འཇིགས་མེད་འོད་ལྡན།
སྤུ་རྒྱལ་བཙན་པོའི་སྟོབས་ཤུགས་དར་བའི་དུས་སུ།།
ཆོས་རྒྱལ་མངའ་ཐང་སུམ་གཉིས་ས་ལ་ཁྱབ་དུས།།
ས་སྐྱའི་ཆོལ་གསུམ་གཅིག་གྱུར་མཛད་པའི་སྐབས་སུ།།
དགའ་ལྡན་ཕོ་བྲང་ཕྱོགས་སུ་རྒྱས་པའི་དུས་སུ།།
བོན་སྟོན་གཤེན་རབ་ཡུལ་འདིར་འཁྲུངས་བའི་སྐབས་ལ།།
ཤཀྱཱའི་བསྟན་པ་ལྗོངས་འདིར་མ་དར་སྔོན་ལ།།
བན་བོན་ནང་འཁྲིག་གཡུལ་འགྱེལ་མ་བྱས་ཙམ་ལ།།
སེ་ཆེན་རྒྱལ་བོ་གཉའ་བར་མ་ཞོན་གོང་ལ།།
གདོང་དམར་བོད་པ་ཚང་གི་གཤིས་ལུགས་གོམས་སྲོལ།།
ཆོས་སྲིད་གང་ནས་བཤད་ན་ངོམས་རན་ཡོད་པ།།
སྤྱི་ཚོགས་ཀུན་དང་མཐུན་པའི་ཡ་རབས་ཀུན་སྤྱོད།།
སྐྲ་སེར་སྤྲེའུ་རིགས་ལས་ཁྱད་དུ་འཕགས་ཡོད།།
དཔའ་བོར་སྟག་ལྤགས་གཡོག་ནས་བསྟོད་པའི་དུས་སུ།།
སྡར་མར་ཝ་ལྤགས་གཡོག་ནས་སྨད་པའི་སྐབས་ལ།།
མི་ཡི་རིན་ཐང་ཁྲེལ་དང་ངོ་ཚས་གཞལ་ཡོད།།
ཁྲེལ་གཞུང་ཕྱི་ཐག་ཅན་གྱི་ངོ་སོ་བསྟོད་ཡོད།།
ཁྱོ་བཟང་ཕྱི་ལ་སོང་བའི་ཁྱིམ་གྱི་ཆུང་མའི།།
ཟུར་བསྟེན་དགའ་རོགས་སྒྲིག་པའི་ལུགས་སྲོལ་ངན་པ།།
གངས་ཅན་སྤྲེའུ་བརྒྱུད་ལ་ཡོད་རབས་མི་འདུག།
བརྩེ་བ་དམར་པོ་འདི་ལ་རྩིས་ཐང་བཞག་ཡོད།།
རི་མགོའི་ཁ་དཀར་རྐྱང་ལ་ཁ་ལོ་དཀྲི་དུས།།
རྫ་ཁའི་འབྲོང་མོ་བཏུལ་ནས་འོ་མ་བཞོ་དུས།།
གྲོག་མ་འབུ་སྲིན་སེམས་ཅན་ཡིན་ནོ་ཅོག་ལ།།
ཚེ་སྲོག་དམར་པོ་ཞིག་གི་འདུ་ཤེས་བཟུང་ཡོད།།
བྱམས་དང་སྙིང་རྗེ་ཅན་གྱི་མི་རིགས་འདི་ལ།།
གང་ནས་འཕྲད་ན་གདོང་པ་འཛུམ་གྱིས་ཁེངས་ཡོད།།
སུ་ཞིག་སླེབས་ན་ཞལ་ངོ་འཛུམ་གྱིས་བསུ་བ།།
གདོལ་ནས་ད་ལྟའི་བར་དུ་སྙིང་ལ་སིམ་ཡོད།།
གཞན་གྱི་ལད་ཟློས་བྱེད་ལ་དགའ་བ་མེད་པ།།
རང་གི་གཤིས་ལུགས་སྲུང་ལ་འགྱུར་བ་མེད་པ།།
སྤུ་རྒྱལ་བཙན་པོའི་རྒྱུད་ལ་གཤིས་ཀ་གྱོང་བ།།
སྒང་བ་བོད་པ་ཚང་གི་སྔོན་གྱི་སྲོལ་ཡིན།།
དེང་རབས་ཚན་རྩལ་རིག་གནས་དར་ནས་རྒྱས་ཡོད།།
ཤར་ནུབ་ཀུན་ལ་འགྲོ་བསྐྱོད་བདེ་མོར་བྱས་ཡོད།།
རྒྱལ་ཁབ་གཞན་ལ་ཐང་གཅིག་སྐོར་བ་བརྒྱབ་ཡོད།།
ཆ་ལུགས་གཤིས་ལུགས་གོམས་སྲོལ་འགྱུར་བ་བཙོག་ཡོད།།
དེང་རབས་ལུགས་གྱིས་དང་བ་འདྲེན་པའི་ཕོ་མོ།།
གནའ་བོའི་ལུགས་ལ་མཆིལ་མ་འཕེན་པའི་གཞོན་ནུ།།
རང་གཤིས་གཞན་དུ་སྒྱུར་བའི་གངས་ཅན་པ་དག།།
ཕྱི་ནང་གཉིས་ན་ཇེ་མང་ཇེ་མང་རེད་འདུག།།
གུང་ཁྲན་དམར་པོ་བོད་ལ་ཐོན་པའི་ཉིན་མོར།།
བོད་པ་ཁ་འཐོར་དགུ་འཐོར་གྱུར་བའི་དུས་འདིར།།
རང་གི་གཤིས་ལུགས་གོམས་སྲོལ་སྒྱུར་བའི་མི་ལ།།
རང་ས་རང་བདག་བྱེད་སྙིང་ཅི་ལྟར་ཡོད་ན།།
གོ་བདེ་དྲན་འཕྲུལ་བྱེད་ལ་དགའ་བའི་དུས་འདིར།།
ཁྲེལ་དང་ངོ་ཚ་རྒྱང་དུ་དོར་བའི་སྐབས་འདིར།།
བྱམས་དང་སྙིང་རྗེའི་བདག་པོ་མེད་པའི་དུས་འདིར།།
གངས་ཅན་མེས་པོ་དག་གིས་མིག་ཆུ་འབྱིན་ཡོད།།
གྲོགས་ལ་ཡིད་ཆེས་མེད་པའི་དུས་རབས་འདི་ལ།།
ཁྱོ་ཤུག་བརྩེ་བ་དབེན་པའི་དེང་རབས་འདི་ལ།།
ཡོད་ཚད་སྒོར་རྗེས་འབྲང་བའི་དུས་ཚོད་འདི་ལ།།
སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ཐེད་ལ་བོར་ཡོད།།
མིང་སྲིང་གཉེན་ཡིག་ལེན་པའི་སྙིགས་མའི་དུས་ལ།།
གྲྭ་བཙུན་དགའ་རོགས་སྒྲིག་པའི་རྒུད་པའི་དུས་འདིར།།
བསྟུ་སྒོ་ཁྲོམ་ནས་བཤམས་པའི་དུས་ཚོད་འདི་ལ།།
ཆོས་རྒྱལ་བཙན་པོའི་ངོ་ཚ་གང་དུ་གནས་ཡོད།།
དེང་རབས་འཕྲུལ་ཆས་འགོག་པའི་མཁན་བླ་གདན་ཟུར།།
ནང་ཆོས་གདོན་དུ་བལྟ་བའི་སྐྲ་རིང་སློབ་མ།།
མཐུན་སྒྲིལ་དམ་ཚིག་སྒྲོགས་པའི་ཤེས་ཡོན་མི་སྣ།།
དེང་གི་སྤྱི་ཚོགས་འདི་ལ་རྙོག་དྲ་ཚ་བོ།།
གནའ་སྲོལ་གད་སྙིགས་བཞིན་དུ་ཞུ་དག་བྱེད་མཁན།།
དེང་རབས་ཐོན་རྫས་གསར་བའི་མགོ་བོ་རྨོངས་མཁན།།
བསྲེས་སླད་བོད་སྐད་ཡིན་མདོག་མཚང་དུ་ཆེ་བ།།
རྐུབ་ཤ་རྗེན་པར་སྟོན་ལ་ཨ་ཐང་ཆད་ཡོད།།