་སྙན་ངག་གི་ཐོག་ནས་བདེ་སྡུག་གླེང་བཞིན་ཡོད། གླེང་མོལ་དེ་དག་གི་ཁྲོད་དུ་གསར་རྙིང་བར་གྱི་འཐབ་འཛིང་ཞིག་ཀྱང་བྱུང་བ་རེད། འཐབ་འཛིང་དེའི་ཁྲོད་ན་བླ་མའི་ཞབས་ལ་མགོ་བོས་བཏུད་དེ་གསོལ་འདེབས་ཞུ་རྒྱུའི་ཚབ་ཏུ། བླ་མའི་སྤྱན་དང་རང་གི་མིག་ཐད་ཀར་སྦྱར་ཏེ། བླ་མའི་མཁྱེན་ཡོན་ལ་དྭོགས་འདྲི་བྱེད་མཁན་ཡང་བྱུང་བ་རེད། དཔེར་ན། དོན་གྲུབ་རྒྱལ་གྱིས་དག་ཆའི་སྐོར་བླ་མ་འགའ་ལ་དྲིས་པ་ལྟ་བུ་རེད། འདི་ཡང་གཙོ་བོར་མིར་སྐྱེས་པ་ཚང་མ་འདྲ་མཉམ་ཡིན་ཞེས་པའི་ལྟ་ཚུལ་ཞིག་གི་ཐོག་ནས་སླེབས་པ་རེད། སྔོན་མ་ཡིན་ན་མིའི་སྐྱེ་བ་ལ་མཐོ་དམའ་ཡོད་པ་རེད། ད་ཆ་མཐོ་དམའི་ཁྱད་པར་དེ་ལ་འདོད་པ་བྱེད་ཀྱི་མེད་པ་རེད།
ད་དུས་རབས་ཉེར་གཅིག་པ་ཤར་བ་རེད། བོད་མི་རྣམས་ཀྱང་དུས་རབས་ཉེར་གཅིག་པའི་བརྡ་འཕྲིན་དུས་རབས་ཞེས་པའི་ནང་སླེབས་པ་རེད། འདོད་པ་ཡོད་ནའང་རེད། འདོད་པ་མེད་ནའང་རེད། འདི་ལ་བཟློག་ཐབས་མེད་པ་རེད། བསངས་གསོལ་དང་གཏོར་རྒྱག་ལ་བརྟེན་ནས་བོད་གངས་ཅན་པའི་བསྟན་དགྲ་ཚར་གཅོད་པའི་དུས་རབས་དེ་རྫོགས་ཟིན་པ་རེད།
སྔོན་མ་ ༡༩༨༠ ལོའི་སྐབས་ལ་ཡིན་ན་བོད་རིགས་མཐོ་སློབ་ལ་ཕྱིན་པ་རྣམས་ནི་སློབ་སྦྱོང་གི་རྩེ་མོ་བ་རྣམས་རེད། རིམ་གྱིས་ཞིབ་འཇུག་སློབ་མ་ཐོན་པ་ཨང་དང་པོ། དེ་ནས་འབུམ་རམས་པ་ཐོན་པ་ཨང་དང་པོ་སོགས་བརྒྱུད་ནས་ད་ཆ་བོད་མིའི་མི་རབས་གསར་པ་རྣམས་ནི་ཧ་ལམ་མི་རིགས་གཞན་དང་བསྡུར་རྒྱུའི་གོ་སྐབས་ཤིག་ཤར་ཡོད་པ་རེད།
གཞན་ཞིག་ནས་བལྟས་ན། ༡༩༨༠ ཡི་སྐབས་ལ་ལོ་ན་ཉི་ཤུར་སླེབས་པའི་བོད་མི་ཚོའི་ཁྲོད་ན་ ཧེལ་ལོ་ཞེས་བཤད་ཐུབ་མཁན་ཀྱང་དཀོན་པོ་རེད། ད་ཆ་བོད་ནང་གི་སློབ་ཆུང་གི་སློབ་མ་ཚོས་སྐད་ཡིག་གསུམ་རེ་སློབ་སྦྱོང་བྱེད་བཞིན་པའི་དུས་ཚོད་ཅིག་ཤར་བ་རེད། གློག་བརྙན་ཞིག་གི་ནང་ན་སློབ་ཆུང་གི་ལོ་རིམ་དང་པོ་བ་དག་གིས། ཝན་ ཊུ་ ཐི་རི་སོགས་སྐད་བརྒྱབ་ནས་གྱེར་བཞིན་པ་མཐོང་བྱུང་། ད་བོད་ནང་ནས་མཐོ་རིམ་སློབ་མ་བཏོན་ཚར་ནས་ཕྱི་རྒྱལ་དུ་ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་སློབ་སྦྱོང་བྱེད་མཁན་ཡང་ཇེ་མང་རེད།
སྔོན་མ་གྲོང་གསེབ་རེ་རེ་ན་ཁ་པར་གཅིག་རེ་ཡང་ཡོད་མ་རེད། ད་ཆ་སྤོ་ལགས་རྨོ་ལགས་དེ་ཚོའི་ལག་ན་ཕྲེང་བ་མཉམ་དུ་ཁ་པར་ཡོད་རེད། སྔོན་མ་ཡིན་ན་རྡ་རམ་ས་ལ་དང་བོད་དབར་གྱི་གནས་ཚུལ་མགྱོགས་ཤོས་ནི་སྦྲགས་ཁང་དང་ཡང་ན་འགྲུལ་བཞུད་པའི་མི་འགྲོ་རྣམས་རེད། ད་ཆ་སྐར་ཆ་རེ་རེ་ནས་གནས་ཚུལ་ཕན་ཚུན་འགྲོ་གི་ཡོད་པ་རེད།
ད་འགྱུར་བ་འདི་ལྟར་མགྱོགས་པོར་འགྲོ་བཞིན་པ་རེད། འགྱུར་བ་འགྲོ་བཞིན་པའི་ཁྲོད་དུ་བོད་མི་ཡང་འགྱུར་འགྲོ་བཞིན་ཡོད་པ་རེད། སྔོན་མ་ཡིན་བོད་པ་བརྒྱ་ཆ་བརྒྱ་ཆོས་པ་རེད། ད་ཆ་ཡིན་ན། ཆོས་ལ་དད་པ་མེད་མཁན་གྱི་བོད་མིའི་གྲངས་འབོར་ཡང་འཕར་བཞིན་ཡོད་པ་རེད། ལྷག་པར་དུ་ལྷ་དང་ཆོས་སྐྱོང་ཞེས་པའི་རིགས་ལ་དད་པ་ལས་རྒྱུ་མཚན་གྱི་ཕྱོགས་ལ་དད་པ་བྱེད་མཁན་མང་བ་ཡོང་གི་ཡོད་པ་རེད།
སྔོན་མ་ཡིན་ན། བོད་མི་རྣམས་མ་བགྲོས་བསམ་པ་གཅིག་མཐུན་ཞེས་པའི་ནང་ཡོད་པ་རེད། ད་ཆ་ཡིན་ན་བོད་མི་རྣམས་ནི་བསམ་པ་མི་མཐུན་པའི་གཞི་མང་དུ་ཕྱིན་པ་རེད། ལངས་ཕྱོགས་མི་མཐུན་པའི་གཞི་མང་དུ་ཕྱིན་པ་རེད། མི་མཐུན་པ་དང་སྣ་ཚོགས་པའི་ངོ་བོ་ནི་ཕྱེ་མ་ལེབ་ཀྱི་གཤོག་པའི་རི་མོ་ལྟར་ཡོད་པ་རེད། ང་ཚོས་ད་སྣ་ཚོགས་པའི་ངོ་བོ་འདི་ངོས་ལེན་བྱེད་དགོས་པ་རེད། སྔོན་མའི་རལ་གྲི་འཁྱེར་ནས་དེང་སང་གི་ནམ་མཁའ་ལ་གཡུགས་རྒྱུ་ཡོད་མ་རེད། བསམ་ཚུལ་མི་མཐུན་པ་ལ་འཕྲད་པའི་སྐབས་སུ་གུ་ཡངས་པོའི་ཐོག་ནས་གུས་ཞབས་བྱེད་པ་ནི་མི་ཆོས་ཡ་རབས་ཤིག་ཡིན་པ་རེད།
ཆབ་སྲིད་ཡིན་ནའང་རེད། ཆོས་ལུགས་ཡིན་ནའང་རེད། དེ་མིན་གྱི་གཞུང་ལུགས་གང་འདྲ་ཞིག་ཡིན་ནའང་རེད། མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཡོད་རེད། གྲངས་ཉུང་དང་གྲངས་མང་ཡོད་རེད། ཤུགས་ཆེ་དང་ཤུགས་ཆུང་ཡོད་རེད། གསར་སྤྲོ་དང་རྙིང་སྤྲོ་ཡོད་རེད། གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་དགོས་པའི་ངེས་པ་ཡོད་པ་མ་རེད། མཐུན་ཕྱོགས་ལ་སྲུང་སྐྱོབ་དང་མི་མཐུན་ཕྱོགས་ལ་གཏོར་བཅོམ་བྱེད་རྒྱུའང་ཡོད་མ་རེད། མཐུན་དང་མི་མཐུན་ཟེར་བ་དེ་ཁམས་དང་མོས་པ་སྣ་ཚོགས་པ་ཟེར་བ་དེ་རེད།
ད་གནས་ཚུལ་ཚ་བོ་ཞིག་གི་སྐོར་ལ་བཤད་འདོད་བྱུང་། དེ་ནི་བོད་མི་དང་༧རྒྱལ་བ་རིན་པོ་ཆེའི་འབྲེལ་བའི་སྐོར་དེ་རེད། ཆོས་དད་མེད་པ་ཞིག་ཡིན་ན་༧རྒྱལ་བ་རིན་པོ་ཆེ་ལ་མ་དགའ་བའི་ངེས་པ་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་དགའ་ན་དབུ་མའི་ལམ་ལ་དགའ་བའི་ངེས་པ་ཡོད་མ་རེད། ༧རྒྱལ་བ་རིན་པོ་ཆེ་ནི་དེ་རིང་འཚོ་བཞིན་པའི་བོད་མི་ཚོའི་ཨ་ཕ་རེད། ༧རྒྱལ་བ་རིན་པོ་ཆེ་ནི་ད་རིང་འཚོ་བཞིན་པའི་བོད་མི་རྣམས་ཀྱི་ཨ་མ་རེད། ཕ་མ་ལ་སྡུག་གཏམ་ཞུ་དུས་སྡུག་གཏམ་ཞུ་མཁན་དེ་བོད་མིའི་གྲས་ནས་མཐར་སྐྲོད་བྱེད་རྒྱུ་ཡོད་མ་རེད། འདི་ནི་ཧ་ཅང་གལ་ཆེན་པོ་རེད་བསམས་སོང་། དེ་ལྟར་རང་གིས་རང་ལ་གསལ་བཏབ་པ་ཡིན་ནོ།། ལེའུ་འདི་རེ་ཞིག་རྫོགས་སོ།། བོད་རྒྱལ་ལོ།།
ཀླུ་རྒྱལ་ཚེ་རིང་ལགས། ཐུགས་རྗེ་ཆེ། ཡག་པོ་གསུངས་འདུག། ཆེས་གཡོལ་དུ་མེད་པའི་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་མིའི་བསམ་པའི་དཔལ་ཡོན་ཡར་རྒྱས་ཟེར་ན་ཆོག། འོན་ཀྱང་རྙིང་ཞེན་པ་ཚོས་བསམ་བློ་གསར་པ་དང་ལྟ་བ་གསར་པ་གསར་རྗེ་སོགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། རེད་དེ་ཉི་ཤར་སྦར་མོས་མི་ཁེབས་པའི་དཔེ་ལྟར་རོ།
འགྲོ་བ་མིའི་རང་དབང་ནི་གཏམ་བརྗོད་རང་དབང་དང་ཀུན་སྤྱོད་རང་དབང་ལ་སྤྱི་སྒེར་གཉིས་ནས་ནོན་ཤུགས་མེད་པ་ཞིག་ཟེར་དགོས་འདོད། ཡིན་ནའང་ང་ཚོས་སྐད་ཆ་བཤད་སྐབས་ཤེས་ཡོན་ཚད་མཐོན་པར་སོན་པའི་སྤྱི་ཚོགས་ལས་དཔེ་བཤུས་བྱེད་རྐྱང་བྱས་ན། དེ་ནི་རང་རེའི་སྤྱི་ཚགས་ཀྱི་བསམ་བློའི་གནས་བབ་དང་མི་མཐུན་པས་བརྡབ་བསུག་གཏོང་ཉེན་ཡོད། དོན་དངོས་ཀྱི་བསམ་བློའི་གོ་བབ་མཐོན་པོ་དང་འགན་ཁུར་གྱི་ཡིན་ན། སྤྱི་ཚོགས་ཀྱི་བག་ཁུམ་དང་རྨོངས་འཐོམས་ཀྱི་གནས་བབ་ཡུན་གྱིས་བསྒྱུར་དགོས་པ་ལས། ཧོབ་སྟེ་ཐོད་བརྒལ་དང་བྲེལ་འཚུབ་གྱིས་སྔོན་ཐོན་བསམ་བློའི་ཆུ་ཚད་ལ་སླེབ་རྩིས་རྒྱུག་མི་རུང་། དེས་ཕྱིར་ཆབ་སྲིད་སྐྱོང་མཁན་དང་སྐད་ཆ་བཤད་མཁན་སུ་ཡིན་ཡང་། གཟབ་ནན་དང་དོ་ཁུར་ངེས་པར་དུ་གནང་དགོས་པ་འདོད། མ་ཟད་བཤད་མཁན་ལ་འཚེར་སྣང་དང་ཉན་མཁན་ལ་བཟོ་སྒོམ་ཡང་གལ་ཆེ་བར་སྙམས། གུ་དོགས་དང་ཧོབ་རྒྱུགས་ཀྱི་ལྟ་བ་དེ་རིགས་མུ་མཐུད་ན། སྤྱི་ཚོགས་འདིས་གསབ་དཀའ་བའི་གྱོན་གུད་དང་ངོ་ཚ་ཁུར་ངེས་རེད།
ཀླུ་རྒྱལ་ལགས་དང་། དེ་བཞིན་མཆན་འདེབས་མཁན་གསེར་འབྲུག་དང་རྩ་འགབ་རྣམ་པ་གསུམ་གྱི་གསུང་རྣམས་ལ་རྒྱབ་སྐྱོར་ཡོད་མངོན་པར་བསྟོད་དོ། མདོར་ན་ལས་འགུལ་སྤེལ་བ་པོ་དང་བསམ་ཚུལ་བཤད་པ་པོ་རྣམས་ནས་དེང་དུས་དང་རང་དབང་མང་གཙོ་སོགས་ཡར་ཐོན་ཅན་དང་། མཚན་ཉིད་ཚང་བའི་གཞུང་རྣམས་ལ་དཔེ་བྱས་ནས་ལས་འགུལ་དང་བསམ་ཚུལ་གང་ཡིན་ཀྱང་ངར་ཤུགས་ཆེ་དྲག་པ་དེ་འདྲ་མ་ཡིན་པ། སྐབས་དུས་ཡུལ་ཆ་རྐྱེན་ལ་དཔག་ནས་གནང་རྒྱུ་གལ་ཆེ་བ་དང་། ཕྱོགས་གཅིག་ནས་༧གོང་ས་མཆོག་གི་བཀའ་རེད་འདི་འགལ་ན་བོད་པ་མ་རེད། འདི་ལ་སྐྱོན་བརྗོད་བྱས་ན་རྒྱ་མི་རེད། ཁོང་གི་གསུང་ལ་དགག་པ་ཞུས་ན་དོལ་ཚོགས་རེད། བཀའ་དང་མཐུན་ན་བོད་མི་རིགས་ལ་གནོད་སྐྱོན་དང་གྱོང་བྱུང་ཡང་འགྲིག་སྡད་པ། བཀའ་དང་མ་མཐུན་ན་བོད་མི་རིགས་དང་རིགས་གཞུང་ལ་ཕན་པའི་ལས་འགུལ་གཏམ་བཤད་སོགས་གང་བྱས་ཀྱང་མ་འགྲིག་སྡད་པ་དེ་འདྲ་མ་ཡིན་པ་མཐའ་གཉིས་བྲལ་བ་ཞིག་མཐོ་དམན་ཚང་མའི་བཟོད་སྲན་ཁོངས་ཡངས་ངང་མིང་ཙམ་ལ་ཞེན་པ་མ་ཡིན་པར། བོད་མི་མང་གི་བདེ་སྡུག་ལ་བསམ་ནས་ལས་འགུལ་སུས་སྤེལ་ཀྱང་དེ་ལ་བཀའ་འགལ་དང་མ་འགལ་སྐད་ཆ་མེད་པར་བོད་སྤྱི་བའི་དོན་ཡིན་ཙང་ཚང་མས་རྒྱབ་སྐྱོར་བྱེད་འོས་པ་དེ་ལྟར་ཡང་། ཁོར་ཡུག་དང་རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་རྒྱབ་སྐྱོར་བྱེད་མ་ཐུབ་ཀྱང་གང་ཟག་སྒེར་རེ་ཟུང་ལ་ངོ་དགའ་སྤྲེལ་ལད་ཁོ་ནས་དབང་དུ་བཏང་ནས་ཁ་བརྡུང་མ་བྱེད་རོགས་ལྷག་བསམ་དང་རིགས་ཞེན་ལ་དོ་ཕོག་བྱུང་ན་གྱོང་དེ་གང་ཟག་རེ་ཟུང་ལ་མེད་བོད་མི་རིགས་ལ་ཡོད་པ་མཁྱེན་དགོས་པར་སེམས།
གནའ་སྔ་མོའི་རལ་གྲི་དེང་སང་གི་ནམ་མཁར་གཡུག་རྒྱུ་ཡོད་ནི་མ་རེད་ཟེར། ཧ་ཧ། ཁ་སང་མེད་ན་དེ་རིང་མེད། དེ་རིང་མེད་ན་སང་ཉིན་མེད། འདི་ནི་རྒྱུ་འབྲས་ཀྱི་གོ་རིམ་རེད། ཡིན་ཡང་ཁ་སང་གིས་དེ་རིང་གི་ཚབ་བྱེད་མི་ཐུབ་པ་ནི་བདེན་པ་རེད།
ཀླུ་རྒྱལ་ཚེ་རིང་ལགས་ཡག་པོ་བྲིས་འདུག། ཁྱོད་ཀྱིས་གསུངས་བ་དེ་བདེན་པ་རེད་བུ་ཕྲུག་ལ་སྐྱིད་སྡུག་ཡོད་ན་ཕ་མ་ལ་འདྲི་དགོ་དང་དགོ། ཡིན་ཡང་ངེད་ཚང་གི་བུ་བུ་མོ་ནང་དུ་ཡང་བུ་ཡག་པོ་བུ་ངན་པ་གཉི་ཀ་ཡོད་རེད། ཕ་མ་ལ་སྐད་ཆ་འདྲི་ན་ཡང་སྐད་བཤད་དུས་བསམ་བློ་བཏང་ནས་འདྲི་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བུ་བུ་མོ་རྣམས་ཕ་མ་ཁོས་གཉོར་སྐྱོང་རྒྱུན་རིང་ཤིག་བྱས་རྗེས་ཕྱིར་ཕ་མ་ལ་ཚིག་ལོག་རྒྱག་པ་དེ་བུ་ཡག་པོ་ཞིག་གཏན་ནས་མ་རེད། ཕ་མ་གཉིས་ཡག་ཀྱང་སྡུག་ཀྱང་ང་ཚོ་གཉོར་སྐྱོར་བྱེད་མཁན་ཀྱིས་དྲིན་ཆེན་རེད་དེའི་རྐྱེན་ཀྱིས་ཕ་མ་ལ་ཁ ལོག་མི་བྱེད་པར་སྐད་ངག་འཇམ་པོ་དང་བརྩི་བཀུར་ཡོད་པའི་ངང་ནས་སྐྱིད་སྡུག་བྱས་ན་ཕ་མའི་ག་དུས་ཡིན་ཡང་རང་གི་བུ་བུ་མོ་དག་ཟུར་ནས་འཇོག་གི་མ་རེད།