རེབ་ཐོག་མདའ།
ཕ་མ།
སྨུག་སྤྲིན་ལང་ལོང་སེམས་པའི་ངོགས་ལ་ཐིབས།།
དྲན་གདུང་མིག་ཆུ་ནམ་མཁའི་མཐའ་རུ་ཟགས།།
ཁ་བའི་སྐྲ་ལོ་འཁུར་བའི་རྒྱང་རིང་གི།།
བྱམས་བརྩེ་འོ་མའི་ཐིགས་པ་སྙིང་ལ་འཁྱིལ།།
དགེ་རྒན།
ཤེས་རིག་མེ་ཏོག་བཞད་པའི་དབྱར་དུས་སུ།།
ཁུ་བྱུག་སྔོན་མོ་ཇི་བཞིན་གྲག་ནས་འོང་།།
ལང་ཚོའི་གཤོག་རྩལ་རྒྱས་པའི་བྱེའུ་ཆུང་དག།།
མཐོན་པོ་མཁའ་ལ་འཕུར་བའི་རྩལ་དྲུག་བསླབ།།
གྲོགས་པོ།
ཁུ་སུམ་ནམ་ཟླ་དཀྲོག་པའི་ས་སྲོད་དག།།
མཉམ་འཛོམས་དགོད་སྒྲ་ངག་ལ་གྱེར་བཞིན་ལེན།།
འདས་སོང་ལོ་ཟླའི་སྣེ་ཡི་དགོད་སྒྲ་དག།།
བྲལ་གདུང་སེམས་པའི་མཁའ་ལ་ག་ལེར་ཤར།།
མཛའ་མོ།
བདག་གི་མིག་ལ་ཁྱོད་རང་ཧ་ཅང་མཛེས།།
ཁྱོད་ཀྱི་སེམས་ན་བདག་ཀྱང་གོ་གནས་མཐོ།།
འོན་ཀྱང་རང་རང་སོ་སོའི་སེམས་གཏིང་ན།།
སུས་ཀྱང་མི་ཤེས་དམིགས་ཡུལ་ཁ་ཁ་རེད།།
ཁེར་རྐྱང་།
ཁང་ཆུང་གྲུ་བཞིའི་སྦུག་ན་དྲོད་ཁོལ་དབེན།།
ཤུགས་རིང་ཤོར་བས་ས་སྲོད་རྨི་ལམ་དཀྲོག།།
བསམ་གཞིགས་ལྕི་མོ་ཐོད་ལ་བཏེགས་བཏེགས་ནས།།
གཉེར་རུས་མཐུག་པའི་གདོང་དེ་ཁེབས་ནས་ཐལ།།
ཕ་ཡུལ།
གངས་རིའི་ཁ་དོག་ཅུང་ཙམ་འགྱུར་ནས་འདུག།
གཙང་པོ་དེ་ཡང་བཞུར་རྒྱུན་འགག་ནས་འདུག།
ཡོད་ཚད་རྒྱང་ལ་བོར་བའི་སྣེ་མོ་ན།།
ཁྱོད་ལ་ཕོག་པའི་ན་ཚ་ལྕར་རབས་ཟེར།།
ས་མཐའ།
ཁྲི་གདུགས་ཉི་མ་དྲོ་ཡང་སེམས་པ་འཁྱག།
ཟླ་བའི་མཛེས་སྡུག་མངོན་ཡང་ལྟ་འདོད་བོར།།
རྒྱུ་སྐར་ས་ལ་ཟགས་པའི་རྩྭ་ཐང་གི།།
བྱིས་དུས་རྩེ་ད་ར་ཆུང་ཆུང་སྙིང་ནས་དྲན།།
མི་ཚེ།
ཀྱག་ཀྱོག་ལམ་ཕྲན་མང་བའི་བཞི་མདོ་ནས།།
དབུལ་ཕྱུག་མཁས་བླུན་མི་གཅིག་མགྲོན་པོ་མང་།།
གཞུང་ལམ་དོག་ལམ་གང་ཞིག་འགྲིམ་ཀྱང་རུང་།།
ལམ་ཁ་འདི་དག་སྡུག་གི་ན་ཟུག་ཡིན།།
འགྱུར་ལྡོག
ན་ནིང་ངེད་གཉིས་མཉམ་ཏུ་འཛོམས་དུས་སུ།།
སེམས་པ་ཁྱོད་ལ་ཤོར་བ་བདེན་པ་ཡིན།།
ད་ལོར་སྙིང་གཏམ་མ་གསང་འཆད་ན་ཡང་།།
ཁྱོད་སེམས་གཞན་ལ་ཤོར་བའི་ངང་ཚུལ་ཞིག།
ལས་དབང་།
བརྩེ་དུང་ཆུ་རྒྱུན་བཞུར་ཀྱང་རྒྱ་མཚོར་འདྲེས།།
ལག་ཟུང་དམ་དུ་སྦྲེལ་ཡང་ལྷོད་དེ་ཐལ།།
འབྲས་བུ་ཤིང་ལ་ཐོགས་ཀྱང་མཐའ་མ་ལ།།
ས་ལ་ཟགས་པའི་ཚུལ་དེར་ཡིད་རེ་སྐྱོ།།
མདང་དགོང་།
སྤྲིན་པའི་ཡོལ་བ་དལ་ཀྱིས་ཕྱེས་ནས་ཐལ།།
ཁེར་འགྲོ་ཟླ་བའི་མིག་ཟུང་རྒྱང་ལ་ཤོར།།
བསིལ་འཇམ་རླུང་བུའི་ལག་ཟུང་འཇམ་པོ་དེས།།
རྒྱང་རིང་མཛའ་མོའི་འཛུམ་མདངས་དྲན་དུ་བཅུག།
སྙན་ངག་པ།
སེམས་པའི་ཚོར་འདུ་ཤོག་བུའི་གཞུང་ལ་གཏོར།།
མི་ཚེའི་སྐྱིད་སྡུག་སྨྱུ་གུའི་ཁ་ན་བཞུར།།
ནམ་ཞིག་མི་ཚེའི་མཐའ་དེ་རྫོགས་པའི་དུས།།
དབྱངས་གསལ་སོ་བཞིའི་བག་མ་བོད་ལ་བརྫངས།།
ལྷན་འཛོམས།
བཙན་པོའི་ཞབས་རྗེས་འདེགས་པའི་བུ་བུ་མོ།།
དེ་རིང་ཤེས་རིག་དགའ་ཚལ་འདི་རུ་མཇལ།།
དུངས་སེམས་རྦ་རླབས་དལ་གྱིས་འཕྱུར་བ་ཡི།།
སྙིང་གཏམ་དྲོན་མོ་ཆུ་བོའི་རྒྱུན་བཞིན་འབབ།།
གྱེས་བྲལ།
ཁྲུང་ཁྲུང་ཕྱིར་མིག་ལྷོ་མཐའི་གྲུ་ན་ཤོར།།
སྡོང་ལོ་ས་ལ་ཟགས་པ་རླུང་གིས་འཁུར།།
ཡོད་ཚད་མཉམ་ཏུ་འདུས་བའི་མཐའ་མ་ལ།།
མིག་ཆུའི་ཆུ་བོ་བརྒལ་བ་ཡེ་རེ་སྐྱོ།།
རེ་སྨོན།
ཤ་དང་ཁྲག་གིས་གྲུབ་པའི་སེམས་པ་འདི།།
དྲན་གདུང་རླུང་གིས་ཁྱོད་ཀྱི་ཕྱོགས་ལ་འཁྱེར།།
ནམ་ཞིག་རྩྭ་ཐང་པང་ནས་འཛོམས་པའི་དུས།།
ཞོ་དང་འོ་མས་ཡིད་སེམས་ཚིམས་པར་སྨོན།།
ཕྱི་ལོ་ ༢༩༡༢ ལོའི ༩ ཚེས ༡༦ ་ལ་རྡ་སའི་རང་ཤག་ནས།
དུས་རྒྱུན་ཁྱེད་ཀྱི་བརྩམས་མང་པོ་ཀློག་བཞིན་ཡོད།ད་ཐེངས་ཀྱང་བཀླགས་ནས་བུད་སོང་།