ཨོ་རྒྱན་ཉི་མ།
ངས་འདི་ནས་སྔོན་ཐོན་དང་། རྗེས་ལུས་ཀྱི་རྣམ་བཤད་བྱེད་འདོད་མེད་མོད། མི་རིགས་གཞན་དང་བསྡུར་ན་བོད་མི་རིགས་འདི་ཆེས་སྒྱིད་ལུག་པའི་མི་རིགས་ཤིག་དང་། རང་གི་བསམ་བློ་གྲུང་པོར་བཟོ་བ་དང་། མིའི་བསམ་བློ་དང་གཤིབ་བསྡུར་བྱ་མི་འདོད་པར་མ་ཟད། ཐ་ན་རང་གི་རིག་གཞུང་ཡང་སྐྱ་ཆད་སྔོ་རྡུག་ཏུ་འགྱུར་བཞིན་པའི་དུས་སུ་ཡང་སེམས་ལ་ཅི་མི་བསྙམ་དུ་འདུག་པའམ། འགའ་ཞིག་གིས་རིག་གཞུང་གི་ཆེད་དུ་ལ་རྒྱ་རྩོད་སྟངས་མ་ཤེས་པར་རང་གཞན་གཉིས་ཀ་མི་བདེ་བ་བྱེད་མཁན་ཡང་མང་པོ་རེད། དེ་ཕྱིར་ཚང་མས་ཤེས་དགོས་པ་དེ་རིག་གཞུང་དང་། ཆབ་སྲིད། དཔལ་འབྱོར་གསུམ་གྱི་ལ་རྒྱ་རྩོད་སྟངས་མི་འདྲ་བ་རེད། རིག་གཞུང་གི་ལ་རྒྱ་རྩོད་དྲན་ན་རང་གི་ཡུལ་དུ་བསྡད་ནས། རང་གི་རིག་གཞུང་ལ་སློབ་གཉེར་གྱིས་རང་མགོ་ཉི་མ་རིག་གཞུང་གིས་འདོན་ཏེ། རང་རྐང་ཟིན་ཐུབ་ན་དེ་གས་འཐུས་པ་རེད། རང་གི་རིག་གཞུང་ལ་བརྟེན་ནས་ཚེ་འདིའི་དགོས་མཁོ་སྒྲུབ་ཐུབ་མིན་གང་ལྟར་ཡང་། རང་གི་མི་རིགས་འདི་ཉིད་ལ་ཐུན་མིན་གྱི་ཁྱད་ཆོས་འདོན་དྲན་ན་རིག་གཞུང་བདག་པོ་རྒྱག་དགོས་ངེས་རེད། ད་ལྟའི་ཆར་མཚོན་ན་བོད་ཀྱི་རིག་གཞུང་རང་ཁྱིམ་ནས་སྲུང་ཐུབ་པ་དང་། རང་ཁྱིམ་ན་སློབ་ཐུབ་པའི་ཆ་རྐྱེན་ཚང་ཡོད་པ་རེད། དེ་ཕྱིར་ཚང་མས་བོད་ཀྱི་དཔེ་དེབ་བཀའ་བསྟན་ནས་བཟུང་། གནའ་དེང་གི་རྣམ་དཔྱོད་ཀྱིས་འཕུལ་བའི་རྩོམ་དེབ་སོགས་ལ་ཅི་ནས་ཀྱང་ལྟ་དགོས་པར་འདོད། རང་གི་རིག་གཞུང་གི་ཕྱོགས་ལ་བསམ་བློ་ཙམ་ཡང་མ་བཏང་ན། བོད་རང་གི་རིག་གཞུང་གི་རིན་ཐང་མི་རྟོགས་པ་དང་། གཞན་གྱི་རིག་གཞུང་ལ་ཟུར་བལྟས་ཀྱང་མ་བྱས་ན། གངས་ཅན་པའི་རིག་གཞུང་གི་ཁྱད་ཆོས་མི་མཐོང་བ་དེ་ཡང་ཕར་བལྟས་ཚུར་གཟིགས་རེད། བོད་པའི་རྒན་གསོ་ཁང་དུ་སོང་ན་ཁུངས་མེད་གཏམ་འཆལ་ཁོ་ནས་རྒྱུ་མཚན་དང་ལྟ་གྲུབ་ཡོད་པའི་སྐད་ཆ་གཅིག་ཀྱང་གོ་རྒྱུ་མི་འདུག རྒན་པོ་རྒན་མོ་ཚོས་ལག་ལ་འཕྲེང་བ་རྒྱུ་མ་བརྡ་བརྡ་བྱེད་བཞིན། ཁ་ནས་ཆགས་སྡང་རྨོངས་གསུམ་གྱི་གཏམ་ཁོ་ནས་ཆོལ་ཁ་དང་། ཆོས་ལུགས་རྩོད། ཁོག་ན་ཞེན་འཁོགས་རྡོ་འདྲ་བ་ཞིག་བཟུངས་ཏེ། ཁ་ནས་བཤད་པ་དང་། ཞེ་ན་བསམ་པ། ལག་གི་འཕྲེང་བ་གསུམ་གྱི་དགོས་པ་དང་། གྲུབ་འབྲས་ཕྱིན་ཅི་ལོག་ཏུ་འགྲོ་མཁན་མང་པོ་རེད། དེ་ཕྱིར་རྒན་པོ་ཚོས་ཆོས་བསྒྲུབ་ན་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་དང་། སྐད་ཆ་ཞིག་བཤད་ན་ཡང་རང་གི་མཐོང་ཐོས་དངོས་ལ་གཞིགས་ཏེ་བཤད་ན་ལེགས་པར་སེམས། དེ་མིན་གཞན་གྱིས་གང་བཤད་ལ་གཡམ་རྒྱུགས་བྱེད་བསྡད་ན་རང་གཞན་གཉིས་གར་གནོད་པ་ཞིག་ལས་ཕན་ཐོགས་ཤིག་ཡོད་པར་མི་མངོན། སློབ་གྲྭའི་ནང་དུ་སོང་ན་སློབ་ཕྲུག་ཚོས་གོ་བཟང་ངན་དང་། རྣམ་པ་བཟང་ངན། གཟུགས་པོ་ཡག་གཙོག་བསྡུར་བ་ལས། ཤེས་ཡོན་དང་། རྣམ་དཔྱོད་འགྲན་བསྡུར་བྱེད་མཁན་ཉུང་ཉུང་རེད། གྲྭ་ཚང་དང་དགོན་སྡེ་ཁག་ཏུ་འགྲོ་བ་ཡིན་ན། གྲྭ་བཙུན་དང་། མཁན་སྤྲུལ་ཚོས་ཕྱི་རྒྱལ་ཞིག་ཏུ་སོང་སྟེ་དངུལ་བསགས། དེ་ནས་སྐྱིད་པོ་གཏོང་བསམ་པ་ལས། ཆོས་རྣམ་དག་ཅིག་བསྒྲུབས་ཏེ། བསྟན་པ་དང་། འགྲོ་བའི་དོན་རྣལ་མ་ཞིག་བྱ་དགོས་བསམ་མཁན་ཉུང་ཉུང་རེད། གཞིས་གྲོང་དང་། རོང་འབྲོག་ཁག་ཏུ་སོང་ན་དེང་རབས་ལ་སེམས་ཤོར་ཞིང་། སྲོལ་རྒྱུན་ལ་མི་འདོད་བཞིན་དུ་ལོངས་སྤྱོད་བཞིན་པ་ལས། རང་གི་ཟས་གོས་གནས་མལ་གྱིས་ཆོག་ཤེས་དང་། དེའི་དགེ་མཚན། གནའ་དེང་གཉིས་ཀྱི་ལེགས་ཉེས་ཤེས་མཁན་ནི་ཉིན་མོའི་སྐར་མ་ཙམ་རེད། དེ་ཙམ་དུ་མ་ཟད་སྐྱ་སེར་སུ་ཡིན་རུང་། སློབ་གྲྭ་དང་། བཤད་གྲྭ་ཐོན་ཚར་རྗེས་དཔེ་ཀློག་རྒྱག་པ་དང་། རིག་གཞུང་གཤིབ་བསྡུར་བྱ་བའི་འདུན་པ་ཡོད་མཁན་ཉུང་ཉུང་ཡིན་པ་དང་། གལ་སྲིད་རེ་ཟུང་གིས་ཟས་ཀྱི་དུས་དང་། ལས་དཀའི་ངལ་གསོའི་མཚམས་སུ་དཔེ་ལྟས་བྱ་འདོད་ཡོད་ཀྱང་། དེ་ནི་མི་གཞན་གྱིས་མཆས་བལྡག་ས་དང་། མིག་སྔར་མི་མཛའ་བ་ཉིད་དུ་འགྱུར་གྱིས་དོགས་ཏེ། བཙུན་ཚུགས་རྫུན་མ་ཞིག་མ་འཆང་རང་འཆང་རེད། དེ་ཕྱིར་བོད་མི་རིགས་ཀྱི་ནང་དུ་ཡིག་རིགས་གཞན་པ་ཕར་ཞོགས། བོད་རང་གི་རིག་གཞུང་གི་རྩ་བ་གནས་ཆ་ཆུང་བཅུ་ལ་དོ་སྣང་མེད་པའི་གནས་སུ་གྱར་བཞིན་པ་འདི་ཐན་ལྟས་ཤིག་ལས་གཞན་གང་ཡིན།
བོད་པ་ཚོ་ལ་ལྷག་བསམ་དང་། སེམས་ཤུགས་ཡོད་ན་མི་གཞན་གྱི་མཚང་བརྔོགས་པ་དང་། ཚིག་ངན་ཟེར་བ། རང་གཞན་ལ་འཚེ་བའི་སྤྱོད་པ་དག་སྤེལ་བ་ལས། གྲོང་ཚོ་དང་། སྡེ་བ་རེ་རེ་ནས། དུད་ཚང་དང་། མི་རེ་ངོ་རེ་ནས་ཉིན་རེར་ཡིག་ངོས་ཟིན་མཁན་ཚོས་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་གསུམ་གང་རུང་ཆུ་ཚོད་གཅིག་ལ་ངེས་པར་དུ་ལྟ་དགོས་པ་དང་། དེ་ལས་ཀྱང་བོད་ཡིག་ལ་དོ་སྣང་དང་། མཐོང་ཆེན་བྱ་དགོས་པ་ནི་རང་ཉིད་བོད་པ་ཞིག་ཡིན་པའི་མཚོན་རྟགས་རེད། དཔེར་ན་མི་རིགས་གཞན་པའི་སྐད་ཡིག་ཧིན་དུ་དང་། དབྱིན་ཡིག རྒྱ་ཡིག་སོགས་འཇིག་གིས་དོགས་པའི་སྔངས་སྐྲག་དེ་མི་དགོས་པར་མ་ཟད། ཉིན་རེའི་འཚོ་བའི་ཁ་ཕྱོགས་དང་འབྲེལ་བ་དང་། ཆོས་དང་། ཆབ་སྲིད། དཔལ་འབྱོར། དམག་དོན། སྤྱི་དོན། སྒེར་དོན་ཡོད་ཚད་ཀྱི་ཕྱོགས་སུ་བེད་ཆོད་གཏོང་བཞིན་པ་དང་། ཡི་གེ་དེ་དག་ལ་མ་བརྟེན་ན་འཚོ་བའི་གནས་སྟངས་ལ་ཆེས་དམིགས་བསམལ་ཞིག་དང་། ཁྱད་པར་འཕགས་པ་ཞིག་མི་ཡོང་བ་དང་། རང་ཉིད་མིའི་གྲལ་དུ་ཚུད་ཐབས་བྲལ་བའི་སྣང་ཚུལ་གྱིས་འཕུལ་བའི་རྒྱུ་མཚན་ལ་བརྟེན་ནས་ཚང་མའི་སེམས་སུ་མཛའ་བ་དང་། དེ་ལ་རང་བཞིན་ངང་གིས་དགའ་བ་ཞིག་བསླེབས་པ་རེད། བོད་ཡིག་རང་གི་ངོ་བོ་ཆ་ནས་མཚོན་ན་ཐུན་མོང་དང་། ཐུན་མིན་གྱི་རིག་པའི་རྣམ་གྲངས་ཇི་ལྟར་བརྗོད་ཀྱང་མི་རྡུགས་པ་དང་། མི་འཛད་པ། ད་དུང་ཕུལ་དུ་བྱུང་བའི་ཁྱད་ཆོས་དུ་མ་མཆིས་ཀྱང་། འཁོར་ཡུག་དང་། དུས་ཀྱིས་བར་དུ་ཆོད་དེ་ཁྱད་ཆོས་དང་མཚུངས་པའི་བེད་ཆོད་ཅིག་ཡོང་གི་མེད་པར་མ་ཟད། གྲུབ་འབྲས་ཀྱང་ཆེན་པོ་ཞིག་ཐོན་མི་ཐུབ་པའི་སར་ལྷུང་བ་རེད། འདི་དག་ནི་གཅིག་ནས་ཕྱིའི་རྐྱེན་གང་རུང་ཞིག་ལ་བརྟེན་ནས་འབྱུང་བཞིན་པ་རེད་དེ། གཙོ་ཆེ་ཤོས་དེ་ནང་གི་ཆ་རྐྱེན་ཞིག་ཚང་གི་མེད་སྣང་ཞིག་རྟག་པར་སླེབ་ཀྱིན་འདུག བོད་རང་གི་རིག་གཞུང་བདག་པོ་རྒྱག་དྲན་ན་ཁོར་ཡུག་དང་། རྩ་ཁྲིམས། རང་གི་འཚོ་བར་ཕན་ཐོགས་ཡོད་མེད་གཙོར་བཟུང་མ་ཡིན་པར། རང་གི་མི་རིགས་ཀྱི་མཚོན་དོན་གང་ཡིན་རྟོགས་པའི་སྒོ་ནས་ཉིན་རེའི་འཚོ་བའི་བར་གསེང་ནས། བོད་ཡིག་ལ་དུས་ཚོད་དམིགས་བསལ་ཞིག་ཕུལ་ཏེ། འབྲུ་དེད་དང་། སྦྱོར་ཀློག ཐོས་པ། བསམ་པ། དེའི་ཡང་ཡང་གོམ་འདྲིས་སུ་འཇག་པར་བྱ་དགོས་པར་སེམས། འདི་ནི་བོད་མི་རེ་ངོ་རེ་ནས་ཤུགས་སྣོན་རྒྱག་དགོས་པར་མ་ཟད། ས་ཁུལ་དེའི་འགོ་གཙོ་དང་། དགོན་སྡེའི་བླ་སྤྲུལ། ཕ་མ་རྒན་རབས་པ་ཚོས་གཙོར་འགན་བཞེས་ཏེ་སྒྲོག་སྦྱོང་བྱ་དགོས་པར་འདོད། མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་སྐད་ཡིག་སྐྱེ་འཆིའི་ལོ་རྒྱུས་ལུག་རྫི་རྒན་པོའི་ཀི་སྒྲ་དང་། གཞན་ཡང་མཁས་པ་ཚོས་རྣམ་དཔྱོད་ལས་བྱུང་བའི་ལེགས་རྩོམ་དག་ལས། ལེགས་བཤད་ལེན་དགོས་པ་དུ་མ་ཞིག་ཡོད་པ་དང་། དེ་དག་ལ་རིན་ཐང་ཡང་ངེས་པར་དུ་ལྟ་དགོས། དེ་ལས་གཞན་མི་རིགས་དང་། ཆོས་ལུགས་ལ་ཕན་ཐོགས་མེད་ཅིང་། རང་གི་འཚོ་བ་ལ་ཕན་ཐོགས་མེད་པའི་འཆལ་གཏམ་དག་ནི་དུས་ནམ་ཡང་དོ་སྣང་བྱ་མི་རུང་བ་ཞིག་དང་། མི་འོས་པ་ཞིག་རེད། དཔེར་ན་ཞོགས་དུང་གི་བག་ཆག་དོང་སྤྲུག་དང་། ཚ་བའི་ཕྱིར་རྟོག་སོགས་ནི་གང་ཟག་རང་གི་མི་ཚེའི་མདུན་ལམ་ལ་མི་ཕན་པ་དང་། མི་རིགས་དང་། ཆོས་ལུགས་ཕན་ཐོགས་མེད་པའི་སྐད་ཆ་རེད། དེ་ཚོའི་སྐོར་ཏེ་སྔར་རིག་གནས་གསར་བརྗེའི་སྐབས་སུ་མང་པོ་བཤད་པ་རེད་དེ། ཁུངས་འཁྱོལ་ནས་གྲུབ་འབྲས་ཐོན་མཁན་སུ་གཅིག་ཀྱང་མ་བྱུང་བ་རེད། ནུབ་ཕྱོགས་པའི་མེཀས་དང་། ཨེནཀས་སོགས་ཀྱིས་བཟོ་ཞིང་དམག་གསུམ་གྱིས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་བསྒྱུར་བཅོས་ཤིག་བྱས་ཡོད་ཀྱང་། བསྒྱུར་བཅོས་དེ་ནི་ཁ་ནས་སྤྱི་གཏམ་བཤད་ཅིང་། དོན་ལ་རང་འདོད་སྒྲུབ་བྱེད་ཀྱི་བྱ་བ་དང་པོ་དེ་རེད། ཁོ་ཚོས་ཁེ་དང་གྲགས་པ་དོན་གཉེར་གྱིས་མི་བསད་ཁྲག་གི་འཁོར་ལོ་བསྐོར་བ་ལ་བརྟེན་ནས་འཛམ་གླིང་གི་ཁ་དོགས་དམར་པོར་བསྒྱུར་བཞག་པ་རེད། ཁོ་ཚོས་བཙུགས་པའི་བཟོ་ཞིང་དམག་གསུམ་གྱི་ཚོགས་སྡེ་དང་། རྒྱལ་ཁབ་ཁག་ད་ལྟ་ཡང་མདུན་བསྐྱོད་བྱེད་བཞིན་པ་རེད་དེ། དེ་ལ་ལེགས་སོ་འབུལ་མཁན་ཉིན་རེ་ནས་ཉིན་རེར་ཉུང་དུ་འགྲོ་བཞིན་པ་རེད། མི་རིང་བར་འཚེ་མེད་ཞི་བའི་ལྟ་གྲུབ་གྱེར་ཞིང་། ཁ་ཁོག་མཚུངས་པའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ལུགས་དང་། མི་རིགས་གང་གི་ཁྲོད་དུ་ཡོད་ན་དེ་དག་ལ་བདེན་ཁ་སྟེར་ངེས་པ་དང་། ཞི་བའི་དེད་དཔོན་ཆེན་པོ་དེ་དག་ནི་འཇིག་རྟེན་སྐྱོབ་པའི་མགོན་པོ་ཉིད་དུ་འཛིན་ངེས་པར་མ་ཟད། དེ་དག་གི་རྗེས་སུ་སློབ་མཁན་ཡང་མང་དུ་འགྲོ་ངེས་རེད། དེ་ཕྱིར་ནང་པར་འཁེ་ཆེ་བ་དང་། བོད་བརྒྱུད་ནང་བསྟན་པ་ཚོས་ཀྱང་མཉམ་མེད་དོན་ཀུན་གྲུབ་པའི་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མྱོང་ཞིིང་། བཅུད་འཐུང་བའི་དུས་ཚོད་ལ་བསླེབས་ཡོད་པ་དང་། དེའི་རྗོད་བྱེད་ཕུལ་བྱུང་བོད་ཡིག་ལ་དོ་སྣང་ཆེན་པོ་ཞིག་ཅི་ནས་ཀྱང་བྱ་དགོས་པར་འདོད།
རིག་གཞུང་གིས་མི་རིགས་ལ་སྲི་ཞུ་བསྒྲུབ་མི་ཐུབ་ན་དེ་ཉིད་སྲུང་སྐྱོབས་བྱས་པས་རྔོ་ཅི་ཐོགས། མི་རིགས་ཀྱིས་རིག་གཞུང་ལ་སྲི་ཞུ་བསྒྲུབ་དགོས་ན་རིག་གཞུང་དེ་མིའི་རིགས་ཀྱི་གཡོག་པོ་ནས་རྒྱལ་པོར་གྱུར་བ་རེད། དེ་དུས་མིས་བཟོས་པའི་རིག་གཞུང་འདི་དག་མིའི་རིགས་ཀྱི་འཁུར་བོར་གྱུར་པ་རེད། ཧ་ཧ་ཧ། རྩེད་མོ་ཡིན།
ཨོ་རྒྱན་ཉི་མ་ནི་རིག་གཞུང་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་སྨོས་མ་དགོས་པ་རེད་ཡིན་ན་ཡང་ད་ལྟའི་བོད་མི་རིགས་འདི་ནི་ཉིན་རེར་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་སྙམ་དེའི་རྒྱུ་མཚན་ནི་བོད་ལ་བསམ་བློ་གཏང་མཁན་ཇེ་མང་དང་བོད་རང་གི་སྐད་ཡིག་ལ་དགའ་ཞེན་བྱེད་མཁན་ཇེ་མང་། ད་དུང་སྔོན་ཐོན་གྱི་བསམ་བློ་དང་དེང་རབས་ཀྱི་བསམ་བློ་སོགས་བོད་པའི་ན་གཞོན་ཁྲོད་དུ་སྔར་དང་མི་འདྲ་བའི་དར་ཁྱབ་ཇེ་ཆེ་རུ་འགྲོ་བཞིན་ཡོད།
བོད་ཡིག་རང་གི་ངོ་བོ་ཆ་ནས་མཚོན་ན་ཐུན་མོང་དང་། ཐུན་མིན་གྱི་རིག་པའི་རྣམ་གྲངས་ཇི་ལྟར་བརྗོད་ཀྱང་མི་རྡུགས་པ་དང་། མི་འཛད་པ། ད་དུང་ཕུལ་དུ་བྱུང་བའི་ཁྱད་ཆོས་དུ་མ་མཆིས་ཀྱང་། འཁོར་ཡུག་དང་། དུས་ཀྱིས་བར་དུ་ཆོད་དེ་ཁྱད་ཆོས་དང་མཚུངས་པའི་བེད་ཆོད་ཅིག་ཡོང་གི་མེད་པར་མ་ཟད།
གྲུབ་འབྲས་ཀྱང་ཆེན་པོ་ཞིག་ཐོན་མི་ཐུབ་པའི་སར་ལྷུང་བ་རེད། འདི་དག་ནི་གཅིག་ནས་ཕྱིའི་རྐྱེན་གང་རུང་ཞིག་ལ་བརྟེན་ནས་འབྱུང་བཞིན་པ་རེད་དེ། གཙོ་ཆེ་ཤོས་དེ་ནང་གི་ཆ་རྐྱེན་ཞིག་ཚང་གི་མེད་སྣང་ཞིག་རྟག་པར་སླེབ་ཀྱིན་འདུག ་་་ཟེར།
དབྱར་དུས་སུ་རྩི་ཤིང་ལ་ལོ་མ་མེ་ཏོག་རྒྱས་ཤིང་དགུན་དུས་སུ་ཡལ་འགྲོ་བ་དེ་ཡང་དངོས་པོའི་ཆོད་ཉིད་རེད་ལ་དུས་བཞིའི་འགྱུར་ལྡོག་དབང་གིས་ཀྱང་རེད། ལྗོན་ཤིང་གི་འབྲས་བུ་གཡུར་དུ་ཟ་བ་དང་ཕུན་སུམ་ཚོགས་པ་དེ་ཡང་ས་དང་ཆུ་ལུད་སོགས་ཕྱིའི་རྒྱུ་རྐྱེན་གྲངས་ཚང་བ་ལས་བྱུང་བ་ཞིག་རེད། མཚམས་རེར་འབྲས་བུ་སྐམ་པ་དང་། སྐབས་རེར་གཡུར་དུ་ཟ་བ་ནི་གནམ་གཤིན་དྲོ་གྲང་དང་རྒྱུ་རྐྱེན་མང་པོ་ཞིག་ལ་ཐུག་ཡོད་པ་རེད། བོད་པའི་གོམས་གཤིས་དང་རིག་གཞུང་ཡང་དེ་དང་འདྲ་བར་མིའི་བསམ་བློའི་འགྱུར་ལྡོག་ལ་བརྟེན་ནས་དོ་སྣང་མེད་པར་གྱུར་ཏེ་ཕན་ཐོགས་མེད་པ་ཞིག་ཏུ་བསམ་གི་ཡོད་པ་རེད། བོད་པའི་ཁྱད་ཆོས་གཙོ་བོ་སྐད་ཡིག་དང་རིག་གཞུང་གི་སྒང་ལ་ཡོད་པ་རེད། དཔེར་ན་སིལ་ཏོག་ཁམ་བུ་ལ་བརྟེན་ནས་ཁམ་བུའི་སྡོང་པོ་དཔོག་པ་བཞིན་གལ་ཏེ་སིལ་ཏོག་ཁམ་བུ་དེ་མེད་སོང་ན་ཁམ་སྡོང་དེ་ཡང་རིམ་གྱིས་འབྲས་མེད་ཅིག་ཏུ་འགྱུར་བའམ་སྐམ་པའམ་འཆི་ལ་ཉེ་བར་ཕྱོགས་པ་བཞིན་དུ་འགྱུར་ཉེན་ཆེ། དཔེར་ན་མན་ཇུའི་མི་རིགས་ལྟ་བུ་ཁྱད་རྟགས་བརླགས་པས་མི་རིགས་བརླགས་སོང་བ་རེད། སྐད་ཡིག་དང་རིག་གཞུང་བཀོལ་སྤྱོད་ཀྱི་ཁྱབ་ཁུངས་ཉུང་དུ་ཕྱིན་པའི་དབང་གིས་མི་རིགས་དེ་ཡང་འཇིག་ལ་ཉེ་བར་ཕྱོགས་པ་རེད། བོད་པའི་ཁྱད་རྟགས་མུ་མཐུད་དུ་གནས་ཐུབ་མིན་ནི་ཁག་པོ་རེད། དེའི་རྒྱུ་རྐྱེན་ནི་སྐད་ཡིག་ནི་དགོན་པའི་རིག་གནས་ཤིག་ངོས་འཛིན་གི་ཡོད་པ་རེད། སློབ་ཁྲིད་མཁན་ཡང་དགོན་པ་མ་གཏོགས་རེ་བ་རྒྱག་ས་མེད་པ་ལྟ་བུར་གྱུར་འདུག །
ཤེས་རིག་ལས་ཁུངས་ནས་བོད་སྐད་བྲིས་མ་སྤྱི་སྐད་ཅིག་གཏན་འབེབས་བྱས་ནས། དེ་མུ་མཐུད་ནས་ཡར་རྒྱས་ཇེ་བཟང་དང་ཇེ་རྒྱས་བཏས་ས་ཅིག་མ་བྱུང་ན། ཡུལ་སྐད་ལ་ཆགས་ནས་ཡིག་སྐད་ཀྱང་ཉམས་ཉེན་ཆེན་པོ་ཡོད་རེད་དོ། །
ཨུ་རྒྱན་ཉི་མ་ལགས་ནས་ཡག་པོ་གསུང་གནང་འདུག་ དེ་ག་རང་རེད་ དཔེར་ན་ད་ལྟ་བཙན་བྱོལ་དུ་ཡོད་པའི་སློབ་གྲྭ་ཁག་གི་སློབ་མ་དང་དགེ་རྒན་གཉིས་ཀའི་ཕྱོགས་ནས་བོད་ཡིག་མཐུས་ཤོར་འགྲོ་བཞིན་པ་རེད་ གང་ཡིན་ཟེར་ན་ མིག་རྒྱང་ཐུང་གྲགས་པའི་སྐྱོན་ཡིན་ནའང་འདྲ་ རྒྱལ་ཁབ་དང་རིག་གཞུང་ལ་ཤ་ཞེན་མེད་པ་ཡིན་ནའང་འདྲ་ བོད་ཡིག་སྦྱང་ན་ཕན་ཐོག་མེད་པར་འདོད་ཅིང་གཙོ་བོ་དབྱིན་ཡིག་ཁོ་ན་ལ་འབད་བརྩོན་བྱེད་བཞིན་པ་དངོས་ཡོད་གནས་ཚུལ་རེད་ ང་ཡིས་ངོ་ཤེས་པའི་སློབ་ཕྲུག་མང་པོས་བོད་ཡིག་སྦྱང་ན་ཕན་ཐོག་མེད་ཚུལ་བརྗོད་པ་ཐོས་མྱོང་ གང་ཡིན་ཟེར་ན་བོད་ཡིག་ཤེས་ཀྱང་ལས་ཀ་མི་ཐོབ་པ་དང་ མ་འོང་རང་ཉིད་ཀྱི་མདུན་ལམ་དང་འཚོ་རྟེན་ལ་ཕན་ཐོག་མེད་པ་དང་ ཡར་མར་འགྲོ་འདུག་གི་དུས་སུ་དཀའ་ངལ་སེལ་མི་ཐུབ་པ་སོགས་རྒྱུ་མཚན་དུ་མ་ཞིག་བགྲང་གི་ཡོད་ དེང་སང་གི་སློབ་གྲྭ་ཁག་གི་སློབ་མ་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཐོན་མཁན་དེ་ཚོ་ལ་ལྟོས་དང་ དབྱིན་ཡིག་ཇི་ལྟར་མཁས་ཀྱང་བོད་ཡིག་གི་ཤེས་ཚད་དེ་ཙམ་སླེབས་ཐུབ་ཀྱི་མེད་པ་ནི་བརྗོད་མི་དགོས་ སྤྱིར་གཏང་ནས་བཤད་ན་དབྱིན་ཡིག་སོགས་སྐད་ཡིག་བཞན་དག་སྦྱང་དགོས་པ་ནི་སྨོས་ཅི་དགོས་ ཡིན་ནའང་ཐོག་མ་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་དང་པོ་བོད་ཡིག་ཡག་པོ་ཞིག་ཤེས་དགོས་རྒྱུ་དེ་མི་རིགས་ཀྱི་རང་འགན་ཞིག་ཡིན་ བོད་ཡིག་དེ་བོད་མི་རིགས་ཀྱིས་མ་སྦྱང་ན་སུས་སྦྱང་ རྒྱལ་ཁབ་གང་དང་གང་གི་མི་ཡིན་ན་ཐོག་མ་རང་མི་རིགས་ཀྱི་སྐད་ཡིག་དེ་ཤེས་དགོས་པ་དེ་སུས་ཀྱང་སྙོན་དུ་མེད་ སློབ་གྲྭ་ཁག་གི་སློབ་སྐྱི་དང་དགེ་རྒན་དག་གིས་གནས་སྐབས་ཀྱི་ངལ་སེལ་ཙམ་ལ་མི་ལྟ་བར་ བོད་མི་རིགས་ཀྱི་བླ་སྲོག་འཛམ་གླིང་ན་དཀོན་པའི་གངས་ཅན་པའི་ཆོས་དང་རིགས་གཞུང་ལ་མིག་རྒྱང་རིང་ཙམ་དང་
ཕུག་བསམ་བརྟན་པའི་སྒོ་ནས་ གངས་ཅན་པའི་གཞོན་ནུ་དག་ལ་སློབ་སྟོན་ཡག་པོ་གནང་ཏེ་བོད་ཀྱི་སྐད་ཡིག་ལ་སྣོན་ཤུགས་སྤྲད་དགོས་པར་སེམས་སོ།
མི་རིགས་གཞན་དང་བསྡུར་ན་བོད་མི་རིགས་འདི་ཆེས་སྒྱིད་ལུགས་པའི་མི་རིགས་ཞིག་དང་། རང་གི་བསམ་བློ་གྲུང་པོ་བཟོ་བ་དང་། གཞན་གྱི་བསམ་བློ་དང་གཤིབ་བསྡུར་བྱ་མི་འདོད་པ་མ་ཟད། ཐ་ན་རང་གི་རིག་གཞུང་ཡང་སྐྱ་ཆད་སྔོ་རྡུག་ཏུ་འགྱུར་བཞིན་པའི་དུས་སུ་ཡང་སེམས་ལ་ཇི་མི་སྙམ་དུ་འདུག་པའི་ངང་ཚུལ་སྐྱོ་བོ་དེ་ཅི་ཞིག་གིས་ལན་པ་རེད། གང་ཞིག་ནས་བྱུང་བ་རེད། འབྱུང་རྩ་ལ་ངེས་པར་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་རེད་མ་གཏོག། སྒྱིད་ལུག་རེད། གྲུང་པོ་མེད་པ། གཞན་དང་བསམ་བློ་གཤིབ་བསྡུར་བྱ་འདོད་མེད་པ་སོགས་བཤད་ནས་ཅང་ཕན་ནི་མ་རེད།
དེས་ན་བོད་མི་རིགས་འདི་བྱིས་པའི་སེམས་ཁམས་དང་མཐུན་པའི་སློབ་གསོ་ཐོབ་མྱོང་མེད་པ་མ་ཟད། བྱིས་པའི་སེམས་ཁམས་དང་མཐུན་པའི་སློབ་སྦྱོང་བྱ་ཡུལ་གྱི་སློབ་དེབ་དང་དགེ་རྒན་མེད་པ་རེད། རྒྱུ་མཚན་ཕ་མས་བྱིས་པའི་སེམས་ཁམས་དང་བསྟུན་ནས་ཕན་ཚུན་མིས་མི་ལ་སྐད་ཆ་ཤོད་པ་ལྟ་བུའི་འདུ་ཤེས་མི་འཛིན་པ་མ་ཟད། འགྲོ་འདུག་སྤྱོད་གསུམ་མཚོན་པའི་བྱ་བ་གང་ཡིན་ཡང་གནད་ལུགས་དང་རྒྱུ་མཚན་དྲངས་ནས་སྐད་ཆ་མི་ཤོད་པར་ལམ་སེང་ནག་ཉེས་ཡོད་ཚད་བྱིས་པའི་སྟེང་དུ་གཡོགས་ནས་ལག་པ་འགུལ་རྐྱང་བྱེད་པའི་ལམ་ལུགས་དང་། བྱིས་པས་གནས་འགག་ཅན་གྱི་དྲི་བ་དྲིས་ན་བྱིས་པའི་སྨྲ་སྒོ་ཕྲོགས་ནས་(ཕྲུ་གུ་མི་རྒན་པ་དང་ལྷན་དུ་སྐད་ཆ་བཤོད་མི་ཆོག། བྱིས་པ་བྱིས་པའི་གནས་ལ་སྡོད།)ཞེས་སློབ་གསོ་སྤྲོད་ཀྱི་ཡོད་པ་རེད། དེས་མི་གཞན་དང་ལྷན་དུ་སྐད་ཆ་བཤད་རྒྱུའི་སྤོབས་པ་སླེབས་ཀྱི་མེད་པ་རེད་ལ་ཕན་ཚུན་གཤིབ་བསྡུར་དང་འགྲན་རྩོད་བྱེད་རྒྱུའི་ནུས་པ་མེད་པ་ཆགས་པ་རེད། དེ་གཅིག་ཡིན།
དེ་ནས་གཉིས་པ་དེ་དགེ་རྒན་ལ་ཆ་བཞག་ན་བྱིས་པར་ཡི་གེ་ཀ་ཁ་ཞེས་ཚིག་འབྲུ་གཉིས་མ་སླབས་གོང་སྒྲིག་ཁྲིམས་སློབ་སྟོན་འོག་བྱིས་པ་དེ་ཉེས་བརྡུང་རགས་ཚར་བ་རེད། རྒྱུ་རྐྱེན་དེས་བྱིས་པ་དེ་ཡི་གེ་སློབ་རྒྱུའི་འདུན་པ་དང་སེམས་ཤུགས་དང་སྙིང་སྟོབས་མི་སླེབས་པར་ཉོབ་སྣང་དང་འཇིག་སྣང་དང་སེམས་ཞུམས་པ་སྐྱོ་སྣང་འོག་དེའི་དོན་དུ་ང་ལ་ཉེས་བརྡུང་རགས་སོང་བསམ་པའི་སློབ་སྦྱོང་དང་རྒྱང་ཐག་རིང་དུ་འགྲོ་ཡི་ཡོད་པ་རེད། དེས་མི་རིགས་འདི་སྒྱིད་ལུགས་ཀྱི་མི་རིགས་ཞིག་སྐྱེས་སྲིངས་བྱས་པ་རེད།
དེ་ནས་གསུམ་པ་དེ་བསླབ་བྱའི་སློབ་དེབ་ནང་ཚང་མ་བྱིས་པའི་སེམས་ཁམས་མི་མཐུན་པའི་དགེ་སྡིག་བླང་དོར་སོགས་མདོར་ན་ལྷ་ཆོས་རིང་ལུགས་ཀྱི་སློབ་གསོ་འོག་ཚེ་རྗེས་མའི་འདོད་དོན་ཁོ་ནས་ཚེ་འདི་ལ་མི་ལྟ་བར་ཐམས་ཅད་བློས་གཏོང་དང་རང་ཉིད་ཀྱང་གཞན་ཐམས་ཅད་ལ་དམའ་བའི་ངོས་འཛིན་དང་སློབ་གསོས་སྐྱེས་སྲིངས་བྱེད་ཀྱི་ཡོད་པ་རེད། མ་ཟད་སློབ་དེབ་ནང་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་རིག་གནས་ཆབ་དཔལ་རིག་གསུམ་མཚོན་པའི་དངོས་ཁམས་དང་སྐྱེ་ཁམས་རྫས་བསྒྱུར་སོགས་ཀྱི་རིག་གནས་སོགས་སྔར་སྣ་གཅིག་མེད་པ་ད་ལྟ་གཞི་ནས་ཕྱི་ཕྱོགས་ནས་ནང་འདྲེན་བྱེད་བཞིན་པ་དེ་རེད། དེས་ན་མི་རིགས་ཞིག་གིས་ཆབ་དཔལ་རིག་གསུམ་མཚོན་པའི་རྒྱལ་ཁབ་སྐྱོང་བའི་བྱ་གཞག་ལ་སྣ་གཅིག་ཕན་ཐོགས་མེད་ཙང་ཅི་ཡང་མི་སྙམ་པར་སྣང་མེད་དུ་འདུག་པའི་གནས་སུ་བསྐྱལ་བ་རེད།
བཙན་བྱོལ་བོད་གཞུང་བོད་ཡིག་ལ་དོ་སྣང་མེད་དུས་བཙན་བྱོལ་མི་མང་ལ་བལྟ་ཅི་དགོས།
མི་རྣམས་ཡིད་དབང་འགུགས་པའི་སྐྱེད་མོས་ཚལ་ལྟ་བུའི་ཆེས་མཛེས་སྡུག་གི་འཇིག་རྟེན་ནི་འདོད་ཆུང་ཆོག་ཤེས་དང་བག་ཡོད་ཚུལ་མཐུན་གྱི་སྤྱི་ཚོགས་ཤིག་སྟེ་འདི་མེད་སོང་ན་ཆབ་དཔལ་རིག་གསུམ་གྱི་སྟོབས་འབྱོར་རྒྱས་ཡང་ཟླ་བ་མར་ངོ་ལྟར་རིང་མིན་འགྲིབ་ཉེན་ཆེ། རྒྱུ་མཚན་ནི་མི་རྣམས་ཀྱིས་འདོད་པ་ནི་སེམས་ཀྱི་བདེ་བ་ཡིན་ལ། བདེ་བ་དེ་ཡང་ཚེ་འདིའི་ནོར་ལོངས་སྤྱོད་ཙམ་གྱིས་བསྒྲུབ་མི་ཐུབ་པ་ནི་མངོན་གསལ་རེད། ད་ལྟའི་དུས་འདིར་བོད་པ་རྣམས་འགྲོ་འདུག་གི་རང་དབང་ཡང་མེད་ལ་ཆབ་དཔལ་རིག་གསུམ་གྱི་སྟོབས་འབྱོར་ཡང་མེད་མོད་ཀྱང་འཛམ་གླིང་གི་མི་དམངས་ཀྱིས་བརྩི་བཀུར་བྱ་འོས་པའི་རིག་གཞུང་སྣུམ་པོ་ཞིག་ཡོད་པ་ནི་དྲང་བདེན་དང་ལས་རྒྱུ་འབྲས། སེམས་ཀྱི་བསླབ་བྱ་དེ་རེད། འདི་མེད་སོང་ན་སྤྱི་ཚོགས་ཤིག་ལ་སྙིང་པོ་འདུག་གམ།
རིག་གཞུང་ནི་མི་རིགས་དེའི་མི་རེ་རེའི་ལུས་སེམས་གཉིས་དང་དུས་རྟག་ཏུ་འགྲོགས་ནས་ཡོད་པ་ཡིན་ཙང་དངོས་ཡོད་དང་ཆོས་ཉིད་ཀྱི་ཐོག་ནས་མི་གཞན་གྱིས་བཙན་གནོན་ཧ་ལས་པ་ཕོག་མི་ཐུབ། དོན་དེ་ཤེས་ན་སོ་སོ་ཉིད་ལ་རག་ལས་ཡོད་པ་ལས་གཞུང་དང་ཚོགས་པ་གཞན་གྱིས་ཕན་གནོད་ལ་འབྲེལ་བ་དེ་ཙམ་མེད།
རང་ངོ་ཤེས་པའི་མི་དེ་འདྲ་བ་ནི་ས་གནས་གང་དང་མི་རིགས་མི་རིགས་སུ་དང་འགྲོགས་ཡང་རང་ཉིད་ཀྱི་རྐང་དམར་ནང་གི་མཚོན་མདོག་མ་ཤི་བར་དུ་ཡལ་མི་ཐུབ་པ་ཡིན།
ཡིན་ན་ཡང་རང་རེ་ཡང་འཛམ་གླིང་གི་གཞུང་ལམ་ཐོག་སོང་ནས་འཛམ་གླིང་གི་དཀྱིལ་འཁོར་དུ་གནས་ཐུབ་ན་ཡག་གི་རེད། ག་དུས་ཡིན་ཡང་ལོགས་སུ་དང་ཟུར་དུ་འཐེན་པ་ནི་ཞེན་ཁོག་སྐམ་པོ་རང་ཡིན།
གང་ཟག་དགེར་མཚན་དང། བསྟན་པ་སྤྱི་མཚན་གཉིས་ལས། དང་བོ་ལྟར་ན་གཞན་གྱིས་བཙན་གནོན་ཧ་ལས་པ་ཕོག་མི་ནུས་ལ། གཉིས་པ་ལྟར་ན། རྒྱལ་ཁབ་དང་མི་རིགས་ལ་ཤིན་དུ་ནས་རག་ལས་ཏེ། དཔེར་ན། ནང་བའི་ཆོས་དང་རིགས་གཞུང་མི་གནས་པའི་རྒྱལ་ཁབ་ཁེགས་དུ་ནང་བའི་རིགས་གཞུང་ཡོད་པར་སུ་ཡང་མི་འདོད་མོད། གང་ཟག་དགེར་མཚན་གྱི་དབང་དུ་བྱས་པའི་རིག་གཞུང་ཡོད་པར་ཁས་ལེན་དགོས་ཏེ། སངས་རྒྱས་བྱང་སེམས་གྱིས་སྤྲུལ་བ་དུ་མ་ཡོད་པར་ང་ཚོས་གཞུང་ལུགས་ཀུན་དང་རིགས་སྨྲ་སྤྱི་ལ་གྲགས་པ་དང། དེ་དག་ཀྱང་ལམ་ལྔ་དང། ས་བཅུ་ཅི་རིགས་ལ་གནས་ཤིང་རིགས་པའི་གཞུང་ལུགས་ཐམས་ཅད་ལ་མཁས་པ་ཞིག་ཡིན་པའི་ཕྱིར། དེ་ཙམ་ཡོད་པའི་ཆོས་ལྡན་གྱི་རྒྱལ་ཁབ་དང་ཆོས་ལྡན་གྱི་མི་རིགས་ཞིག་གི་གོ་མི་ཆོད་པའི་ཕྱིར། དེས་ན་ང་ཚོས་རིགས་གཞུང་གནས་པ་ལ་ངེས་པར་དུ་རྒྱལ་ཁབ་དང་མི་རིགས་ལ་ལྟོའི་དགོས་བར་མ་ཟད། འཛམ་ལང་གི་གཞུང་ལམ་ནང་པའི་གཞུང་ལམ་དང། འཛམ་ལང་གི་དཀྱིལ་འཁོར་ནང་བའི་དཀྱིལ་འཁོར་ཞིག་དུ་འགྱུར་བའི་གོམ་པ་དང་བོ་ནི་ཆོས་དང་ཚན་རིགས་གྱི་ཟབ་ཁྱད་ཤེས་པ་དང། ཕན་ཚུན་གྲོགས་བྱེད་པ་དེ་ཡིན་ནོ། ང་ཚོ་ནམ་ཡང་བློ་ཞུམ་མི་ཉན་ཞིང། འཛམ་ལང་གི་རིགས་གཞུང་རང་རེས་རིགས་གཞུང་དང་དངོས་པོ་དང་བུམ་པ་ལྟར་སྤྱི་དང་ཕྱེ་བྲག་གི་ཁྱད་པར་ཙམ་ལས་མེད་པས། རང་རེས་རིགས་གཞུང་ལོག་སུ་བཀར་ནས་འདོར་མི་རུང་ངོ།
་་་་་་ ད་ལྟའི་དུས་འདིར་བོད་པ་རྣམས་འགྲོ་འདུག་གི་རང་དབང་ཡང་མེད་ལ་ཆབ་དཔལ་རིག་གསུམ་གྱི་སྟོབས་འབྱོར་ཡང་མེད་མོད་ཀྱང་འཛམ་གླིང་གི་མི་དམངས་ཀྱིས་བརྩི་བཀུར་བྱ་འོས་པའི་རིག་གཞུང་སྣུམ་པོ་ཞིག་ཡོད་པ་ནི་དྲང་བདེན་དང་ལས་རྒྱུ་འབྲས། སེམས་ཀྱི་བསླབ་བྱ་དེ་རེད། འདི་མེད་སོང་ན་སྤྱི་ཚོགས་ཤིག་ལ་སྙིང་པོ་འདུག་གམ། ཟེར།
ཀློག་དེབ་ཞེན་པ་ལོག་འགྱུར་ན། །
ཀློག་དེབ་གསར་བཅོས་ལས་ལ་འཇུག །
སློག་དེབ་གསར་རྩོམ་ཞལ་ལག་གིས། །
འབྱུང་འགྱུར་བོད་ཕྲུག་འགྲོན་ལ་འབོད། །
ཨོ་རྒྱན་ཉི་མས་ལེགས་པར་གསུངས་འདུག
དག་ཆའི་ཐད་ལ་ཅུང་དོ་སྣང་དགོས་པར་མཐོང་།