རྔ་བ་མཁས་གྲུབ།
གཡག་རྒོད་ནི་ཉིས་སྟོང་བཅུ་གཅིག་ལོའི་སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན་ཨ་མདོ་རྔ་བའི་མཁས་གྲུབ་དང་ཁོང་གི་བཟའ་ཟླ་ཇོས་ལེས་གཉིས་ཀྱིས་ཁ་ན་ཊའི་ནང་དུ་བོད་ཀྱི་བྱིས་པའི་སློབ་གསོ་རྒྱུན་འཛིན་དང་དར་སྤེལ་ལ་དམིགས་ཏེ་གསར་འཛུགས་བྱས་པ་དང་ཆབ་གཅིག་གཡག་རྒོད་དྲ་ཚིགས་དབུ་འབྱེད་མཛད། གཡག་རྒོད་ནི་བོད་ཀྱི་བྱིས་པའི་སློབ་གསོ་རྒྱུན་འཛིན་དང་གོང་སྤེལ་གྱི་བྱ་བཞག་གཙོ་གཉེར་བྱེད་པའི་དང་བླངས་སྲི་ཞུའི་ལས་ཁུངས་ཆུང་ཆུང་ཞིག་ཡིན། གཡག་རྒོད་ཞབས་ཞའི་ངོ་བོ་བོད་ཀྱི་བྱིས་པའི་སློབ་གསོ་གོང་འཕེལ་གྱི་རྒྱུ་ཆ་གསར་སྐྲུན་དང་ཞབས་ཞུའི་ལས་རིགས་གསར་འཛུགས་ཀྱི་ལས་དོན་བརྒྱུད་དེ་ཐད་ཀར་སྤྱི་ཚོགས་ཀྱི་དགོས་མཁོ་བསྐྲིན་རྒྱུ་དེ་ཡིན།
འདས་པའི་ལོ་གཅིག་དང་ཟླ་གཉིས་ཀྱི་ནང་དུ་ལས་དོན་གཙོ་བོ་བྱིས་པ་ལོ་གསུམ་ནས་བརྒྱད་ཅན་ལ་དམིགས་ཏེ་བོད་ཀྱི་དམངས་ཁྲོད་བྱིས་སྒྲུང་། ང་རྒྱལ་གྱི་འབྲས་བུ། རྨ་བྱ་དང་ཁྭ་ཏ། ཁྱི་དང་བྱི་ལའི་རྩོད་གླེང་། ར་མ་བློ་གྲོས་ཅན་དང་སྤྱང་ཀི། རྒྱུ་ནོར་གྱི་མནར་གཅོད། ཟ་རྔམ་ཅན་གྱི་སྤྱང་ཀི། འུད་ཤོབ་ཆེ་བའི་བྱི་ལ། གཡོ་རྒྱུ་ཆེ་བའི་བྱི་ལ། སྟག་ཞོན་སྤྲུལ་ལྕགས། ཚོང་བ་གླེན་པ་དང་རྐུན་མ་སྤྱང་བོ། གཞུང་དྲང་བུ་མོ། ཁ་མིག་དང་རྣ་ཅོག མ་མོ་མ་བུ་གསུམ་དང་སྤྱང་ཁུ། ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན།སྡོམ་དང་རྒྱལ་པོ། སྤྱང་གྲུང་ལྡན་པའི་སྤྱང་ཀི། བསམ་ཤེས་མེད་པའི་གྲོགས་པོ་གསུམ། བློ་རིག་ལྡན་པའི་སྤལ་པ། བསམ་མི་ཤེས་པའི་ར་མའི་ལས་དབང་སོགས་དམངས་ཁྲོད་ཀྱི་བྱིས་སྒྲུང་༢༠་ཙམ་བསྡུ་བསྒྲུགས་བྱས་པ་དང་། བྱིས་སྒྲུང་དེ་དག་ལ་བོད་རང་གི་ཡུལ་སྲོལ་གོམས་གཤིས་ལྟར་རི་མོ་བྲིས་ཏེ་དྲ་ལམ་ནས་བོད་ཕྱི་ནང་གི་ཕ་མ་དང་བུ་ཕྲུག་ལ་ཞབས་ཞུ་བསྒྲུབས་ཁུལ་བྱས་ཡོད།
གཞན་དྲ་གནས་འདི་བརྒྱུད་དེ་དེང་རབས་བོད་ཀྱི་མཁས་པས་བྲིས་པའི་བྱིས་སྒྲུང་གསར་རྩོམ། རྒྱལ་ཁབ་གཞན་གྱི་བྱིས་སྒྲུང་གྲགས་ཅན་བོད་བསྒྱུར་བྱས་པ། བོད་ཕྱི་ནང་ནས་བཟོ་སྐྲིན་གནང་བའི་བྱིས་པའི་གཟུགས་མཐོང་བརྙན་འཕྲིན། མཚར་གཏམ་དང་བྱིས་པའི་གླུ་གཞས། ཐ་སྙད་གསར་བ་དང་བོད་ཡིག་སྦྱོང་ས་སོགས་ཚན་པ་བཅུ་ལྷག་གི་ནང་དུ་བསྡུས་ཡོད། ལོ་གཅིག་དང་ཟླ་བ་གཉིས་ཀྱི་ནང་དུ་བོད་མི་ཁྱོན་གཅིག་ཁྲི་སྔ་སྟོང་ལྷག་གཡག་རྒོད་དྲ་ཐོག་ཏུ་ཕེབས་ནས་ལྟ་ཀློག་གནང་ཡོད།
འདས་པའི་ལོ་གཅིག་རིང་ང་ཚོས་ཞབས་ཞུའི་ལས་རིགས་ཅུང་ཟད་ཞིག་གཉེར་ཐུབ་པའི་མཐུན་རྐྱེན་གཙོ་བོ་ཨ་མདོ་བ་སྡོང་དང་རྨེ་བ་བསོད་ནམས་མགོན་པོ། རྨེ་བ་བསྟན་འཛིན་དང་ཁྲོ་ཆུའི་དོན་གྲུབ། ཟོག་ཚང་དགེ་ལེགས་དང་བྲག་དཀར་སྤྲེལ་རྫོང་གི་ཚུལ་ཁྲིམས། དཔའ་ལུང་བསྟན་པ་དང་རྡོ་སྤིས་ཆོས་དཔལ། དབྱིན་ལན་གནས་བཞུགས་རྔ་རྒོད་ཡོན་ཏན་དང་གླུ་བ་མགོན་པོ་དོན་གྲུབ། ལྷག་པར་ཇོས་ལེས་དང་ཁོང་གི་སྤུན་སུ་ཊ་སྤུ་སོགས་ཀྱི་ཕྱོགས་མང་བོ་ནས་རྒྱབ་སྐྱོར་གནང་བའི་འབྲས་བུ་ཁོ་ན་ཡིན་པས། ཁོང་རྣམ་པ་ཚོར་སྙིང་ནས་བཀའ་དྲིན་ཆེ་ཞུ།
གཞན་བུད་མེད་རྩོམ་པོ་གཟུངས་ཕྱུག་སྐྱིད་ཀྱིས་ཟ་རྔམ་ཅན་གྱི་སྤྱང་ཀི་ཞེས་པའི་བྱིས་སྒྲུང་ཞིག་བསྡུ་བསྒྲིགས་བྱས་ནས་ང་ཚོར་བསྐུར་གནང་བ་དང་། སྙན་ངག་པ་ཨ་ལགས་ཀླུ་སྨྱོན་ཚང་གིས་ང་ཚོའི་རེ་སྐུལ་ལྟར་ཤིང་གི་མི་ལྷར་སོང་བ་ཞེས་པའི་བྱིས་སྒྲུང་ཞིག་བྲིས་ཏེ་ང་ཚོར་བསྐུར་གནང་བྱུང་། སྐུ་ཞབསབསོད་ནམ་རྒྱ་མཚོ་ལགས་ཀྱི་ཁོང་རང་གིས་བསྒྱུར་བའི་ཡོ་རོབ་ཀྱི་Czechརྒྱལ་ཁབ་ཀྱི་གནའ་སྒྲུང་ཞིག་བསྐུར་གནང་བྱུང་བས། ཁོང་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཡག་རྒོད་གསར་འཛུགས་བྱས་ནས་ད་བར་གྱི་འགྲོ་སོང་ཙག་ཙིག་ཡོད་པ་ཐམས་ཅད་རང་ཉིད་སྒེར་གྱིས་བཏང་བ་ལས་། དཔལ་འབྱོར་སྐར་གང་གི་ཐོན་ཁུངས་བསལ་མེད། ཡིན་ནའང་། ཁ་ན་ཊའི་གྲོང་ཁྱེར་ཊོ་རན་ཊོར་གནས་བཞུགས་བུ་མོ་ཆོས་ཉིད་ཀྱིས་ཁ་སྒོར ༢༠ ཞལ་འདེབས་སུ་བཙན་གྱིས་གནང་བྱུང་བ་དང་སྒོར་དེ་དག་མ་འོངས་གཡག་རྒོད་ཀྱི་མ་རྩ་ལ་དམིགས་ཏེ་བཟུང་བསྡད་ཡོད།
ད་དུང་ཡང་གཡག་རྒོད་ཀྱི་དངོས་ཡོད་གནས་སྟངས་ནི་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ་ཞིག་གི་ངང་ཚུལ་དང་འདྲ་བོ་ཡོད། འོན་གྱང་གཡག་རྒོད་འཇིག་རྟེན་འདིར་སྐྱེ་དགོས་པའི་དམིགས་ཡུལ་ནི། ཁོ་རང་འདྲ་བའི་བོད་ཀྱི་བྱིས་པ་ཆུང་ཆུང་ཚོར་ཤེས་རིག་སློབ་གསོའི་ཞབས་ཞུ་ཆུང་ཆུང་ཞིག་བསྒྲུབ་ཆེད་ཡིན་པ་རེད། དེ་ན་གཡག་རྒོད་རང་གི་དམིགས་ཡུལ་ལྟར་མདུན་སྐྱོད་ཀྱི་ལམ་དུ་ཁྲིད་མཁན་གྱི་ཁྱད་ལས་མཁས་པའི་གསོ་སྐྱོང་ནི་ཆེས་གལ་ཆེ་བར་འདོད་དེ། གཡག་རྒོད་རྩོམ་བསྒྲིགས་ཚོགས་ཆུང་ཞིག་གསར་དུ་འཛུགས་བྱ་རྒྱུ་ཐག་བཅད་པ་ཡིན་ལ། སྤྱི་ཚོགས་ནང་དུ་གདེངས་འཇོག་ཡོད་པ་དང་བྱིས་པའི་སློབ་གསོ་གོང་སྤེལ་གྱི་ལས་དོན་ལ་དམིགས་བསལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་མི་སྣ་འགའ་དང་ལྷན་དུ་གཡག་རྒོད་ཀྱི་མ་འོངས་མདུན་སྐྱོད་ཀྱི་ལས་དོན་བསྒྲུབ་ཕྱོགས་གླེང་མོལ་བྱེད་བཞིན་པའི་སྐབས་སོ།
གཡག་རྒོད་དྲ་གནས་དབུ་འབྱེད་བྱས་ཏེ་ལོ་གཅིག་དང་ཟླ་བ་གཉིས་ཀྱི་ནང་དུ། གཡག་རྒོད་བོད་ཀྱི་བྱིས་པའི་སློབ་གསོ་རྒྱུད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་དང་སེམས་ཤུགས་སྤར་མཁན་རང་རིགས་ཕོ་མོ་ཚང་མ་ལ་སྙིང་ཐག་པ་བཀའ་དྲིན་ཆེ་ཞེས་ཨ་མདོ་བ་རྔ་བ་མཁས་གྲུབ་གྱིས་༢༠༡༢ ལོའི་སྤྱི་ཟླ ༩ བའི་ཚེས ༡༧ ལ།
གཡག་རྒོད་དྲ་ཚིགས་གཤམ་གྱི་དྲ་བྱང་ནས་གཟིགས་གནང་རོགས།།
www.wildyaks.com
བྱིས་པ་ཆུང་ཆུང་མ་འོངས་སོན་རྩ་ཡིན།།
གཡག་རྒོད་དྲ་ངོས་བྱིས་པའི་ལོངས་སྤྱོད་ཡིན།།
རིག་པའི་ལོངས་སྤྱོད་དབུལ་བའི་བོད་ཕྲུག་ཚོར།།
གཡག་རྒོད་དྲ་བས་རིག་པའི་སྦྱིན་པ་ཐོངས།།
བྱིས་སྒྲུང་སྙན་ཚིག་གཞས་ཀྱི་གླིང་བུ་ཡོད།།
གློག་བརྙན་ཟློས་གར་རི་མོའི་དགའ་སྟོན་ཡོད།།
མཚར་གཏམ་གཏམ་དཔེ་གཏམ་གྱི་སྙིང་པོ་ཡོད།།
བྱིས་པ་མགུ་བའི་སེམས་ཀྱི་ལོངས་སྤྱོད་ཡོད།།
ཡག་པོ་འདུག
གཡག་རྒོད་དྲ་ཚིགས་དང་གཡག་རྒོད་འབྲེལ་ཡོད་ཚང་མར་འཚམས་འདི་ཞུ། གོང་གི་སྙན་ཐོ་དེ་ཐེངས་གཉིས་ལ་བཀླགས་པ་མ་ཟད་བཀླགས་ཟིན་པའི་རྗེས་ལ་བསམ་ཚུལ་ཐུང་ཐུང་ཞིག་བཤད་འདོད་བྱུང་། ཉེ་ལམ་༼ཨ་རི་བོད་ཀྱི་རླུང་འཕྲིན་ཁང་གི་དྲ་སྣང་གི་བོད༽དང་གཡག་རྒོད་དྲ་ཚིགས་ཀྱི་གྲོགས་པོ་ཞིག་བརྒྱུད་གཡག་རྒོད་དྲ་ཚིགས་ཀྱི་ཁ་བྱང་ཐོབ་ནས་བཟུང་། དུས་ཚོད་གང་ཡོད་ལ་བལྟ་གིན་ཡོད། གང་ཡིན་ཟེར་ན་རང་ཉིད་བོད་ཡིག་འབྲི་ཀློག་བྱེད་རྒྱུ་དགའ་བའི་མི་ཞིག་ཡིན་པས་སོ། གང་ལྟར་བདག་གི་བསམ་ཚུལ་ནི་ གཡག་རྒོད་དྲ་ཚིགས་ནས་ དངོས་ཡོད་གནས་ལུགས་ཀྱི་ཐོག་ནས་བཤད་ན་ མི་རིགས་ཀྱི་སྐད་ཡིག་ལ་དུངས་ཞེན་ཟབ་པའི་རྔ་བ་མཁས་གྲུབ་ལགས་ཀྱིས་གསོ་སྐྱོང་བྱེད་བཞིན་པའི་ནུབ་ཕྱོགས་བོད་ཕྲུག་ཆུང་ཆུང་དག་ལ་ རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་ཡོང་པའི་སྐད་བརྡ་རིག་པ་ངོ་སྤྲོད་བྱེད་སའི་མེ་ཏོག་གི་གླིང་ཀ་ཆུང་ཆུང་ཞིག་རེད། འོན་ཀྱང་ཉག་ཕྲ་བའི་བོད་མི་རིགས་ལ་མཚོན་ན་ཆེས་རླབས་ཆེན་གྱི་བྱ་བཞག་ཅིག་མ་རེད། ལྷག་པར་དུ་དུས་རབས་ཉེར་གཅིག་ནི་དཔལ་འབྱོར་གྱིས་འགྲན་རྩོད་དང་ང་རྒྱལ་ཁྱོད་ཕམ་ཞེས་པའི་སྤྱི་ཚོགས་ནང་དུ་ མི་ཏོག་གི་གླིང་ཀ་ཆུང་ཆུང་དེ་ཁོར་ཡུག་ཆུང་ཡང་བྱིས་པ་རྣམས་ལ་གང་མཁོའི་རྩེ་རིགས་སྣ་མཛོམས་ཡོད་པས་དཔེར་ན། ང་རྒྱལ་གྱི་འབྲས་བུ། རྨ་བྱ་དང་ཁྭ་ཏ། ཁྱི་དང་བྱི་ལའི་རྩོད་གླེང་། ར་མ་བློ་གྲོས་ཅན་དང་སྤྱང་ཀི། རྒྱུ་ནོར་གྱི་མནར་གཅོད། ཟ་རྔམ་ཅན་གྱི་སྤྱང་ཀི། འུད་ཤོབ་ཆེ་བའི་བྱི་ལ། གཡོ་རྒྱུ་ཆེ་བའི་བྱི་ལ། སྟག་ཞོན་སྤྲུལ་ལྕགས། ཚོང་བ་གླེན་པ་དང་རྐུན་མ་སྤྱང་བོ། གཞུང་དྲང་བུ་མོ། ཁ་མིག་དང་རྣ་ཅོག མ་མོ་མ་བུ་གསུམ་དང་སྤྱང་ཁུ། ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན། སྡོམ་དང་རྒྱལ་པོ། སྤྱང་གྲུང་ལྡན་པའི་སྤྱང་ཀི། བསམ་ཤེས་མེད་པའི་གྲོགས་པོ་གསུམ། བློ་རིག་ལྡན་པའི་སྤལ་པ། སོགས་གང་མཁོ་བསྒྲིག་དང་སྒྲིག་བཞིན་འདུག་པས་སུ་ཞིག་གིས་ནུབ་ཕྱོགས་རྒྱལ་ཁབ་ཞིག་ནས་རང་ཉིད་ལ་ཁེ་སྤོག་དང་ལས་གནས་མེད་པར་བྱ་བ་དེ་སུ་ཞིག་གིས་སྒྲུབ་ཐུབ་བམ། དེང་སང་ནུབ་ཕྱོགས་སུ་ཡོད་པའི་བོད་པ་ཚང་མས་རང་ཉིད་ཀྱི་ལྟོ་རྒྱབ་དང་རང་ཉིད་ཀྱི་སྤུན་ཉེ དེ་མིན་ང་དང་ངའི་དགའ་བོ་ཉེ་བོ་སོགས་ལ་ཧུར་བརྩོན་བྱེད་བཞིན་ཡོད་པའི་དུས་སུ་ཁོང་གིས་རང་ཉིད་ཀྱི་དངུལ་ཁུག་ལས་དངུལ་བཏོན་ནས་བོད་མི་ཆུང་ཆུང་དེ་ཚོར་ཞབས་ཞུ་སྒྲུབ་བཞིན་པ་རྗེས་སུ་ཡི་རངས་དང་མ་འོངས་ཁྱོད་ཀྱི་བྱ་བཞག་གོང་འཕེལ་ཡོང་པའི་སྨོན་འདུག་གྲངས་མེད་ཞུ།།
བོད་ཀྱི་བྱིས་པ་བོད་ཀྱི་བདག་པོ་སྟེ།།
བོད་ཀྱི་སྐད་ཡིག་བོད་ཀྱི་ཚེ་སྲོག་ཉིད།།
བོད་ཀྱི་གཡག་རྒན་བོད་ཀྱི་ཁྱད་ནོར་ཡིན།།
འདི་གསུམ་འཛོམས་པས་རྟེན་འབྲེལ་དང་པོ་འགྲིག།
བོད་ཀྱི་དགོད་གཏམ་ཐོས་པ་འཛུམ་ཤོར་དང་།།
བོད་ཀྱི་བྱིས་པ་མཐོང་ན་འཛུམ་དམུལ་ལེ།།
བོད་ཀྱི་གཡག་རྒན་དྲ་ཚིགས་སྤྲོ་ཡུལ་སྟེ།
འདི་གསུམ་འཛོམས་པས་རྟེན་འབྲེལ་གཉིས་པ་འགྲིག།
བོད་ཀྱི་སྐད་ཡིག་དབྱངས་གསལ་སོ་བཞི་དང་།།
བོད་ཀྱི་བྱིས་པ་གདོང་དམར་བོད་པའི་རྒྱུད།།
བོད་ཀྱི་གཡག་རྒན་འདི་གཉིས་རྟེན་ས་སྟེ།།
འདི་གསུམ་འཛོམས་པས་རྟེན་འབྲེལ་གསུམ་པ་འགྲིག།
གང་ལྟར་རྔ་བ་མཁས་གྲུབ་ལ་ཐུགས་རྗེ་ཆེ། མྱི་ངར། ལོ་གཅེས་ལོ་གོ ཁ་བྲོ་བཀྲ་ཤིས། གཤིས་གཤིས་ཀི་དགའ་ཐལ། ཞེས་ཡུལ་སྔ་རྩམ་དྲི་ཐིལ་ལེ་བ་ཞིག་གིས་ཁྱོད་ལ་འཚམས་འདྲི་ཞུ།
འདིར་བྱོན་གྱི་བཀུར་འོས་སྤུན་ཟླ་ཚང་མས་གཡག་རྒོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཀྱི་བསྟོད་བསྔགས་གནང་བ་ལ་སྙིང་ནས་བཀའ་དྲིན་ཆེ།
བཀུར་འོས་བསེ་རུ་ལགས་ནི་ཆེས་ཐོག་མར་ཕྲན་གྱིས་དུས་བབ་དྲ་ཚིགས་བརྒྱུད་ནས་བོད་ཡིག་ཞུ་དག་པ་ཞིག་འཚོལ་གྱིན་ཡོད་པའི་སྐབས། རོགས་རམ་ག་རེ་དགོས་ན་གནང་གི་ཡིན་ཞེས་གསུང་མཁན་དེ་ཁྱེད་རང་གཅིག་བུ་ཡིན། མ་ཟད་མཆན་བུ་སོགས་ཀྱི་ལམ་ནས་དུས་ནས་དུས་སུ་སེམས་ཤུགས་སྤར་ཏེ་གཡག་རྒོད་ཀྱི་ལས་དོན་ཆུང་ཆུང་འདིར་རྒྱབ་སྐྱོར་གནང་བ་ལ་བཀའ་དྲིན་ཆེ།
སྤྲ་རིགས་དཔལ་ལྡན་ལགས་ཀྱིས་བསྔགས་བརྗོད་ཚད་མེད་གནང་བ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། ཕྲན་ནི་བོད་ཡིག་ཡག་པོ་མི་ཤེས་མཁན་ཞིག་ཡིན། ལས་དོན་འདི་དང་བོད་ཡིག་དྲ་ཚིགས་རྣམས་བརྒྱུད་ནས་བོད་ཡིག་ལ་བརྩོན་པ་བྱེད་ཀྱིན་ཡོད།
ཨ་འདུས་མིག་ཆུ་ལགས། སྐུ་ཉིད་ཀྱིས་བྲིས་པའི་སྙན་རྩོམ་རྣམས་མང་བོ་བཀླགས་མྱོང་ལ་ཉིད་ཀྱི་བརྩམས་ཆོས་དག་གིས་ཕྲན་གྱི་སེམས་ལ་དགའ་སྣང་དང་སྤྲོ་སྣང་། སྐྱོ་སྣང་གི་ཚོར་བ་འདྲ་མིན་སྟེར་མྱོང་། དགའ་དགོས་པའི་གནད་དོན་ནི། ད་ལྟ་རྔ་ཡུལ་ལ་ཁྱེད་རང་ལྟ་བའི་བོད་ཀྱི་རིག་གནས་ལ་བརྩེ་དུང་ཟབ་མོ་ཡོད་པའི་མིའི་གྲངས་ཀ་ཡར་འཕེལ་གྱིན་འདུག མ་འོངས་པར་ང་ཚོས་གནད་དོན་གལ་ཆེན་འདིའི་ཕྱོགས་ནས་བོད་རིགས་སྤུན་ཟླ་མི་མང་ལ་ཞབས་ཞུ་རེ་བསྒྲུབ་ཐུབ་ས་རེད་དྲན་བསྡད་ཡོད།
སྤྲོ་སྣང་ནི། ཉིད་བརྩམས་ཆོས་དག་ལ་རྗོད་བྱེད་ཚིག་གི་ཐད་ནས་ཧ་ཅང་གི་སྙན་མོ་ཡོད་པའི་ཁར། བརྗོད་བྱ་དོན་གྱི་ཐད་ཉིད་ཀྱིས་བོད་མི་རིགས་ལ་བཅིངས་པའི་དཀར་གཙང་གི་སེམས་པ་དང་འགན་ཁུར་སོགས་མངོན་གསལ་ཡིན་པས་ཡིན།
སྐྱོ་སྣང་ནི། ཉིད་ཀྱི་སེམས་ལ་ཕ་ཡུལ་གྱི་གནད་དོན་ལ་ཐུགས་ཁུར་གྱི་ན་ཟུག་ཞིག་ཡོད་པ་དེ་རྟོགས་ཐུབ་པས་ཡིན
གང་ལྟར་ང་ཚོ་བོད་མི་རེ་རེའི་ངོས་ནས། རང་ནུས་ལ་དཔག་པའི་ལས་དོན་རེ་གཉེར་ཏེ་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་ཐུབ་ན་བོད་མི་རིགས་འདི་རྒྱལ་བ་དོན་གྱི་བདག་པོའི་ཐུགས་དགོངས་ལྟར་ནམ་ཞིག་རང་རྐང་ཐོག་ལ་ཡར་ལངས་ཐུབ་པར་གདོན་མི་ཟ།
ཡ་ད་རྔ་བའི་སྐད་བཤད། ཨ་རོ་མྱི་སྡང་ལོ་གཅེས། གསེར་ཡུམ་བརྒྱ་ཐམ་པ་ཁྱོད་སྙན་རྩོམ་འབྲི་ནེ་མི་ངར་གི་ན། ཁྱོད་ཨ་འདུས་ར་ནས་་ཡིན་དུས། ང་རྒྱ་སྟོད་ར་ནས་ཡིན། སྡེ་བ་གཉིས་ཀ་ཕར་ནང་ཚུར་ནང་རེད། ཁྱེད་ཚོ་ཨ་འདུས་ར་གཤིས་ཀི་ངར་གི
བཀྲ་ཤིས་བདེ་ལེགས།
ཐུགས་རྗེ་ཆེ། གཡག་རྒོད་དྲ་བ་བཀྲ་ཤིས་བདེ་ལེགས་ཞུ།
བཀྲ་ཤིས་བདེ་ལེགས་ཞུ།