རེབ་ཐོག་མདའ།
རླུང་འཚུབ་འུར་འུར་ལྡིང་བའི་གངས་འདབ་ན།།
ཕ་ས་ཕ་ཡུལ་ཅུང་ཙམ་འདར་གྱིན་འདུག།
མེས་པོ་གཞིས་ཁྱིམ་སྲུང་བའི་རྩྭ་ཐང་འདིའི།།
སྦྲ་ནག་སྨུག་པོ་ཁེར་རྐྱང་ཁྲོད་ན་ལུས།།
ཟླ་བའི་འཁྲེང་སེམས་ཤོར་སའི་རྩྭ་ཐང་ན།།
ཕ་ས་ཕ་ཡུལ་གདོང་པ་སྐྱ་ཤིག་ཤིག།།
མར་དང་འོ་མའི་འཚོ་བ་སྣུམ་པོ་དེ།།
དུས་རབས་ཤིག་གི་སྣེ་ན་བོར་ནས་བདའ།།
གནམ་གྱི་ཀ་བར་བཞེངས་པའི་གངས་རི་ཁྱོད།།
ཕ་ས་ཕ་ཡུལ་མཐའ་ནས་འཁུམ་ལ་སྡོད།།
ཟླ་བའི་གོ་ལར་བསྐྱོད་པའི་ནུབ་ཕྱོགས་ཀྱི།།
དེང་རབས་འཕྲུལ་ཆས་དེ་ཡི་ངར་ལ་ལྟོས།།
ཡིག་དྲུག་དབྱངས་ལ་འཐིམ་པའི་སྦྲ་འདབས་ན།།
ཕ་ས་ཕ་ཡུལ་ཡིག་རྨོངས་ཐང་ན་ཡོད།།
སྔོན་ཐོན་མི་རིགས་ཤིག་གི་ཕྱི་རྗེས་ན།།
ཚ་བོ་ཚ་མོ་འདི་ཚོ་སྙིང་རེ་རྗེ།།
ནང་ཆེན་ཕྱུག་པོ་ཚང་གི་སྒོ་འགྲམ་ནས།།
ཕ་ས་ཕ་ཡུལ་དེ་ལྟར་སྒུག་དེ་སྡོད།།
ཐུབ་བསྟན་རིག་གནས་གདོང་གི་ས་རྡུལ་དེ།།
ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།།
སྡེ་མཐའ་གྲོང་མཐའ་འགྲིམས་པའི་གྲུ་ཟུར་ན།།
ཕ་ས་ཕ་ཡུལ་ཅུང་ཙམ་རྒས་ནས་འདུག།
ཐ་མག་ཆང་གིས་ཚིམ་པའི་ཕུ་ནུ་ཚོས།།
མྱི་ཚེ་ཤོ་དང་རྒྱན་ལ་བརྗེས་ཀྱིན་འདུག།
སྨུག་སྤྲིན་ལས་ལོང་འཚུབ་པའི་གངས་འདབས་ན།།
ཕ་ས་ཕ་ཡུལ་ཅུང་ཙམ་སྐམ་ནས་ཡོད།།
རྫ་ཆུ་བསིལ་མའི་རླབས་ཀྱི་ཟེགས་མ་དེ།།
མི་གཙང་དུག་གི་ཁ་དོག་བཟུང་ནས་འདུག།
ཁང་བརྕེགས་མཐོ་དམན་འགྲན་པའི་གྲོང་ཁྱེར་ན།།
ཕ་ས་ཕ་ཡུལ་ཅུང་ཙམ་ཉམ་ཆུང་ཡང་།།
རི་ལུང་མཐོན་པོའི་ཕང་གི་མཐིང་སྨུག་སྦྲ།
གདོང་དམར་བོད་པ་ཚང་གི་གཞི་ཁྱིམ་ཡིན།།
ལྗང་མདོག་བྱེ་མར་འགྱུར་བའི་ཞིང་གྲོང་ནས།།
ཕ་ས་ཕ་ཡུལ་ཡུད་ཙམ་ཕམ་ནས་ཡོད།།
སྒོར་ལ་སེམས་པ་ཤོར་བའི་འུ་ཚང་གི།།
མ་འོངས་མདུན་ལམ་གླེང་དུས་སེམས་པ་གྲང་།།
ཁ་བའི་མེ་ཏོག་འཐོར་བའི་ནམ་དུས་སུ།།
ཕ་ས་ཕ་ཡུལ་ཅུང་ཙམ་ཁུ་སིམ་སིམ།།
ཞི་བདེའི་འཚོ་བ་དབེན་པའི་ན་ནིང་ནས།།
སེམས་པའི་ཟབ་སར་སྡུག་གི་ན་བུན་བབས།།
ནགས་ཀླུང་མགོ་བོ་གཏུབ་པའི་རི་ལུང་ན།།
ཕ་ས་ཕ་ཡུལ་ཁ་ཤོ་རྣ་རུལ་ཡིན།།
རི་བོའི་གདོང་མདོག་ཤོར་བའི་ཁོར་ཡུག་གི།
ན་ཟུག་ལྕི་མོའི་མི་ལ་ཆགས་འཇིག་སྟེར།།
རྩྭ་ས་རྩོད་ལངས་འཁྲུག་པའི་འབྲོག་སྡེ་ན།།
ཕ་ས་ཕ་ཡུལ་ཅུང་ཙམ་རྨས་ནས་འདུག།།
མེ་མདའི་ཚེ་སྲོག་ཉོ་བའི་ངེད་ཚང་གི།
རྒན་གཞོན་གཉི་ཀ་གླེན་རྟགས་ཆེ་བར་སྣང་།།
སྐྱ་རེངས་བུ་མོ་རུམ་པའི་ཞོགས་པ་ལ།།
ཕ་ས་ཕ་ཡུལ་ཅུང་ཙམ་གཉིད་དུ་གཡེར།།
ས་སྲོད་ནམ་ཟླ་རུམ་པའི་ནུབ་ཁ་ལ།།
འུག་པའི་སྐྱེ་བ་ལེན་པའི་གང་ཟག་མང་།།
མི་ཚེའི་ལག་འཁྱེར་ལེན་པའི་སློབ་ཆེན་ན་།།
ཕ་ས་ཕ་ཡུལ་རྣམ་གཡེང་ལེ་ལོས་བསྒྱེལ།།
གཞན་སྐད་རང་སྐད་བསྲེས་པའི་ཁྱོད་དང་ངའི།།
མ་འོངས་མདུན་ལམ་བསམ་ན་དངན་པ་ཤོར།།
རང་ལུས་ཁྲོམ་ན་ཚོང་བའི་གྲོང་ཁྱེར་ན།།
ཕ་ས་ཕ་ཡུལ་གཤིས་ཀ་འགྱུར་ནས་འདུག།
གནའ་དེང་ཟུང་འབྲེལ་གཉི་ཀའི་སྲོལ་བཟང་བོ།།
གངས་རིའི་གཞོན་ནུའི་སེམས་ན་ལྷག་མི་འདུག།
མདོ་ན་ཡོད་ཚད་བོར་བའི་ཕ་ཡུལ་ཁྱོས།།
རང་ཚུགས་བརྟན་པོས་རང་ས་སྲུང་ལ་སྡོད།།
སླར་འཛོམས་ཉི་མ་ག་ལེར་ཤར་བའི་དུས།།
གྲུ་འཛིན་རི་བོའི་ཕང་ནས་གླུ་ཞིག་ལེན།།
ཏ་དུང། ཁང་བརྩེགས་མཐོན་པོའི་ཤེལ་གྱི་བང་རིམ་ནང། སྟོད་ཐུང་སྨད་ཐུང་འཇུ་རྟ་བཀྲམ་པའི་དྲུང། དོ་བདག་རྒྱ་རྒན་སིང་གི་ལག་འོག་དུ། བོད་པའི་གཞོན་སྐྱེས་ཚོགས་རྣམས་ཁྱི་བཞིན་དེད། རྒྱང་ནས་འཇིག་རྔམ་ཆེ་བའི་པོ་ཏ་ལ། དྲུང་དང་ཉེ་འཁོར་གླ་གློའི་འཇིག་རྟེན་ཞིག། བྱིན་བརླབས་གཟི་བྱིན་ཅན་གྱི་ཅོ་ཤག་སོགས། མཆོད་པ་མཆོད་མེ་མེད་པའི་མུན་ཁང་བཅུག། གླ་ཆ་ཆུང་བ་ལྟོ་རྒྱབ་ཁེབ་པ་ཙམ། རང་དབང་མི་ཐོབ་ཉིན་མོ་ཅབ་ལེ་སྲུང། ཞར་ལ་ངོ་རྩི་ལ་སོགས་མཛེས་བཟོ་བྱས། རང་གི་ཁེ་བླང་གཞན་ལ་རིན་གོང་བླང། ཁ་དྲག་དབང་ཆེན་རྒྱ་མིའི་ལག་འོག་གི། བོད་པའི་གཞོན་སྐྱེས་འདི་ཚོ་སྙིང་རེ་རྗེ། སྙིང་རྗེས་མ་བཟོད་སེམས་ཁོང་འཆི་མའི་གང། ངག་ནས་མ་ཐོན་སྡུག་བསྔལ་ཁོག་དུ་སྦེད། ཧ་ཅང་སྙན་པོ་མེད་པའི་གླུ་ཚིག་འདི། རང་ཉིད་ལྷ་སར་བྱིན་པའི་ཚོར་སྣང་ཞིག། ཐོག་མདའི་ཚིག་གི་དྲན་གསོ་བྱས་པའི་ཚེ། སེམས་ལ་རང་དབང་མེད་པར་ཤར་མར་བྲིས།
སྦྲ་ནག་སྨུག་པོ་ཁེར་རྐྱང་(ཁྲོད)་ན་ལུས།།
ཚིག་འདིར་དོན་དག་ཡོད་མེད་མི་ཤེས་ཏེ།
རྩོམ་རྩལ་འདི་འདྲ་དེང་དུས་རིགསརྒྱུ་མང་།།
བགད་མོ་ཤོར་ནས་ཤི་འི་བཅུག་བཞག་ཐལ།།
འབྲོག་སྡེ་རྒྱ་གྲང་བསྒྱུར།
ཞིང་ཁར་མཚེར་བཙུགས་སོགས།
ཀུན་གྱིས་མཁྱེན་གསལ་ལ།
སྙན་ཚིག་བྲིས་གོ་ཆུང་།
སྦྲ་ནག་སྨུག་པོ་ཁེར་རྐྱང་ཁྲོད་ན་ལུས།། ཟེར་བ་འདིའི་གོ་དོན་གི་ཆ་ནས་གོ་བ་ལེན་སྟངས་གཉིས་ཡོད། གཅིག་ནི་བོད་བཙན་པོ་ཤུལ་ཆད་པའི་རྗེས་སུ་བོད་དེ་གྲོགས་མེད་ཁེར་རྐྱང་ངང་ནས་ཡར་རྒྱས་མེད་པ་ལྷག་བསྡད་པ་དང་གཞན་གཅིག་ནི་ད་ལྟའི་དུས་སུ་ཡང་བོད་པ་ཚང་གི་ཕྱི་ནང་གང་ལ་བལྟས་ཀྱང་རྗེས་ལུས་ཡིས་རྣམས་པའི་ངང་ཡོད་པ་མ་ཟད་ད་དུང་ཡིན་ཡང་རང་ཡུལ་རང་གི་བདག་པོ་རྒྱག་མ་ཐུབ་གནས་སུ་ལྷུང་བའི་ཡོད་པ་དེ་ལས་ཀྱང་ཚབ་ཆེ་བ་ནི་མི་བུ་ལྔ་བཅུ་ལུས་སྲོག་མེ་ལྕེ་དེ་ལ་མཉམ་སྦྲེལ་རྒྱལ་ཚོགས་གཙོའི་ཤར་ནུབ་རྒྱལ་ཁབ་དག་གི་རྒྱབ་སྐྱོར་མེད་པར་ལྷག་ཡོད་སོགས་གིས་རྐྱེན་ཀྱིས་འདི་ལྟར་བྲིས་བ་ཡིན། གདོང་དམར་བོད་པ་ཚང་ལ་མཚོན་སྡོད་མའི་དུས་ནས་ད་ལྟའི་བར་དུ་སྦྲ་ནག་དང་ཁ་བྲལ་ཐབས་མེད་པའི་རྐྱེན་ཀྱིས་སྦྲ་ནག་དེ་བོད་རང་གི་ངོ་བོ་ལ་དཔེ་བཞག་དེ་བྲིས་ན་སྙན་ཆ་ཡོད་མེད་མི་ཤེས་མོད། འོད་ཀྱང་དེ་ལས་ལྷག་པའི་བོད་པ་ཚང་ལ་ཁ་ཚ་དགེ་གཏུགས་གི་དཔེ་ཞིག་རྙེད་མ་སོང་། གལ་སྲིད་སྨྱུག་གྲོགས་སུ་ཞིག་ལ་མཚམས་སྦྱོར་རེ་བྱེད་ཀྱི་ཡོད་ན་སྯིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
རེད། གོ་བ་དེ་འདྲ་ཞིག་ལེན་དགོས་ས་རེད། ཡིན་ན་ཡང་ཁྲོད་ཟེར་བའི་ཚིག་འདི་བཀོལ་ན་ཁེར་རྐྱང་མ་ཡིན་པ་ཞིག་ལ་མི་གོ་འམ། ང་མྱི་གོ་བ་ཅན་ཞིག་མིན་པས་གོ་ལོག་ལ་གོ་ཡོད་ན་དགོངས་དག་ཞུ་བ་ཡིན། དེ་མིན་འབྲོག་པའི་སྦྲ་ནང་ནས་དུ་བ་(སྔོན)་པོ་ཞིག་གནམ་ལ་(དཀར)་ལྷོག་ལྷོག་འཕྱུར་གྱིན་འདུག་ཟེར་དེ་འདྲ་ཡང་མཐོང་མྱོང་། དགོད་ཤོར་སྤྱད་ཅིག་མ་རེད་ནེ།