༄༅། །ཁ་བརྡ་རྩོམ་སྒྲིག་པ་ལྷན་རྒྱས་ལ།
ཆེད་ཞུ། བདག་ནས་ད་ལན་བོད་ཀྱི་གནས་བབ་སྐོར་དཔྱད་རྩོམ་ཞིག་བྲིས་པ་མིང་དུ་༼ལོ་རྒྱུས་ཀྱིས་ད་ལྟའི་ཚབ་བྱེད་མི་ཐུབ་༽ཅེས་པ་འདི་ཁྱེད་རྣམ་པའི་དྲྭ་རྒྱར་འགོད་ཐུབ་པའི་རེ་བ་ཞུ་བཞིན་ཡོད། བདག་གི་དཔྱད་རྩོམ་འོག་ཏུ་དངོས་མིང་མི་གསལ་བ་ཁག་ལ་འཆན་འགོད་ཀྱི་གོ་སྐབས་མ་སྤྲད་རོགས། འགན་འཁུར་མེད་པའི་གཏམ་སྣ་ཚོགས་བཤད་ན་ཕན་ཐོགས་མཐོང་གི་མི་འདུག དངོས་མིང་དང་འབྱུང་ཁུངས་གསལ་པོ་ཡོད་ཚེ་ངེས་པར་དུ་དང་ལེན་ཞུ་རྒྱུ་བཅས།
སེར་སྨད་དགེ་བཤས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་ནས།
ང་ཚོས་རང་བཙན་གླེང་ཚེ་ངེས་པར་དུ་ལོ་རྒྱུས་ནས་གླེང་དགོས།
ལོ་རྒྱུས་ནང་བོད་དེ་ཇི་ལྟར་ཡིན་མིན་ནི་ལོ་རྒྱུས་རང་དུ་ཇི་ལྟར་གསལ་བ་དེ་ཁོ་ན་ལས་ད་ལྟའི་མངོན་འདོད་ཀྱིས་ལོ་རྒྱུས་ཀྱི་ཚབ་བྱེད་མི་ཐུབ། འདས་པའི་གནས་བབས་ནི་ལོ་རྒྱུས་ཀྱི་ཕྱོགས་ཡོངས་ཀྱི་གནད་དོན་ཆ་ཚང་ཚད་ལྡན་ནམ་ཡང་ན་གང་ཐུབ་ཀྱིས་ཚད་ལྡན་གཞི་ལ་བཞག་ནས་གཏན་འཁེལ་བྱ་རྒྱུ་ཕྱོགས་ཀུན་ལ་རན་ཤོས་ཡིན། གལ་ཆེ་བ་ནི་ང་ཚོའི་ད་ལྟའི་ལངས་ཕྱོགས་ལོ་རྒྱུས་ཙམ་ནས་གཏན་འབེབས་བྱ་མི་རུང་བར་གཙོ་བོར་ད་ལྟའི་གནས་བབས་རང་ནས་གཏན་འཁེལ་བྱ་དགོས་པ་དེ་ཡིན། མི་རྣམས་ཀྱི་མངོན་འདོད་ལ་མཐའ་མེད་པས་རང་བཙན་དགོས་མིན་དྲི་མི་དགོས། འོན་ཏང་བསམ་དགོས་པ་ནི། ང་ཚོའི་ད་ལྟའི་གནས་བབས་འདིས་རང་བཙན་འཐབ་རྩོད་ང་ཚོ་དང་རན་པ་ཨེ་ཡིན་ཞེས་འདྲི་བ་འདི་ཡིན། འདིར་རང་གི་དགའ་ཕྱོགས་དང་། སེམས་ཚོར་ཙམ་གྱིས་ལན་འདེབས་མི་རུང་བས་རྒྱལ་སྤྱི་དང་། རྒྱ་ནག བོད་བཅས་ཁྱོན་ཡོངས་ཀྱི་ད་ལྟའི་དངོས་ཡོད་ཀྱི་གནས་ཚུལ་དེ་གས་ང་ཚོར་སྤྲད་པའི་གདམ་ཀ་དེ་ཁོ་ན་ལས་ལན་གཞན་མེད། གསལ་པོར་སྨྲོས་ན་ཐའི་ཝོན་གྱི་གནད་དོན་དེས་ཡོད་ཚད་གསལ་བཤད་བྱས་ཚར་ཡོད། དམག་དོན་སོགས་ཀྱི་ཆ་རྐྱེན་ཚད་མཐོ་ཡོད་པའི་ཐའི་ཝོན་ནས་རང་བཙན་འཐབ་རྩོད་མི་མཚམས་པར་མཐོང་ན་དེ་དག་གང་ཡང་མེད་པའི་ང་ཚོས་རང་བཙན་རྩོད་དགོས་པར་སྨྲ་བ་དེ་བས་འོས་མཚམས་ཤིག་ཡིན་ནམ། ཨ་རིས་ཐའི་ཝོན་རང་བཙན་བླངས་ནས་མ་སྤྲད་པར་ང་ཚོར་དེ་བས་སྤྲད་མི་སྲིད། ཅི་སྟེ་རང་བཙན་རྩོད་ན། རང་བཙན་གྱི་ཁུངས་ལུས་འདང་ངེས་དང་དེ་ཡང་ཁྲིམས་ཀྱིས་གཞུང་བསྲངས་ཏེ་རྒྱལ་སྤྱིའི་ལྡིང་ཆར་གསལ་པོར་ཇི་ལྟར་བཟོའམ། རྒྱ་དམག་ཕྱིར་འབུད་ཇི་ལྟར་བྱའམ། རང་བཙན་འཐབ་རྩོད་ལ་སྦྱོར་དངོས་རྗེས་གསུམ་གྱི་འཆར་གཞི་འདེང་རྒྱུ་གང་ཡོད་དམ། འདི་དག་ལ་ཡིད་ཚིམ་པའི་ལན་གང་ཡང་མེད་པར་༼ལྟ་གིན་ལྟ་གིན་བྱེད་ཆོག་གིན་རེད་༽ཟེར་བ་ནི་བོད་མི་རིགས་ཀྱི་མདུན་ལམ་ཡོད་ཚད་མུན་ནག་མདའ་འཕེན་བྱས་པས་སུ་ཞིག་གིས་འགན་བཟོད། ལོ་རྒྱུས་ལ་གཞི་བཅོལ་ནའང་བོད་ཀྱི་ལོ་རྒྱུས་ལ། དོན་ཚན་བཅུ་བདུན་བཞག་སྟེ་༸རྒྱལ་བ་ཡབ་སྲས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ལ་བཅར་བའི་བར་མཚམས་གཅིག་དང་། དེ་ནས་འབྲི་ཆུ་ཡན་ཆད་མན་ཆད། དགའ་ལྡན་ཕོ་བྲང་། གཙང་ཕག་ས་གསུམ། ཁ་ཐོར་སྐབས། ཆོས་རྒྱལ་ཚོའི་སྐབས་ཏེ་ལོ་རྒྱུས་ཀྱི་དུམ་བུ་གང་ཞིག་ང་ཚོའི་གཞི་འཛིན་སར་བྱ་དགོས་སམ། སྔ་ཕྱི་གང་གཙོའམ།
རིག་གཞུང་ནི་རང་བཙན་ལས་ལྷག་པ་ཡིན།
རང་བཙན་ནི་རང་ས་རུ་རང་ཉིད་གང་ཅིར་དབང་ཤུགས་ཆེ་ཤོས་སུ་ཡོད་པ་དེ་ཡིན། དམིགས་ཡུལ་ཀྱང་དབང་ཤུགས་དེ་ཉིད་རྒྱུན་སྐྱོང་དང་རྒྱ་བསྐྱེད་བྱ་རྒྱུ་ཙམ་རེད། རང་བཙན་རིང་ལུགས་ཀུན་གྱི་གཞི་རྩ་དབང་ཤུགས་ཙམ་ཡིན་པས་མཐའ་གཅིག་ཏུ་ལེགས་པ་དང་། གཏན་འཁེལ་བ་ཞིག་གང་ཡང་མིན། རང་བཙན་གྱི་ས་ཁོངས་དག་གསལ་པོར་བཟོ་ཐབས་མེད་པའམ་དབང་ཤུགས་ལ་རྒྱུ་མཚན་མི་དགོས་པར་ཆེ་ཆུང་ཙམ་གཙོ་བོར་གྱུར་པས་རེད། དེས་ན་དབང་ཤུགས་ཡོད་ན་ནམ་ཡང་རང་བཙན་དང་མེད་ནམ་ཡང་གང་ཐུབ་ཅི་ཐུབ་རེད། ཨེ་ཤེ་ཡའི་མི་རབས་ཕྱི་མ་རྣམས་ཀྱིས་དགོས་མཁོ་དང་བསྟུན་ནས་ཨེ་ཤེ་ཡ་ཁྱོན་ཡོངས་གཅིག་སྒྲིལ་དང་ཁ་ཐོར་གང་དུའང་བྱེད་སྲིད་ལ་བྱེད་ཀྱང་ཆོག རྒྱ་བོད་གཉིས་ཀྱང་དེ་ལྟར་ལས་མ་འདས། དགོས་མཁོ་དང་ནུས་པ་ལ་མི་ལྟ་བར་གཅིག་ཏུ་རང་བཙན་གླེང་དགོས་པའང་ལྐུགས་རྟགས་ཚ་བས་རེད། མ་མཐར་ཡང་བོད་རང་བཙན་ནི་ལོ་རྒྱུས་ཡིན་པ་ལས་ད་ལྟར་མ་ཡིན་ལ། མ་འོངས་པར་ནི་གང་ཐུབ་པ་དང་འོས་པ་དེ་ཡིན། མ་གཞི་ནས་ཁ་ཞེ་གཉིས་མེད་ཀྱི་ནང་པ་ཞིག་ཡིན་ན་གཞན་ཕན་ཨང་དང་པོ་ཡིན་པས་ང་ཚོའི་མི་རིགས་སྲུང་སྐྱོབ་ཀྱི་ཆ་རྐྱེན་དང་། དགོས་ངེས་ཀྱི་ཐོབ་ཐང་། ཀྲུང་ཧྭ་ཡི་ཁྱིམ་ཚང་ནང་བདེ་སྐྱིད་ཆེ་ཤོས་བཅས་བྱུང་ཚེ་རང་བཙན་ལས་མི་ལྷག་གམ། དོན་དུའང་རང་བཙན་ནི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་ཡིན་དགོས་པ་ལས་མི་རིགས་དང་སྐད་ཡིག་རང་བཙན་གྱི་ཆེད་དུ་ཡིན་ག་ལ་རིགས། རྒྱུ་མཚན་ནི་སྐད་ཡིག་དང་རིག་གཞུང་མི་རིགས་ཤི་གསོན་གྱི་རྩ་བ་ཡིན་པས་རེད། མི་རིགས་ཤིག་ཡལ་ཟིན་པའི་འོག་ཏུ་རང་བཙན་ནི་མིང་ཙམ་ཡིན་པས་ང་ཚོ་མིང་ཙམ་གྱི་ཕྱིར་ཤི་རིན་ཡོད་དམ།
ཉིན་གཅིག་ཀྱང་རྒྱང་ཐབས་མེད་པ།
ལྷ་སར་མི་འབོར་ཁྲི་ ༢༧ ལས་བོད་མི་སུམ་ཆ་གཅིག་ཙམ་དང་། ཟི་ལིང་མཁར་མི་འབོར་༢༢༠༠༠༠༠ ལས་བོད་རིགས་ ༡༢༡༦༠༠ ཡོད། མུ་ལི་བོད་རིགས་རང་སྐྱོང་རྫོང་དུ་མི་གྲངས་ཁྲི་ ༡༢ ལས་བོད་མི་ ༣༩༠༢༥ ཡིན། དེ་བཞིན་བདེ་ཆེན་དང་མཚོ་བྱང་བོད་རིགས་ཁུལ་སོགས་སུ་བརྒྱ་ཆའི་བདུན་ཅུ་བརྒྱད་ཅུ་མི་རིགས་གཞན་ཡིན་པ་འདི་དག་གིས་བོད་རང་ས་ན་རང་ཉིད་ཆེས་གྲངས་ཉུང་ཅན་དུ་གྲོང་ཁྱེར་ཁག་ནས་ཆགས་ཟིན་པ་ནས་རིམ་གྱིས་རྫོང་དང་གྲོང་གསེབ་ཁག་ཏུ་ཁ་ཕྱོགས་པར་བསྟན་ཡོད། རྫོང་རིམ་པ་ཡན་དང་གྲོང་ཁྱེར་ཁག་ཏུ་ཉིན་རེའི་འཚོ་བའི་ཁྲོད་རྒྱ་སྐད་མཁོ་གལ་ཆེ་ཤོས་སུ་གྱུར་ཏེ་རང་སར་རང་གི་སྐད་ཡིག་གནས་རིམ་གཉིས་པར་ལྷུང་བ་དང་བོད་སྐད་མི་དགོས་པའི་ས་ཁོངས་ཇི་ཆེར་འགྲོ་བར་མ་ཟད། སྐད་ཡིག་སྲུང་སྐྱོབ་ཀྱི་ཁྲིམས་དང་ལག་ལེན་མ་འདང་བ། སློབ་གྲྭར་རྒྱ་ཡིག་གཙོ་བོར་བཀོལ་དགོས་པ། ཤུགས་རྐྱེན་གཞན་གྱིས་སྐད་ཡིག་ལ་དོ་ཕོག་སོགས་རིག་གཞུང་དང་། ནང་ཆོས། གོམས་གཤིས། ཁོར་ཡུག་བཅས་པ་རྒྱ་མཚོ་ནང་ཆུ་ཐིགས་དང་རླུང་འཚུབ་ནང་མར་མེ་ལྟར་ཧ་ཅང་མྱུར་བའི་སྒོ་ནས་ཡལ་བར་ཕྱོགས་པ་འདི་དག་ཉིན་གཅིག་ཀྱང་རྒྱང་ཐབས་ཡོད་དམ། སུ་ཞིག་གིས་རང་གི་མི་རིགས་འདི་ལྟར་མངོན་མེད་ངང་ཡལ་འགྲོ་བ་མཐོང་འདོད་མེད།
ང་ཚོར་གདམ་ཀ་ཅི་ཞིག་ཡོད།
ང་ཚོས་གཉིས་ཕན་གྱི་ལངས་ཕྱོགས་འཛིན་པ་ནས་གཞི་རྩའི་ཆ་ནས་གཞིས་བྱེས་གཉེན་འཕྲད་ཆད་མ་མྱོང་བ་དང་། རྒྱ་བོད་འབྲེལ་མོལ་ཡང་ཡང་བྱུང་བ། རྒྱ་གཞུང་ནས་རང་བཙན་མ་རྩོད་ཕྱིན་གྲོལ་མོལ་གྱི་སྒོ་མོ་ནམ་ཡང་ཕྱེས་ཕྱེས་པ་ཡིན་པར་བསྟན་པ། བོད་དོན་རྒྱབ་སྐྱོར་བ་རྒྱ་ནག་རང་ནས་རྩོམ་པ་པོ་སོགས་ཁྲི་སྟོང་མང་པོ་ཡོང་བཞིན་པ། ཕྱི་ཕྱོགས་སུ་༸གོང་ས་མཆོག་ཕེབས་བཞུགས་ལ་ཚད་བཀག་མེད་པ་སོགས་ནི་དབུ་ལམ་ལས་ཤུགས་འབྱུང་དུ་ཐོན་པའི་ཞར་བྱུང་གི་གལ་ཆེའི་གྲུབ་འབྲས་ཡིན། གྲུབ་འབྲས་འདི་དག་ལས་བོད་ནང་དུ་ལ་རྒྱའི་མེ་རོ་གསོ་ཐུབ་པ་དང་། བོད་ཕྱི་ལ་རྒྱལ་སྤྱིར་བོད་ཇི་ལྟར་ཡིན་པ་དང་བོད་ཀྱི་རིག་གཞུང་འོད་སྟོང་འབར་བ་ཞིག་ཡིན་པར་ར་སྤྲོད་ཐུབ་ཡོད། ཚིག་གཅིག་གིས་ཞུས་ན་ད་དུང་བོད་ཤི་མེད་པ་འདི་གྲུབ་འབྲས་འདི་དག་དང་ཁ་བྲལ་ཐབས་མེད། ཅི་སྟེ་ལངས་ཕྱོགས་རང་བཙན་ཡིན་ཚེ་དེ་དག་ཡོང་མི་ཐུབ་ལ་༸གོང་ས་མཆོག་རྒྱལ་སྤྱིར་ད་ལྟར་བཞིན་ཡིན་མི་ཐུབ། བོད་དོན་ཐག་གཅོད་གྲོལ་མོལ་གྱི་ལམ་ནས་བྱེད་ན་གཉིས་ཕན་གྱི་ལམ་ལས་འགྲོ་ས་གཞན་མེད་ཅིང་། གྲོལ་མོལ་ནས་མི་བྱེད་ན་སྟོབས་ཤུགས་ལ་བརྟེན་དགོས་པས་ང་ཚོས་རང་གི་གནས་བབ་ངོས་འཛིན་ཐུབ་དགོས། འཆི་ལ་ཉེ་བའི་མི་གཅིག་ལ་མཚོན་ན་རང་ཉིད་འཆི་ལམ་ནས་སྐྱོབ་རྒྱུ་དང་པོ་ཡིན་པ་ལས་བག་མ་བསུ་ལེན་སོགས་གླེང་བ་འོས་མཚམས་གཏན་ནས་མིན། དབུ་མའི་ལམ་ནི་གོང་ཚད་མར་བཅག་པ་མིན་པར་འཐབ་རྩོད་ཀྱི་ངོ་བོ་དེ་བས་གཏིང་ཇི་ཟབ་ཏུ་ཕྱིན་པ་དང་། བོད་གཞུང་གི་མིང་ཚིག་ཕྱིར་བསྡུ་བྱས་པ་དེས་ཀྱང་གཞིས་བྱེས་ཀྱི་ཕུགས་རེ་བྱ་ཡུལ་གངས་སྐྱིད་ཀྱི་གཞུང་དེ་ཇི་ཙམ་གནས་དགོས་ཀྱང་གནས་ཐུབ་པའི་ཆེས་སྲ་བརྟན་དུ་བཏང་ཡོད། ལམ་དབུ་མ་ནི་རྒྱལ་སྤྱི་དང་། རྒྱ་ནག་གི་ཤེས་ཡོན་ཅན། བོད་མི་མང་བཅས་ནས་རྒྱབ་སྐྱོར་མཐོ་ཤོས་ཡོད་བཞིན་པར་མ་ཟད་། རྒྱལ་སྤྱི་རྒྱ་ནག་བོད་བཅས་ཀྱི་ད་ལྟའི་གནས་བབ་དང་། ཆབ་སྲིད་ལ་བྱང་ཆུབ་པའི་མཁས་དབང་ཁག་གི་བསམ་འཆར།༸གོང་ས་མཆོག་རང་ཉིད་གྱི་རྣམ་དཔྱོད། ཡུན་རིང་གི་ཉམས་མྱོང་བཅས་ནས་གཏན་ལ་ཕབ་པ་ཡིན་པས་ང་ཚོས་དད་པ་ཡོད་པ་རྒྱུ་མཚན་དུ་མ་བྱས་པར་ཕྱོགས་གང་ནས་དཔྱད་ཀྱང་གཉིས་ཕན་གྱི་ལམ་ལས་རན་པ་ཞིག་བོད་ལ་ཡོད་སྲིད་དམ།
༸གོང་ས་མཆོག་གི་མཛད་པར་ཕྱིས་ལྟས་སློག་པ།
ང་ཚོས་༸གོང་ས་མཆོག་གི་སྐུ་ཚེ་བརྒྱུད་རིམ་ལ་ཕྱིས་ལྟས་སློག་སྐབས། ལེགས་བཅོས་སྤྱི་ཚོགས་དང་། གྱོད་ཞིབ་ལས་ཁུངས། སྤྱི་འཐུས་ལྷན་ཚོགས། རྩ་ཁྲིམས་འཆར་ཟིན། སུམ་ཆ་གཉིས་ནས་༸སྐུ་དབང་བཅོས་སྒྱུར་ཆོག་པ་ནན་བཀོད་མཛད་པ། བོད་ཀྱི་ཐག་གཅོད་མི་མང་གིས་བྱེད་དགོས་པ། ཏཱ་ལའི་བླ་མའི་ལམ་སྲོལ་མུ་མཐུད་ཡོང་དགོས་ངེས་མིན་པ། གཞེས་བྱེས་གཉེན་འཕྲད།བོད་རྒྱ་འབྲེལ་མོལ། ཐད་བསྐོས་བཀའ་བློན་མེད་པར་བཟོས་ཏེ་སྤྱི་འཐུས་ནས་འོས་འཕེན་གྱིས་བསྐོ་བཅུག་པ། བཀའ་ཁྲི་མི་མང་གིས་གདམས་བཅུག་པ། ཕྱེད་བགྲེལ་ཡོལ་དུ་ཕེབས་པ། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱིར་བསྡུ། བགྲེས་ཡོལ་ཆ་ཚང་དུ་ཕེབས་པ་བཅས་ཀྱི་ལོ་དུས་བརྒྱུད་རིམ་ལ་མཇལ་ཚེ་ངོ་མཚར་ཆེ་བའི་འཆར་སྣང་ཞིག་ངང་གིས་མི་ཡོང་ངམ། མཁས་པའི་རྣམ་དཔྱོད་ཀྱི་ངོས་ནས་ང་ཚོས་སྡོམ་ཚིག་འདི་འདྲ་ཞིག་འགོད་ཆོག་ཏེ། ལོ་ངོ་དྲུག་བརྒྱའི་ཡར་སྔོན་དུ་གངས་ལྗོངས་མདོ་སྨད་ཡུལ་དུ་རྩོད་བྲལ་གྱི་མཁས་དབང་ཞིག་བྱོན་པ་ནི་རྒྱལ་བ་ཙོང་ཁ་པ་ཡིན་ལ། སླར་ལོ་ངོ་དྲུག་བརྒྱའི་རྗེས་སུ་རྩོད་བྲལ་གྱི་མཁས་དབང་ཞིག་བྱོན་པ་ནི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡིན་པ་སྤྱི་མོས་སུ་སྨྲ་ཆོག ང་ཚོས་རིག་པ་དྭངས་གསལ་གྱིས་སུ་ཞིག་གིས་བོད་འཆི་ལམ་ནས་སྐྱབས་པ་དང་། སུ་ཞིག་གིས་བོད་ལ་སླར་གསོའི་རེ་བ་སྤྲད་པ། སུ་ཞིག་གིས་ད་ལྟའི་ཆོལ་གསུམ་གཅིག་སྒྲིལ་འདི་བསྐུལ་འདེད་བཏང་བ། སུ་ཞིག་ལ་ཆོལ་གསུལ་གཅིག་སྒྲིལ་གྱི་ནུས་པ་ལྡན་པར་བློ་ནང་དུ་བཀུག་ནས་བསམ་དགོས་ཏེ། གཅིག་སྒྲིལ་ནི་ང་ཚོའི་ཡོད་ཚད་ཀྱི་ཆེས་མེད་མི་རུང་གི་རྨང་གཞི་དེ་ཡིན་པས་སོ། །
མེར་བསྲེགས་ཀྱི་འབོད་སྒྲ།
རང་ལུས་མེར་སྲེག་ནི་བོད་དོན་འཐབ་རྩོད་ཀྱི་ཚབ་མཚོན་ཡིན་ལ། དྲང་བདེན་གྱི་མཚོན་རྟགས་ཀྱང་ཡིན། བོད་དོན་འཐབ་རྩོད་གཏིང་ཟབ་མོར་ཇི་ཙམ་ཟུག་ཡོད་པའི་གསལ་བཤད་ཀྱང་ཡིན། གཡུལ་ས་མདུན་མར་སྐུ་ལས་ཆེ་ཤོས་བསྐྱོན་མཁན་གྱིས་རང་ཉིད་གྲོངས་ཁར་མེ་ལྕེའི་ཀློང་དུ་བསྒྲགས་པའི་འབོད་སྒྲ་དེས་འབོད་སྒྲ་ཚང་མའི་ནང་གནས་བབ་མཐོ་ཤོས་དེ་བཟུང་ཡོད། མེ་ལྕེའི་ཀློང་དུ་བསྒྲགས་པ་ནི་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་པ་འདི་རེད། འདིས་རང་དབང་དང་༸གོང་ས་མཆོག་གདན་ཞུའི་རེ་བ་དེ་བོད་མིའི་སེམས་ནང་གལ་ཆེ་ཆུང་ཇི་ཙམ་ཡིན་པ་གསལ་པོར་སྟོན་ཡོད། མདོར་ན་སྲོག་གི་འགྲོ་སོང་གཏང་སྟེ་གདན་འདྲེན་གྱི་རེ་འབོད་གནང་བ་རེད། ༸གོང་ས་མཆོག་གི་དམིགས་ཡུལ་གཉིས་ཕན་དང་། ཐབས་ལམ་ཞི་བ་ཡིན་པ་དཔེ་མཚོན་མང་པོ་མི་དགོས་པར་ཨ་རིས་གསེར་གྱི་རྟགས་མ་འབུལ་སྐབས་ཀྲུང་དབྱང་ལ་བོད་ཀྱི་བདག་དབང་ཚད་ལྡན་ཡོང་རྒྱུར་༸གོང་ས་མཆོག་སྐུ་སྒེར་གྱི་ནུས་པ་གང་ཡོད་འདོན་རྒྱུ་འཛམ་གླིང་ཀུན་ཏུ་བསྒྲགས་པ་དེ་ལས་ལྷག་ཅི་ཞིག་དགོས། རླབས་ཆེན་གྱི་སྐྱེས་བུ་ཞིག་གིས་ཁ་བཤད་ལག་ཏུ་མི་ལེན་པ་དེ་བས་མི་སྲིད་པས་ཀྲུང་དབྱང་གིས་༸གོང་ས་མཆོག་གདན་ཞུ་ལ་འདི་ལྟར་སྐྲག་དགོས་པ་ཅི་ཡིན་ནམ། ཅི་སྟེ་༸གོང་ས་མཆོག་ཕྱིར་ལོག་ཚེ་རྒྱ་གཞུང་ནས་མི་མང་གི་ཁ་ཕྱོགས་ལ་ཚོད་དཔག་མི་ཐུབ་པ་བདེན་ན་མི་མང་གི་ཁ་ཕྱོགས་ལ་ཚོད་འཛིན་ཐུབ་མཁན་དེར་ནུས་པ་འདོན་མི་བཅུག་པ་ཅི་ཡིན་ནམ། ༸གོང་ས་མཆོག་ཕྱི་ཡུལ་དུ་བཞུགས་ན་ངོ་རྒོལ་གྱི་ལས་འགུལ་ལ་དེ་བས་ཚོད་འཛིན་ཐུབ་བམ། ཀྲུང་དབྱང་ལ་བོད་མའི་ཁ་ཞེ་གཉིས་མེད་དགོས་ན་སུ་ཞིག་གིས་བོད་མིའི་སེམས་པ་ཀྲུང་དབྱང་དང་ཉེ་པོ་བྱེད་ཐུབ་པ་དེ་ཉིད་ལ་མི་བརྟེན་པ་གང་ཡིན་ནམ། ཀྲུང་དབྱང་གིས་བོད་མི་སེམས་པ་རང་ཉིད་རྩར་ཡོད་པར་ཞེན་ན་དེ་ནི་འོག་རིམ་གྱིས་ཕུལ་བའི་ཤོག་གུའི་སྟེང་གི་བོད་དེ་ལས་དོན་དམ་གྱི་བོད་དེ་མིན་པ་མགྲིན་པ་བསལ་ནས་སྨྲ་ནུས་པས་བོད་ཐོག་འཛིན་པའི་ལྟ་ཚུལ་ལ་བསྐྱར་ཞིབ་ངེས་པར་དགོས། ཀྲུང་དབྱང་གི་དབུ་འཁྲིད་ཚོས་སྤྱི་ཚོགས་བརྟན་བསླིང་། དཔལ་འབྱོར་ཡར་རྒྱས། སྟོབས་ཤུགས་ཆེར་བསྐྱེད་སོགས་གཞི་ལ་བཞག་ནས་མི་སྣ་དང་དཔལ་འབྱོར་བེད་སྤྱོད། སྐབས་བསྟུན་འཁྲབ་སྟོན། ཞན་ཆ་ནས་འཐབ་པ་སོགས་ལ་རྒྱུ་མཚན་རེ་ལོས་ཡོད་དེ་ད་དུང་སྣང་མེད་དུ་བཞག་ཐབས་མེད་པ་ནི། འདྲ་མཉམ། མང་གཙོ། དྲང་བདེན། ཁྲིམས་ལུགས། བཟང་སྤྱོད། ཆོས་ལུགས། མིའི་གཞི་རྩ་ཐོབ་ཐང་བཅས་ཡིན། རྒྱ་ནག་གི་འགྱུར་འགྲོས་ཅི་འདྲ་ཞིག་ཀྱང་ཟང་ཟིང་ངང་འབྱུང་རྒྱུར་ཚད་ལྡན་གྱི་མི་སུ་ཞིག་གིས་ཀྱང་མཐོང་འདོད་མེད་པས་རང་ཉིད་ཀྱིས་བཙུགས་པ་རང་ཉིད་ཀྱིས་ཕྱིར་འཐེན་བྱས་པའི་ཐབས་ལམ་ལས་གཞན་མེད་པར་འདོད། མི་མང་ནི་ནམ་ཡང་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པས་སུ་ཞིག་གིས་མི་མང་ལ་བསྟུན་མི་ཤེས་ན་མཐར་དེ་ཉིད་ཕམ་ངེས་ཡིན་པས་ཏང་ཀྲུང་དབྱང་ཡང་མི་མང་གི་འབོད་སྒྲའི་འོག་ཐར་མི་སྲིད། བོད་ལ་ལྷག་བསམ་རྣམ་དག་ཡིན་ཚེ་བོད་མི་རིགས་གསོན་པོར་གནས་པའི་དགོས་ངེས་ཀྱི་ཆ་རྐྱེན་ཁག་ལ་དེ་བས་གཅེས་སྤྲས་བྱེད་ངེས་པས་མི་རིགས་ཀྱི་གནད་དོན་ཇི་ལྟར་ལྷག་འོས། བོད་ཀྱི་བདག་དབང་ལ་དངོས་ཐོག་ནས་ཀྲུང་དབྱང་ལ་གདེང་སྤོབས་ཡོད་ན་དབང་སྒྱུར་དྲང་བདེན་ཡིན་པ་དངོས་ཐོག་ནས་བོད་མི་སེམས་ནང་ར་སྤྲོད་མི་ཐུབ་པ་མི་སྲིད། དྲང་བདེན་དུ་ནམ་མཐོང་བ་ན་ད་གཟོད་ཀྲུང་དབྱང་ལ་དོན་དམ་གྱི་རྒྱལ་ཁ་ཐོབ་པ་ལས་གཞན་དུ་བོད་མིར་ཡིད་ཆེས་སླེབས་མི་སྲིད། བོད་མིའི་སེམས་ཁམས་ཆོས་ལུགས་ཀྱིས་དབང་སྒྱུར་བྱས་ཡོད་པས་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་མ་བྱུང་བར་བོད་དོན་ཐག་གཅོད་མི་ཐུབ་པའང་མིག་སྔའི་གནད་དོན་ཡིན། ཀྲུང་གོའི་ད་ལྟའི་གནས་བབ་ཏང་གི་སྣེ་འཁྲིད་རིང་བྱུང་བ་དངོས་དོན་ཡིན་ཀྱང་བོད་དབང་སྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་ཕྱིན་རུང་བོད་ཡུལ་ཧྲིལ་པོ་དྲག་ཤུགས་ཀྱིས་ཚོད་འཛིན་བྱེད་དགོས་པ་འདིས་ཀྲུང་དབྱང་གིས་བོད་ཐོག་འཛིན་པའི་སྲིས་ཇུས་རན་པོ་བྱུང་མེད་པ་དངོས་ཡོད་ནས་ཁ་གྲགས་པ་ཡིན། བོད་དུ་ངོ་རྒོལ་རེ་བྱུང་ཚེ་༸གོང་ས་མཆོག་ལ་མཚན་སྨྲས་ཞུས་པ་ནི་རྒྱ་གཞུང་འུ་ཐུག་པ་དང་བྱེད་ཐབས་གཞན་མེད་པའི་སྡིག་པ་མིག་བཙུམས་ཀྱི་ཆབ་སྲིད་ཀྱི་བྱ་ཐབས་སྐྱུག་བྲོ་བ་ཞིག་དང་བོད་མིའི་དད་སེམས་ལ་ཡོངས་སུ་བརྩི་མེད་བཏང་བ་ཡིན་པས་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་སྲིད། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་ཞེས་པ་ལྟར་ཡིན་པས་ཀྲུང་དབྱང་གི་བོད་དོན་ཐད་བོད་རང་ལ་འོས་ཤོས་ཀྱི་ལངས་ཕྱོགས་ཤིག་འཛིན་རྒྱུ་ཀྲུང་དབྱང་རང་ཉིད་ཀྱི་ཁེ་ཕན་དུ་མཐོང་ངོ་། །
རྒྱལ་བའི་བཀའ་སློབ་རྟག་ཏུ་ཞུས་པ་དང་། །
བོད་སྐད་རླུང་འཕྲིན་ཡང་ཡང་ཉན་པ་ཡིས། །
རང་གི་བློ་ཡིས་དཔགས་པའི་དཔྱད་པ་འདི། །
རང་རིགས་སྲི་ཞུར་བསམ་སྟེ་བྲིས་པ་ལགས། །
ཕྱོགས་བཞིར་གྱེས་པའི་ཡིད་བཅུགས་གྲོགས་པོ་ཚོས། །
ཡང་སྟེང་སྤྲུལ་སྐུས་ཆབ་སྲིད་མ་བྱེད་ཅེས། །
ཤ་ཞེན་ཆེ་བའི་བཀའ་བཀྱོན་མི་མཛད་ཞུ། །
ཞར་ཞོར་ཙམ་དུ་བསམ་སྟེ་བྲིས་པ་ལགས། །
སེར་སྨད་དགེ་བཤས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་ལགས་ལ་ཞུ་རྒྱུར་ ཉིད་ཀྱི་དཔྱད་རྩོམ་དེར་བདག་གིས་ཐེངས་ཤིག་བཀླགས་ཡིན་ལ རིག་གཞུང་ནི་རང་བཙན་ལས་ལྷག་ཡིན་ཞེས་པའི་དུམ་བུ་དེ་དང་རང་ལུས་མེ་བསྲེགས་ཀྱི་འབོད་སྒྲ་གཉིས་ཧ་ཅང་སྙན་མོ་འདུག་སྙམ། འོན་ཀྱང་དཔྱད་རྩོམ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
སྤྱིར་དཔྱད་རྩོམ་ཡི་གེ་དག་ཆ་ཡག་པོ་བྲིས་འདུག་པས་དེ་ཙམ་གྱི་ཆ་ནས་ཡང་ཡག་ཐག་ཆོད་རེད། དོན་གྱི་ཆ་ནས་སྔ་ཕྱི་འགལ་བ་ཞིག་མ་གཏོགས་མཐོང་མ་སོང། ལམ་དབུ་མ་ལ་མོས་པ་ཡོད་པ་ཙམ་མ་གཏོགས་རྒྱུ་མཚན་ཡང་དག་གིས་ཤེས་ནས་དད་པ་ཡོད་པ་ཞིག་མིན་པ་གསལ་པོ་འདུག་
ལྷ་རམས་པ་མཆོག་གིས་དཔྱད་རྩོམ་གནད་ལ་ཁེལ་པོ་ཞིག་བྲིས་འདུག་་་་་ང་ཚོ་ལ་འདི་ལྟར་གནད་ལ་ཁེལ་བའི་དཔྱད་པ་ཟབ་མོ་རེ་དགོས་པ་མ་ཟད་དེ་དང་བསྟུན་པའི་དོན་གྱི་ལག་ལེན་བྱ་ཐབས་ཀྱང་དགོས་ངེས་རེད།་་་དེར་བརྟེན་རིག་པ་དང་ལག་ལེན་བྱ་ཐབས་ཀྱི་གདམས་པ་ཟུང་དུ་འབྲེལ་བའི་དཔྱད་རྩོམ་ཅིས་ཀྱང་མཁོ།་་་
རིན་པོ་ཆེ་ནས་གནད་ལ་འཁེལ་པ་ཞིག་བྲིས་འདུག་་་་ང་ཚོ་དྲ་གྲོགས་ཚོས་ཀློག་པ་མ་ཟད་་་་་བསམ་བློ་གཏོང་གལ་ཆེ་སྙམྲ། རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྩོམ་ཡིག་ཡག་པོ་ཞིག་བྲིས་ཡོད་ཚོད་འདུག། འོན་ཀྱང་རྩོམ་ཡིག་གི་ནང་དུ་སྔོན་ནས་ད་ལྟའི་བར་དུ་གངས་ཅན་ལྗོངས་སུ་རྩོད་བྲལ་གྱི་མཁས་པ་བཙོང་ཁ་པ་དང་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གཉིས་མ་གཏོགས་བྱོན་མྱོང་མེད་པ་འདྲ་བོ་ཞིག་གསུངས་འདུག་པ་དེ་སེམས་ལ་འཐད་པོ་རང་མ་བྱུང་། དེ་ལྟར་བཤད་དུས་ད་དུང་ང་རང་རང་ཕྲག་དོག་དང་ཕྱོགས་རིས་ཆེ་བ་འདྲ་བོ་ཞིག་འགྲོ་གི་འདུག། སྤྱིར་ངོས་ནས་ཀྱང་བཙོང་ཁ་པ་ཆེན་པོ་དང་སྐྱབས་མགོན་ཏཱ་ལའི་བླ་མ་རྣམ་གཉིས་ལ་དད་པ་ཡོད། ཡིན་ན་ཡང་ད་ལྟའི་བར་དུ་གངས་ཅན་གྱི་ལྗོངས་སུ་མཁས་པ་ཁོང་གཉིས་མ་གཏོགས་བྱོན་མ་མྱོང་ཟེར་ན་དེ་ནི་ཆོས་ལུགས་ལ་ཞེན་ཁོག་ཆེ་བའི་སྐད་ཆ་འདྲ་ཞིག་ཏུ་སྣང་། ཁོང་ལས་ལྷག་པ་མེད་ཀྱང་ཁོང་དང་མཉམ་པའི་མཁས་པ་མང་པོ་ཞིག་བྱོན་མྱོང་ཟེར་ན་ནི་བོད་ལ་གཟི་བརྗིད་ཀྱང་ཆེ་རུ་འགྲོ། རྩ་བ་བོར་ནས་ཡལ་ག་ལ་འཇུ་བར་བཟོད་གསོལ་ཞུ།
གཡུ་འབྲུག་དཀར་པོ་ལགས་ཉིད་ཀྱིས་རྗེ་ཙོང་ཁ་པ་ཞེས་པའི་ཙོང་གི་དེ་དགོས་ཅིས་ཕྱིར་བཞག་པ་ཡིན་གསལ་བྱེད་ཅིག་གནང་རོགས། དེ་ནས་རྩོམ་ཡིག་རིང་དྲག་པའི་རྐྱེན་གྱིས་ཀློག་འདོད་བྱུང་རབ་ཡིན་ན་གནད་འདུས་ལ་ཚིག་འབྲུ་ཉུང་ན་བསམ་སོང་ལགས་བསམ་ཚུལ་ཙམ་ཡིན།
ཙོང་གི་སྔོན་འཇུག་ལ་བ་ཡིག་བཅོས་རོགས
བདག་གིས་ཆབ་སྲིད་མི་ཤེས་རུང་རིག་གཞུང་ནི་རང་བཙན་ལས་ལྷག་པ་ཡིན་གསུངས་པ་དེ་ལ་རྒྱབ་སྐྱོར་ཡོད། རེ་བ་ཆེ་ས་ནས་བརྒྱབ། གྲ་སྒྲིག་སྡུག་ས་ནས་བྱེད། ཅེས་པ་ལྟར་གོང་ས་མཆོག་གི་ཐུགས་རེ་ནི་ད་ལྟའི་ཆར་དུས་ལ་དཔགས་པའི་རིག་གཞུང་སྲུང་སྐྱོབ་དང་རྒྱ་བོད་ཞི་འགྲིག་དེ་རེད། འདི་ནི་དངོས་ཡོད་དང་འཚམས་པ་ལོ་རྒྱུས་ཐོག་ནས་སྐབས་རེར་ཉེན་ཁར་ཐུག་སྲིད་ཀྱང་དུས་རབས་ཀྱི་རྦ་རླབས་གཡོ་བ་མེད་ཅིང་རྒྱུ་འབྲས་ཀྱི་གོ་རིམ་མ་འཆོལ་བར་ཡོང་བསྡད་པ་ཞིག་རེད། གོ་རིམ་འདི་བསྣོགས་བཏང་ན་རང་གཞན་གཉིས་ཀ་འཆི་ལམ་དུ་དེད་པ་ལས་ཕན་པ་གང་ཡང་མེད་པ་ནི་མངོན་གསལ་རེད།
ཙོང་ཁ་པ་དང་བཙོང་ཁ་པ་གཉིས་ཆ་འདུག །ཙོང་ཁ་ནི་འཁྲུངས་ཡུལ་གྱི་མིང་སྟེ་ཙོང་ལ་རིང་མོའམ་ཙོང་ཁའི་སྐྱེས་རིར་འབོད་པ་ཡིན། པྲ་ཏིའི་སུམ་ཅུ་པའི་ཀུན་བཟང་དགོངས་རྒྱན་མཆོད་བརྗོད་དུ། རྣམ་རོལ་བཙོང་ཁ་པ་དེ་སྙིང་ནས་འདུད། ཅེས་བཙོང་ཁ་ཞེས་འབོད་པ་ནི་སྔོན་གནས་འདིར་འཕགས་པ་རྟག་ངུས་འཕགས་པ་ཆོས་འཕགས་ལས་ཆོས་ཉན་པའི་ཕྱིར་སྐུ་ལུས་ཀྱི་བརླ་ཤ་བཙོང་པའི་གནས་ཡིན་པས་དེ་ལྟར་བརྗོད་པ་ཡིན།
འཇིགས་མེད་འོད་ལྡན་ལགས། ཙོང་ཁ་དང་བཙོང་ཁ་གཉིས་གང་ཡིན་ང་ལ་ཁུངས་ལུང་གང་ཡང་མེད། ནམ་རྒྱུན་ཚོང་བཙོང་རྒྱུའི་བཙོང་རང་བྲིས་བསྡད་པས་རྐྱེན་པ་འདྲ། བསམ་བློ་གང་ཡང་མ་འཁོར་བར་བཙོང་ཞེས་བྲིས་ཐལ་འདུག། འོན་ཀྱང་ལེགས་བཤད་པས་གསལ་བཤད་གནང་འདུག་པ་དེས་ང་ལ་ཡང་ཕན་རླབས་བྱུང་། ད་ནས་ཕར་ངས་ཀྱང་ལེགས་བཤད་ཁོང་ལྟར་ཁུངས་སྐྱེལ་བྱེད་རྒྱུ་ཡིན། དེས་ན་དྲི་བ་གནང་མཁན་དང་ལན་གནང་མཁན་གཉིས་ཀར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
རྩོམ་ཡིག་དེ་ངས་ཀྱང་ཆ་ཚང་ཞིག་བཀླགས་ཐུབ་མ་སོང་། འོན་ཀྱང་རྩོམ་ཡིག་དེ་ཉིད་ཡར་འཐེན་མར་འཐེན་བྱེད་ཞོར་ལ་”གོང་ས་མཆོག་གི་མཛད་པ་ཕྱིར་ལྟས་སློག་པ་ཞེས་པའི་ས་བཅད་ཀྱི་འོག་ཏུ་”
“མཁས་པའི་རྣམ་དཔྱོད་ཀྱི་ངོས་ནས་ང་ཚོས་སྡོམ་ཚིག་འདི་འདྲ་ཞིག་འགོད་ཆོག་ཏེ། ལོ་ངོ་དྲུག་བརྒྱའི་ཡར་སྔོན་དུ་གངས་ལྗོངས་མདོ་སྨད་ཡུལ་དུ་རྩོད་བྲལ་གྱི་མཁས་དབང་ཞིག་བྱོན་པ་ནི་རྒྱལ་བ་ཙོང་ཁ་པ་ཡིན་ལ། སླར་ལོ་ངོ་དྲུག་བརྒྱའི་རྗེས་སུ་རྩོད་བྲལ་གྱི་མཁས་དབང་ཞིག་བྱོན་པ་ནི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡིན་པ་སྤྱི་མོས་སུ་སྨྲ་ཆོག” ཅེས་སྡོམ་ཚིག་རྒྱག་པ་ཞིག་མཐོང་བྱུང་།
དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུའི་དཔྱད་རྩོམ་དེ་ཐེངས་གཅིག་ཀློག་པ་ཡིན། ངོ་མ་རྒྱུ་མཚན་དང་ཁུངས་ལུང་ལྡན་པའི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག དཔྱད་རྩོམ་འདི་དེ་སང་གི་མི་རེ་འགས་རྒྱུ་མཚན་དང་རྒྱབ་ལྗོངས་གང་ཡང་མེད་པར་འདས་ཟིན་པའི་བྱུང་རབས་ཨུ་ཚུགས་ཀྱི་སྐྱར་གསོ་བྱེད་འདོད་པའི་བསམ་ཚུལ་ཅན་དག་ལ་ཕན་པའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་ཆགས་འདུག རེད་ཡ་ཁ་སང་གི་ཉི་འོད་དེ་རིང་དང་མ་འོངས་པ་སྐྱར་དུ་ཤར་དགོས་ཟེར་ན་དེ་ནི་དངོས་པོའི་གཤིས་ལུགས་དང་འགལ། སྔོན་གྱི་ལོ་རྒྱུས་ལ་དཔག་ནས་མ་འོངས་པའི་ལམ་ཕྱོགས་བཙལ་བར་ཕན་ཡང་དེ་སྐྱར་དུ་ཡོང་དགོས་ཟེར་ན་རྒྱུ་འབྲས་ཀྱི་ངང་ཚུལ་དང་མི་འཚམ། ད་དུང་མཁྱེན་དགོས་པ་ཞིག་ལ་༧གོང་ས་མཆོག་ཐམས་ཅད་མཁྱེན་པ་ཡིན་པ་ཁས་བླངས་ན་ཁོང་གིས་སྟོན་པའི་ལམ་ཡང་མ་ནོར་ཡིན་པ་ཁས་བླངས་དགོས། རང་ཉིད་ཀྱིས་དེ་ལས་ལྷག་པའི་ལམ་རྙེད་མི་སྲིད།
དགེ་བཤེས་རང་གི་རྩོམ་འདི་ཏོག་ཙམ་ཕྱི་དྲག་སོང་། རྩོམ་འདི་འདྲ། ༡༩༩༠ནང་ལ་ཐོན་ཡོད་ན། ད་གཟོད་བོད་མི་མང་པོ་འདི་འདྲ་མེར་བསྲེགས་སོང་བ་དང་། བོད་ཀྱི་རིག་གཞུང་བོད་ནང་ལ་ལག་པ་འཆང་ས་མེད་པ། ཡུལ་སྟོད་སྨད་སྐྱིད་ས་དེ་ཚོར་རྒྱ་མི་གཞིས་ཆགས་དེ་ཚོ་ཏོག་ཙམ་འགོག་ཐུབ་པ་ཡོད།
ཡིན་ནའང་། ད་ལྟའི་བོད་ནང་གི་གནས་སྟངས་ལ་ལྟ་དུས། དབུགས་གཏོང་ལེན་བྱེད་ཀྱིན་ན་ཟུག་ལྗི་བུ་ཞིག་ཐེན་དགོས་ཀྱི་འདུག
རང་བཙན་མ་རྩོད་ཀྱང་རྒྱ་ནག་གིས་འདི་ལས་ལྷག་ཅིག་བོད་ལ་སྤྲད་ཀྱི་མ་རེད། གཞི་བྱིས་བོད་མི་གཉིས་གཉེན་འཕྲད་ཀྱི་ལམ་ཁ་དེ་བརྒྱད་ཅུའི་རྒྱ་ནག་གི་གུ་ཡངས་བའི་སྲིད་ཇིས་ལས་བྱུང་བ་ལས་དབུ་མའི་ལམ་ཡིན་པ་གསལ་པོ་རེད། དེ་ནི་རང་ཕྱོགས་ལ་མཐུན་ཕྱོགས་ཀྱི་སྒྲུབ་བྱེད་མ་རྙེད་པ་འུ་ཐུག་ནས་བཤད་པ་ཞིག་རེད།
ནོར་བཅོས།
རང་བཙན་མ་རྩོད་ཀྱང་རྒྱ་ནག་གིས་འདི་ལས་ལྷག་ཅིག་བོད་ལ་སྤྲད་ཀྱི་མ་རེད། གཞི་བྱིས་བོད་མི་གཉིས་གཉེན་འཕྲད་ཀྱི་ལམ་ཁ་དེ་བརྒྱད་ཅུའི་ནང་རྒྱ་ནག་གི་གུ་ཡངས་བའི་སྲིད་ཇིས་ལས་བྱུང་བ་ལས་དབུ་མའི་ལམ་མིན་པ་གསལ་པོ་རེད། དེ་ནི་རང་ཕྱོགས་ལ་མཐུན་ཕྱོགས་ཀྱི་སྒྲུབ་བྱེད་མ་རྙེད་པ་འུ་ཐུག་ནས་བཤད་པ་ཞིག་རེད་ལ། རྒྱ་ནག་དང་རྒྱལ་སྤྱི་མ་དགོས་ཆབ་སྲིད་ཀྱི་འགྲོ་སྟངས་ཡག་པོ་མི་ཤེས་བའི་དན་རྟགས་སུ་འདོད།
ཕྱིའི་འཁོར་ཡུག་རང་བཙན་མེད་ན་ནང་གི་རིག་གཞུང་རང་བཙན་དང་དད་མོས་རང་བཙན་སོགས་མདོར་ན་འགྲོ་འདུག་སྤྱོད་གསུམ་གང་སྤྱིར་རང་དབང་དང་རང་བཙན་ཞིག་ཁག་པོ་མ་རེད་པས། དཔེར་ན་ཧི་མཱ་ལའི་རི་བརྒྱུད་ཀྱི་ལ་དྭགས་དང་ཁུ་ནུ་འབྲས་ལྗོངས་ལ་སོགས་པའི་རྒྱ་གར་གྲངས་ཉུང་མི་རིགས་ས་གནས་ཁག་གི་མི་རིགས་རང་སྐྱོང་གི་ཐོབ་ཐང་ཆ་ཚང་འོག་རིག་གཞུང་དང་དད་མོས་སོགས་ཀྱི་རང་བཙན་ཚད་མཐོ་པོ་ཡོད་ཀྱང་། ཕྱིའི་འཁོར་ཡུག་རང་བཙན་མེད་པའི་ཤུགས་རྐྱེན་འོག་སྲོལ་རྒྱུན་རིག་གནས་དང་གོམས་གཤིས་བཟང་པོ་སོགས་ག་ལེར་ག་ལེར་ཉམས་དམས་སུ་འགྲོ་བཞིན་པ་དེ་མཐོང་ཆོས་མྱོང་གྱུར་ལ་སོང་། ཕྱིའི་གཟུགས་གཞི་བདེ་ཐང་མིན་པར་ནང་གི་སྲོག་བདེ་ཐང་དགོས་ཟེར་ན་གང་འདྲ་རེད། ནང་གི་སྲོག་འཚོ་བར་ཡིན་ཅིག་ཕྱིའི་གཟུགས་གཞི་བདེ་ཐང་ཡིན་དགོས་པ་ནི་ལྟོས་གྲུབ་རང་བཞིན་རེད། ཕྱིའི་གཟུགས་གཞི་ནད་མནར་གྱི་ཟིན་ཡོད་ན་ནང་གི་སྲོག་དེ་ཡུན་རིང་མི་འཚོ་བ་གཏན་འཁེལ་རེད་དོ།
དགེ་བཤེས་ལགས་ཀྱིས་གསུང་པ་ལ་རྒྱབ་སྐྱོར་ཡོད། དེང་སང་མི་མང་པོ་ཞིག་གིས་འགྲུབ་རྒྱུ་ཡོད་མེད་ལ་མི་བལྟ་བར་ཁ་སྟོང་ནང་ནས་ཚིག་སྟོང་ཀྱང་བཤད་བཞིན་པ་ནི་སྨྱོ་རྟགས་རེད།
ལོ་ངོ་མང་པོ་རིང་དབུ་མའི་ལམ་གྱིས་ཅི་ཞིག་འགྲུབ་འདུག ༢༠༠༨ལོར་ཞི་བའི་སྒེར་ལངས་གྲོས་མོལ་ཁ་ཤས་ལ་བརྗེ་བའི་ཡིད་སྐྱོའི་གནས་ཚུལ་ལས་ཅི་ཡང་མེད། དབུ་མ་ཟེར་ཡང་དང་ཐོག་ཡོང་ཁུངས་རྒྱ་ནག་རེད། བོད་མི་རྣམས་ཁ་ཐོར་བཏང་སླད་རྒྱ་དང་བོད་རྩ་མེད་དུ་བཏང་ཆེད་རྒྱ་ནག་གིས་བཟོས་བའི་སྲིད་ཇུས་ཤིག་རེད། དེའི་འགོ་ཁུངས་ཀྱང་རྒྱ་ནག་གིས་བཙན་འགེབ་བྱས་བའི་དོན་ཚན་བཅུ་བདུན་རེད། བརྒྱད་བཅུ་ནང་ཏེང་གིས་དོན་ཚན་བཅུ་བདུན་ཡང་སྐྱར་དགོས་དོན་མེད་པས་དེ་ཁ་སྒྱུར་གྱིས་རང་བཙན་མ་བཤད་ན་སྐད་ཆ་ག་རེ་ཡིན་ན་བཤད་ཆོག་ཟེར་བ་རེད། ད་ལྟ་རྒྱ་གཞུང་གིས་དེ་ཡང་ཡག་པོ་ཁས་ལེན་གྱི་མེད། མ་འཆི་སྒུག་པའི་དབུ་མའི་ལམ།། ཤི་ཡང་གཡོ་འོག་འཆི་བའི་དབུ་མའི་ལམ།། གསོན་ཡང་ནུས་ཤུགས་མེད་པའི་དབུ་མའི་ལམ།། བོད་ཀྱི་ངར་ཤུགས་ཉམས་བྱེད་དབུ་མའི་ལམ།། མགོ་བདེ་འཁྲབ་ཡུལ་སྐྲུན་མཁན་དབུ་མའི་ལམ།། རྒྱལ་སྤྱིའི་འཐོམ་དུ་འཇུག་མཁན་དབུ་མའི་ལམ།། དགྲ་བོའི་དགའ་རུ་བཅུག་བྱེད་དབུ་མའི་ལམ།། རྩོད་ཀྱང་རྩོད་ཚུལ་དཀོན་པའི་དབུ་མའི་ལམ།། ས་ཁོངས་གསལ་པོ་མེད་པའི་དབུ་མའི་ལམ།། དཔལ་འབྱོར་འཆར་གཞི་མེད་པའི་དབུ་མའི་ལམ།། རྟོན་མེད་རྒྱ་ཁྲིམས་བཅོལ་བའི་དབུ་མའི་ལམ།། བདེ་མོ་ལམ་དུ་བཞུགས་ཤིག་དབུ་མའི་ལམ།། བདེ་མི་རྒྱ་དོན་སྒྲུབ་ཅིག་དབུ་མའི་ལམ།། བོད་མའི་སེམས་ཤུགས་གཅོག་ཅིག་དབུ་མའི་ལམ།། བོད་ཀྱི་ཀླད་པ་སྒྱུར་ཅིག་དབུ་མའི་ལམ།། རང་བཙན་དགྲ་རུ་ལྟོས་ཤིག་དབུ་མའི་ལམ།། རྒྱ་ལ་སྤྲེད་ལེ་འཁྲབ་ཅིག་དབུ་མའི་ལམ།། བྱ་དགའ་ཐོབ་པའི་སྨོན་ལམ་ཡང་སེ་འདེབས།།
ཡང་སྟེངསྤྲུལ་སྐུ་རིན་པོ་ཆེས་གསུངས་པ་མངོན་པར་སྟོད་། བོད་ཕྱི་ནང་ཡོང་ལ་བློ་བསྐྱེད་ཆེ་བར་སེམས། བདེན་པ་ར་སྤྲོད་དེ་ལྟར་བྱས་ཀྱང་ད་རུང་སྡིག་པ་མིག་བཙུམ་བྱེད་མཁན་ཡོད་ན་དེ་ནི་སྨྲ་ཤེས་དོན་གོ་བའི་རང་བཞིན་ལས་འདུས་པར་ཤེས། ཐུགས་རྗེ་ཆེ།
ད་ལྟའི་བཀའ་ཤག་འདི་ཡི་གོང་ནས་མགོ་བཙུགས་ཏེ། རང་བཙན་མ་ཟད་དབུ་མའི་ལམ་ཡང་མི་གླེང་བར་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེན་མོས་རྩ་ཁྲིམས་ནང་དུ་ང་ཚོ་གཅུག་རོགས་དགོས་ཟེར་ནས་རེ་འདུན་སྟོན་པ་ལས་གཞན་གང་ཡང་མེད་པ་གྱུར་ཟིན་པ་རེད། ཡིན་ན་ཡང་ད་དུང་དྲྭ་འབུ་འདི་ཚོས་ནང་ཁུལ་དཀྲུག་འདོད་ཀྱིས་༧གོང་ས་མཆོག་ཁ་ལ་ཁྱེར་ནས་གཞོན་ལྷན་དང་རང་བཙན་ལ་འབད་འབུང་བྱེད་མཁན་དག་ཤི་ལམ་ལ་གཏོང་འདོད་ཀྱིས་སྡུག་བཤད་མུག་བཤད་ལུང་པ་གང་བྱེད་བཞིན་པ་འདི་གུང་ཁྲན་ལ་དགོས་པའི་ལས་དོན་ངོ་མ་དེ་རེད། ཁྱོད་ལ་རིག་གཞུང་དགོས་ན་དེ་གནས་སའི་འཁོར་ཡུག་མི་དགོས་པའི་རྒྱུ་མཚན་ཅི། ནང་ཆོས་པ་དག་གིས། འདུལ་བ་ནི་བ་ལྟ་བུའོ། བྱང་སེམས་ནི་འོ་མ་ལྟ་བུའོ། གསང་སྔགས་ནི་མར་ལྟ་བུའོ། བ་མེད་ན་འོ་མ་དང་མར་སོགས་མེད་པ་བཞིན་དུ། ཆོས་འདུལ་བ་མེད་ན་བྱང་སེམས་དང་གསང་སྔགས་སོགས་མེད་པར་གསུངས་པ་བཞིན། རང་བཙན་ནི་བ་ལྟ་བུའོ། རང་དབང་ནི་འོ་མ་ལྟ་བུའོ། རིག་གཞུང་ནི་མར་ལྟ་བུའོ། རང་བཙན་མེད་པས་ཇི་ལྟར་འགྱུར་ཞེ་ན། དེ་ལ་བསྟེན་པའི་རང་དབང་མེད། རང་དབང་མེད་ན་རིག་གཞུང་དང་གོམས་གཤིས་སོགས་ཀྱང་མེད་པར་འགྱུར་བས་རིག་གཞུང་དང་རང་དབང་དགོས་ན་ངེས་པར་དུ་རང་བཙན་བརྩོད་དགོས་པ་ཡིན་ནོ།
ཐབས་དང་ཐབས་བྱུང་གཅིག་དུ་མ་ཞེན་གངས་ཕྲུག་ཚོ། རང་བཟོས་དཔེ་དོན་ལོག་པ་མ་རྒྱབ་བོད་པའི་བུ། བ་དང་འོ་མ་མར་བཞིན་དེ་རྣམས་ཡིན་གྱུར་ན། ད་ལྟ་རང་བཙན་མེད་བཞིན་གཞན་གཉིས་དེར་གྱུར་ན། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་གྲོང་བོན་སོགས་ཆོས་རིགས་ཀུན། ཕྱི་རྒྱལ་ཡུལ་གྲུ་ཁེག་ན་མེད་པར་ཁྱོད་འདོད་དམ། བདག་གི་་འདོད་ཚུལ་ཙམ་ལས་རྩོད་པའི་འདུན་པ་མེད། དེ་ཕྱིར་དེ་ཙམ་ཞིག་ཡིན་དགོང་པ་མ་ཚོམ་རོག།
ཡང་སྟེང་བླ་མས་གསུང་པ་འདི་བཤད་སྟངས་གཅིག་རེད། ཁྱེད་དཔེ་ཆ་ལྟ་མཁན་ཞིག་ཡིན་སྟབས། བསམ་བློ་དང་རིགས་པ་མི་འདྲ་བ་མང་པོ་གཏང་ས་ཡོད། བོད་དོན་འདི་འང་འདི་འདྲ་རེད།
དཔེར་ན། མི་འགའ་ཤས་ཀྱིས་ལན་འདི་འདྲ་རྒྱག་གི་རེད། ལྟོས་ཨང་།
རང་བཙན་འཐོབ་དཀའ་བའི་དབང་དུ་བྱས་ནས་རང་སྐྱོང་རྩོད་ཀྱི་ཡོད་ན། སངས་རྒྱས་ཀྱི་གོ་འཕང་འཐོབ་དཀའ་བ་ཡིན་སྟབས། ལྷ་མིའི་གོ་འཕང་གཅིག་པུར་གྲུབ་པར་འབད་ན་མི་འགྲིགས་སམ། རྗེས་མ་ནི་འཐོབ་སླ་བའི་དབང་དུ་ཡིན་ཟེར།
ཡང་། རྒྱལ་ཁབ་རང་བཙན་འཐོབ་པ་ཚོས། ལོ་ངོ་རྒྱ་ཕྲག་འབད་པ་ལ་བརྟེན་ནས་རང་བཙན་ཐོབ་པ་ལས། དུས་ཚོད་ཐུང་ཐུང་ནང་ལ་ཐོབ་པ་མིན་སྟབས། ང་ཚོ་ཡང་མི་རྒྱང་མ་སྒྲིབ་པར་ཕུགས་ལ་བསམ་བློ་གཏང་ནས་རང་བཙན་རྩོད་དགོས་སོ་ཟེར་མཁན་ཡོང་སྲིད།
ཡང་། རྒྱ་གཞུང་གི་བསམ་བློའི་ནང་ལ་བོད་མི་རིགས་དང་བཅས་པ་རྩ་མེད་གཏོང་བའི་དམིགས་ཡུལ་གསལ་པོར་ཡོད་པ་དང་། ཁོང་ཚོར་བོད་ཀྱི་གཏེར་དང་རི་ཆུ་རྩ་ཀླུང་ལས་བོད་མི་དགོས་ཀྱི་མེད་སྟབས། རང་བཙན་ཡིན་ནའང་འདྲ། རང་སྐྱོང་ཡིན་ནའང་། བོད་ཀྱི་རིག་གཞུང་ཡིན་ནའང་འདྲ་གང་ལྟར་ཚང་མ་གཏོར་བྱ་ལས་ཉར་བྱ་མ་རེད། དེས་ན་ཁོང་ཚོར་ཁྱད་པར་མེད། བོད་པ་ཟེར་བ་འདི་གཏོར་བྱ་རེད། རིག་གཞུང་ཟེར་བ་འདི་ཁ་བྲལ་གྱི་རྨང་གཞི་རེད། གཏོར་བྱ་རེད། རང་སྐྱོང་ཟེར་བ་འདི་རང་བཙན་གྱི་གོམས་པ་དང་པོ་རེད། གཏོར་བྱ་རེད། ད་འདི་ད་ལྟའི་རྒྱ་གཞུང་གི་སྲིད་བྱུས་རེད། དེ་ལ་ཁྱེད་ཀྱི་བྱ་ཐབས་དེས་ཕན་ས་རེད་དམ།
འོ་འདི་འདྲ་རེད།
བོད་མི་རིགས་ཀྱི་མདུན་ལམ་ཡོད་ཚད་མུན་ནག་མདའ་འཕེན་བྱས་པས་སུ་ཞིག་གིས་འགན་བཟོད། ལོ་རྒྱུས་ལ་གཞི་བཅོལ་ནའང་བོད་ཀྱི་ལོ་རྒྱུས་ལ། དོན་ཚན་བཅུ་བདུན་བཞག་སྟེ་༸རྒྱལ་བ་ཡབ་སྲས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ལ་བཅར་བའི་བར་མཚམས་གཅིག་དང་། དེ་ནས་འབྲི་ཆུ་ཡན་ཆད་མན་ཆད། དགའ་ལྡན་ཕོ་བྲང་། གཙང་ཕག་ས་གསུམ། ཁ་ཐོར་སྐབས། ཆོས་རྒྱལ་ཚོའི་སྐབས་ཏེ་ལོ་རྒྱུས་ཀྱི་དུམ་བུ་གང་ཞིག་ང་ཚོའི་གཞི་འཛིན་སར་བྱ་དགོས་སམ། སྔ་ཕྱི་གང་གཙོའམ། ་་་ཟེར།
་་་་ ཀྲུང་ཧྭ་ཡི་ཁྱིམ་ཚང་ནང་བདེ་སྐྱིད་ཆེ་ཤོས་བཅས་བྱུང་ཚེ་རང་བཙན་ལས་མི་ལྷག་གམ། དོན་དུའང་རང་བཙན་ནི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་ཡིན་དགོས་པ་ལས་མི་རིགས་དང་སྐད་ཡིག་རང་བཙན་གྱི་ཆེད་དུ་ཡིན་ག་ལ་རིགས། རྒྱུ་མཚན་ནི་སྐད་ཡིག་དང་རིག་གཞུང་མི་རིགས་ཤི་གསོན་གྱི་རྩ་བ་ཡིན་པས་རེད། མི་རིགས་ཤིག་ཡལ་ཟིན་པའི་འོག་ཏུ་རང་བཙན་ནི་མིང་ཙམ་ཡིན་པས་ང་ཚོ་མིང་ཙམ་གྱི་ཕྱིར་ཤི་རིན་ཡོད་དམ། ་་་ཟེར།
ཡང་སྟེང་སྤྲུལ་སྐུའི་ཆེད་རྩོམ་ལ། །
ཀརྡོས་མགུ་ནས་ལན་གཉིས་བཟླས། །
སེར་སྨད་དགེ་བཤས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་མཆོག་གི་རྩོམ་ཡིག་བཀླགས་པས་། ཁོ་བའི་རྣམ་དཔྱོད་ལ་ཕན། ཡི་གེའིདག་ཆ་དུ་མ་གཞུང་དཔེ་དག་དང་མི་མཐུན་པ་མང་བས། ཐུགས་དྲན་བསྐུལ་ཕྱིར་འགའ་ཞིག་གླེང་བར་བྱ་སྟེ།
འོས་འཚམས་ཞེས་པ་འ་སྔོན་འཇུག
ས་མཚམས་ཞེས་པར་མ་སྔོན་འཇུག
ཚད་ལོངས་དོན་ལ་ལྡང་བ་དང་།
ཆུ་དྭངས་བྱེད་པར་འདང་བ་ཞེས།
བཀའ་བསྟན་གསུང་འབུམ་གཞུང་ན་མཐོང་།།
ཞེས་སོ།།
རང་བཙན་གྱི་ཁུངས་ལུས་འདང་ངེས་དང
གོང་ས་མཆོག་གིས་དབུ་མའི་ལམ་ནི་རྒྱ་རྒན་ཏིང་གི་སྐད་ཆ་མ་བྱུང་གོང་ནས་གཏན་ལ་འབེབས་ཟིན་པ་ཞིག་ཡིན་པ་ཡང་ནས་ཡང་དུ་གསུང་ཡོད་ཀྱང་ད་དུང་དྲ་འབུ་འགའ་རེས་གོ་མེད་པའམ་གོ་ཡང་མ་གོ་བའི་ཁུལ་བྱེད་ཀྱི་ཡོད་པ་འདྲ།
གོང་ས་མཆོག་གིས་ཡོང་ཁུང་རྒྱ་ནག་ཡིན་ཞེས་སྔ་ལོ་ཨོ་སི་ཁྲི་རི་ཡ་ནས་གསུངས་འདུག མ་ཟད་དབུ་མའང་སྤྱི་ཚོགས་ཁྲོད་ནས་ཕམ་བྱུང་ཟིན་ཞེས་bbcལ་སྔ་ལོ་གསུངས་ཚར། ཤེས་ཁུལ་མ་བྱེད་ལུང་རྟོགས་ལགས། སྔ་ཕྱི་ལ་རྒྱུས་ལོན་ལེགས་པ་བྱས་ནས་སྐད་གསུངས་ན་ལེགས། དེ་མིན་རང་སྣང་གང་དྲན་གྱི་སྐད་ཆ་རེད།
དགོངས་དག ccn རེད།
རིན་པོ་ཆེའི་གསལ་བཤད་ལ་རྗེས་སུ་ཡིད་རང་དང་རྒྱབ་སྐྱོར་ཐ་གཅིག་ཏུ་ཡོད། ཇི་སྲིད་བོད་ཀྱི་གཞོན་ནུ་སྷན་ཚོགས་ལ་སོགས་པའི་དབུ་མའི་ལམ་ལ་དགག་པ་བྱེད་མཁན་རྣམས་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་ལྷ་དགོངས་དག་པའི་དགོངས་སེལ་གཙང་མ་མ་ཞུས་དེ་སྲིད་དུ་ང་མཆོ་བོད་མི་ཚང་མས་ཚོགས་པ་དེ་དག་དང་སྷན་དུ་འབྲེལ་བ་དང་རྒྱབ་སྐྱོར་བཅས་མི་ནང་རོགས་བཞེས་འབོད་སྐུལ་བཞུ་རྒྱུ་ཡིན། ༧གོང་ས་མཆོག་ལ་ཐུགས་ཕམ་བཟོས་པ་འདི་ནི་ང་བོད་མི་ཚང་མའི་སྙིང་ལ་ན་ཆ་བཟོས་པ་དང་གཅིག་པ་རེད།
(རང་ཉིད་གྲོངས་ཁར་མེ་ལྕེའི་ཀློང་དུ་བསྒྲགས་པའི་འབོད་སྒྲ་དེས་འབོད་སྒྲ་ཚང་མའི་ནང་གནས་བབ་མཐོ་ཤོས་དེ་བཟུང་ཡོད། མེ་ལྕེའི་ཀློང་དུ་བསྒྲགས་པ་ནི་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་པ་འདི་རེད།)
ཚིག་འདི་ང་རང་འཐད་པ་བྱུང་།
གོང་ས་མཆོག་སྔ་ཚིག་ཕྱི་འགལ་གནང་མཁན་ཞིག་མིན་པ་ཀུན་གྱིས་ཤེས་གསལ་རེད། རིག་པའི་བུ་ཁྱེད་རང་གིས་ཀྱང་མ་གོ་གོ་མདོག་མ་བྱེད་ཅིག གལ་ཏེ་ཡོང་ཁུང་རྒྱ་ནག་ཡིན་པ་གསུང་འདུག་ན་གསུང་དེ་ད་ལྟ་ཡིག་ཆའམ་འོད་སྡེར་སོགས་གང་ན་འདུག་གསལ་པོ་ཤོད་དང་། དེ་མིན་གསུང་སོང་ཞེས་པ་ཙམ་གྱིས་འགྲིག་ཐབས་མེད་པ་རེད།
རང་བཙན་མ་རག་ན་ང་ཚོའི་འཆི་མ་གསོན་གི་རིག་གཞུང་འདི་སྐྱོབས་ཐབས་ཡེ་ནས་མེད། རིག་གཞུང་རྩ་ཆེ་ཡིན་པ་ཤེས་བ་ཙམ་གྱིས་ག་ལ་འགྲིག་་་་
སྡུག་བསྔལ་ཤེས་བར་བྱ། ཀུན་འབྱུང་སྤང་བར་བྱ། ཞེས་སྡུག་བསྔལ་གྱི་རྒྱུ་མ་སྤང་བར་འབྲས་བུ་སྡུག་བསྔལ་སྤོང་ཐབས་མེད་པ་ཡིན་པས་དེ་ལྟར་གསུངས་པ་རེད། སྡུག་བསྔལ་སྤང་བར་བྱ་མ་གསུངས་བར་ཤེས་བར་བྱ་གསུངས་པ་ནི་ཉེས་དམིགས་ཀྱི་སྒོ་ནས་ཤེས་དགོས་པ་རེད། ད་ལྟའི་བོད་ཀྱི་དཀའ་ངལ་དེ་ཡང་རྒྱུ་གཅིག་མ་ཡིན། རྐྱེན་གཅིག་མ་ཡིན། རྒྱུ་རྐྱེན་མང་པོ་ཞིག་འཚོགས་ནས་བྱུང་བ་རེད། དཔེར་ན། མེ་ལྕེའི་སྒང་ལ་རྩ་ཕུང་གཡུགས་ན་མེ་ལྕེ་གཅིག་ནས་གཅིག་ཏུ་མཆེད་པ་ལྟར་བོད་པའི་ཁོང་ཁྲོའི་མེ་ལྕེ་དེ་ཡང་གཅིག་ནས་གཅིག་ཏུ་མཆེད་པ་ཡིན་ན་ཉེན་ཚབས་ཧ་ཅང་ཆེ་བ་ཡིན་སྟབས་མེ་ལྕེ་དེ་གསོད་པའི་ཐབས་ཡག་ཤོས་ནི་གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་རྒྱ་བོད་ཞི་འགྲིག་རེད། དེ་ནི་ཆུ་ལྟ་བུ་རེད། རྩ་ཕུང་དང་མེ་མ་རེད། འདི་ཤེས་དགོས་པ་རེད།