བྱམས་པ་ལྷུན་གྲུབ།
བོད་ཀྱི་ཡུལ་དུ་བོད་མིའི་རིགས་སུ་ལུས་བླངས་པའི།།
བོད་རྩམ་ཟ་མཁན་བོད་ཕྲུག་བཀྲུས་ན་མ་དག་ངས།།
བོད་འབྲེལ་སྔ་ཕྱི་ལོ་རྒྱུས་རྣམས་ལ་ཁུངས་གཏུཊ་ཀྱིས།།
བོད་ཅེས་བྱ་བའི་མིང་གི་བྱུང་བར་དཔྱད་པར་བྱ།།
དེ་ཡང་བོད་ཅེས་བྱ་བའི་ཐ་སྙད་དེ་ཆེས་སྔ་མོའི་དུས་ནས་ཡོངས་གྲཊ་སུ་རང་རེའི་རྒྱལ་ཁབ་འདིའི་མིང་དུ་འབོད་ཀྱི་ཡོད་མོད། འོན་ཀྱང་གནའ་ནས་ད་ལྟ་ལ་ཐུག་གི་བར་དུ་མིང་དེ་བོད་མི་ཀུན་གྱིས་རྒྱུན་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཀྱང་། མིང་དེ་ཐོག་མར་དུས་གང་འདྲ་གཅིག་ལ་བྱུང་མིན་དང་དེ་ལ་བཤད་པ་ཡོད་མེད་སོགས་ཀྱི་སྐོར་ལ་དཔྱད་ཞིབ་བྱེད་མཁན་ཆེས་ཉུང་ངུ་ལས་བྱུང་མེད་ལ། དེ་དག་གིས་ཀྱང་དཔྱད་གཞི་དང་དོགས་སློང་བྱེད་པའི་བྱས་རྗེས་ཆེན་པོ་གཅིག་བཞག་ཡོད་པ་ལས། འཁྲུལ་བ་མེད་པའི་ཁུངས་ལུང་རྒྱུ་མཚན་དཔྱིས་ཕྱིན་པ་བགྲང་ནས། བོད་ཅེས་པའི་མིང་དེའི་གོ་དོན་དང་བྱུང་རིམ་གྱི་རྣམ་གཞག་ཐག་ཆོད་པ་ཞིག་ནི་སུས་ཀྱང་གཏན་ལ་འབེབ་ཐུབ་མེད། དེའི་ཕྱིར་ཁོ་བོ་ལྟ་བུ་གཅིག་གིས་དེ་བས་ཀྱང་བཤད་ཁག་པོ་གྱུར་མོད། འོན་ཀྱང་ཅུང་ཟད་ཅིག་དཔྱད་པར་འབད་དེ་བཤད་ན། དེ་ལ་ཐོག་མར་སྤྱིར་བོད་ཅེས་པའི་མིང་དེ་ཐོགས་ཚུལ་གྱི་སྐོར་བཤད་ཚུལ་མི་འདྲ་བ་དུ་མ་གཅིག་ཡོད་པ་རྣམས་ལས་དཔེ་མཚོན་ཁག་ཅིག་བགྲང་ན། བོད་མི་རྣམས་གནའ་བོའི་དུས་སུ་ལུང་པ་ཕར་རི་ཚུར་རི་བྱས་ཏེ་འཚོ་སྡོད་བྱེད་ཀྱི་ཡོད་པས། ཕན་ཚུན་བར་དོན་དག་བྱུང་ཚེ་ཐག་རིང་བས་སྐད་ཤུགས་ཆེན་པོ་བརྒྱབས་ཏེ་འབོད་རེས་བྱེད་ཀྱི་ཡོད་པ་ལས་བོད་ཅེས་པའི་མིང་དེ་ཐོགས་ཞེས་པ་དང་། དེ་བཞིན་སྔོན་དུས་སུ་བོད་མི་རྣམས་འཚོ་བ་སྐྱེལ་སྟངས་མི་འདྲ་བ་སྟེ། ས་མཐོ་སར་ཕྱུགས་རིགས་གཉེར་སྐྱོང་ཁོ་ན་བྱེད་པའི་ས་ལ་འབྲོག་ཅེས་པ་དང་། ས་དམའ་སར་ནགས་ལས་གཙོ་གཉེར་གྱི་འཚོ་བ་སྐྱེལ་གྱི་
ཡོད་པས་རོང་ཞེས་བྱ་བ་དང་། དེ་གཉིས་ཀྱི་བར་ན་གྲང་དྲོད་སྙོམས་ལ་ཞིང་ལས་གཙོ་བོར་གཉེར་བའི་ས་ལ་བོད་ཅེས་མིང་ཆཊ་ཞེས་བཤད་སྲོལ་ཡོད་ལ། དེ་བཞིན་བོན་ཞེས་པ་ལས་བོད་ཅེས་པའི་མིང་དེ་བྱུང་བ་འདོད་པ་དང་། རྒྱ་གར་བ་རྣམས་ཀྱིས་རང་རེའི་ཡུལ་གྱི་མིང་ལ་བྷོ་ཊ་ཅེས་འབོད་པས་རིམ་བཞིན་བོད་ཅེས་པའི་མིང་དེར་འགྱུར་ཞེས་པ་སོཊ་བཤད་ཚུལ་ཐ་དད་པ་དུ་མ་གཅིག་ཡོད་མོད། འོན་ཀྱང་དེ་དག་ལས་བོད་མི་རྣམས་སྔོན་དུས་སུ་ཕན་ཚུན་ཐག་རིང་བས། སྐད་གཏོང་སྐབས་འབོད་རེས་བྱེད་ཀྱི་ཡོད་པས་བོད་ཅེས་མིང་དུ་ཆགས་ཞེས་པ་དེ་ནི་བོད་ཅེས་པའི་མིང་དེ་ཐོག་མར་ཐོགས་ཚུལ་དང་། མིང་དེའི་གོ་དོན་སྟོན་པའི་ཐ་སྙད་ཡིན་པར་ཁོ་བོས་མི་འདོད། ཁོ་བོས་ལྟ་ན་དེ་ནི་བོད་ཅེས་པའི་མིང་དེ་ཐོགས་ཚར་རྗེས་སུ་བོད་མི་རེ་ཟུང་གིས་བོད་ཅེས་པའི་མིང་དེ་ཚིག་གི་ངོ་གདོང་ནས། མི་ཕན་ཚུན་འབོད་རེས་བྱེད་པའི་འབོད་ཅེས་པ་དེ་དང་དོན་མཚུངས་པ་རྒྱུ་མཚན་དུ་བྱས་ཏེ། དོགས་པ་ཁོངས་བསུ་དང་རྟོག་བཏགས་བྱས་པ་གཅིག་ཏུ་སེམས། དེ་བཞིན་དུ་ཡང་བཤད་ཚུལ་གཞན་ཞིག་ལ་ཁ་ཅིག་གིས་བོན་ཞེས་པའི་ཐ་སྙད་དེ་ལས་བོད་ཅེས་ཆགས་པར་འདོད། དེའི་རྒྱུ་མཚན་དུ་བོན་དེ་ཆེས་སྔ་མོའི་དུས་ནས་བོད་དུ་དར་བ་དང་སྔོན་དུས་སུ་བཙད་པོ་དང་བཙན་པོ་སོགས། མིང་ཕན་ཚུན་གྱི་རྗེས་འཇུག་ད་དང་ན་བརྗེས་ནས་འབྲི་སྲོལ་གཅིག་ཡོད་པ་ལྟར། བོན་ཞེས་པ་དེའི་རྗེས་འཇུག་ནའི་ཚབ་ལ་ད་སྦྱར་བས་བོན་ལས་བོད་ཅེས་ཆགས་པ་སོགས། རྒྱུ་མཚན་ཕྱོགས་རེ་བ་རེ་ཟུང་བཤད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་སུ་བོན་ཞེས་པ་དེ་ལས་བོད་ཅེས་པར་འགྱུར་ཡོད་པའི་ཁུངས་ལུང་རྒྱུ་མཚན་དང་དཔང་རྟགས་ཡིད་རྟོན་རུང་བ་གཅིག་ནི་ད་བར་སུས་ཀྱང་བཤད་པ་མཐོང་ཐོས་སུ་མ་གྱུར། དེ་བཞིན་སྔོན་དུས་སུ་རྒྱ་གར་བ་རྣམས་ཀྱིས་རང་རེའི་ཡུལ་འདི་ལ་བྷོ་ཊ་ཅེས་འབོད་པས་དེ་ལས་བོད་ཅེས་པའི་མིང་དེ་བྱུང་བ་རེད་ཅེས་པ་ནི། གཅིག་ནས་དགོད་བྲོ་དགོས་ཡག་ཅིག་དང་གཉིས་ནས་ཡིད་མུག་པ་དང་སེམས་སྐྱོ་དགོས་པའི་ཆེས་བླུན་པོའི་གཏམ་ཞིག་ཏུ་ཟད།
རྒྱུ་མཚན་ནི་སྐབས་དེ་དུས་རང་རེ་ཡུལ་དེ་དེང་སང་ལྟར་ཡུལ་ལུང་ཆེན་པོ་གཅིག་གི་ངོ་བོར་གྱུར་མེད་པར། ཐ་ན་གྲོང་སྡེ་གཅིག་གི་ཆེ་ཆུང་ཙམ་ལས་མེད་པར་རྩིས་ཀྱང་དེ་ལ་བོད་མི་རང་གིས་བཏགས་པའི་མིང་གཅིག་མེད་པར། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱིས་བྷོ་ཊ་འམ་བྷོཊ་ཅེས་པའི་མིང་དེ་བཏགས་ནས་དེ་ལས་བོད་ཅེས་པའི་མིང་དེར་རིམ་གྱིས་འགྱུར་བ་རེད་ཅེས་བཤད་ན། མི་སུ་ཞིག་གི་རྣ་བར་འགྲོ་མི་སྲིད་ལ། ད་བར་དེ་འདྲ་བྱུང་མྱོང་ཡོད་པ་ཁོ་བོས་རྨི་ལམ་དུའང་གོ་མྱོང་མེད། དེ་ལ་དགེ་ཆོས་ཀྱིས། “དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས། རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲཊ། རྒྱ་གར་བ་རྣམས་རང་རེ་ལ་བྷོ་ཊ་བྱ་བར་འབོད། དེ་ནི་གནའ་དུས་ཀྱི་ཀློག་ལ་བོད་ཅེས་བརྗོད་ཚེ་བོ་དང་ད་སྒྲ་གཉིས་ཀ་གསལ་བར་འཐོན་པའི་དབང་གིས་བོད། བྷོད། བྷོ་ཊ། ཞེས་རིམ་གྱིས་འགྱུར་ནས། དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་སྐད་དུ་ཕར་ལ་ཟུར་ཆཊ་པ་ཡིན་གྱི། རྒྱ་གར་བས་ཚུར་བཏཊ་པ་ཞིག་ནི་མིན་པར་སེམས།”ཞེས་པའི་གསུང་དེ་གནད་དུ་འཁེལ་བ་ཞིག་ཏུ་སེམས། མདོར་ན་བོད་ཅེས་པའི་མིང་དེ་བོད་མི་རིགས་རང་གིས་བཏཊ་པའི་མིང་གཅིག་ཡིན་པ་དང་། གོང་གི་ཁ་ཅིག་གི་འདོད་པ་རྣམས་ལྟར་ཕྱིའི་རྒྱལ་ཁབ་ཀྱིས་ཚུར་བཏགས་པ་དང་། བོན་ཞེས་པ་ལས་བོད་ཅེས་ཆགས་པ་སོགས་ནི་ཚིག་གི་ངོ་གདོང་ཙམ་ལ་བསམ་གཞིག་ཅུང་བྱས་ཏེ། འགྲེལ་བརྗོད་ཡིན་འདྲ་ཆགས་པ་དེ་འདྲ་བརྒྱབ་བཞག་པ་ལས། ཁུངས་ལུང་རྒྱུ་མཚན་ལྡན་པ་གཅིག་ནི་ཕལ་ཆེར་མི་འདུག་པས། ཁོ་བོས་ནི་བོད་ཅེས་པའི་མིང་དེ་ཐོགས་ཚུལ་དང་དོན་དག་དེ་འདྲ་གཅིག་ཡིན་པར་ཁས་ལེན་བྱེད་ཐུབ་པ་མི་འདུག འོན་ཀྱང་དེ་དག་ལས་རོང་འབྲོག་བོད་གསུམ་ཞེས་པའི་བོད་ཅེས་པ་དེ་གནད་ཆེ་བ་གཅིག་ཏུ་སེམས། འོ་ན་ཁྱོད་ཀྱིས་བོད་ཅེས་པའི་མིང་དེ་དུས་ནམ་བྱུང་དང་དེའི་དོན་ཅི་ཡིན་དང་། མིང་དེ་སུས་བཏགས་པར་འདོད་ཅེས་ན། དེ་ཁོ་བོས་འོག་ཏུ་རིམ་པས་བཤད་རྒྱུ་ཡིན།
དེ་ཡང་བོད་ཅེས་བྱ་བའི་མིང་དེ་ཐོགས་ཚུལ་སོགས་ཀྱི་སྐོར་རྒྱུ་མཚན་དང་ཁུངས་ལུང་ལྡན་ལ། ཡིད་རྟོན་རུང་བ་གཅིག་ཤེས་འདོད་ན་དེའི་ཕྱིར་ལམ་ཐག་རིང་པོ་དང་ཁ་ཕྱོཊ་གཞན་ཞིག་ཏུ་ངལ་བ་ཆེན་པོས་འཚོལ་མི་དགོས་བར། རང་རེའི་མེས་པོ་ཚོའི་ཁ་རྒྱུན་དང་སྔོན་བྱུང་གི་ལོ་རྒྱུས་ཀྱི་ཡིག་ཆ་ལ་ཐོག་མར་ཞིབ་ལྟ་གཅིག་བྱས་ན་ད་གཟོད་ཤེས་ཐུབ། དེ་ཡང་རང་རེའི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱོན་སྔོན་གྱི་ལོ་བརྒྱ་ཕྲག་མང་པོའི་གོང་ནས་བོད་ཅེས་པའི་ཐ་སྙད་འདི་བྱུང་ཟིན་པ་དང་། དེ་ཡང་སྐབས་དེ་དུས་བོད་ཅེས་པའི་མིང་དེ་འཇུག་ཡུལ་དེ་ད་ལྟའི་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་བོད་འདི་ལྟ་བུ་ཡུལ་ལུང་རྒྱ་ཆེན་པོ་གཅིག་ཡོད་པ་དེ་འདྲ་མ་ཡིན་པར། ཡར་ལུང་ཁུལ་གྱི་ས་ཆ་ཆུང་ངུ་གཅིག་ལ་ཐོག་མར་མིང་དེ་ཐོགས་ཡོད་པ་སྟེ། ‘རྒྱལ་པོའི་བཀའི་ཐང་ཡིག་ལས། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདིར་སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་བྱུང་བར་བཤད་པའི་ནང་ཚན།“དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།” ཞེས་དང་། ‘ཁུ་སྟོན་གྱིས་མཛད་པའི་ལོ་རྒྱུས་ཆེན་མོ་ཡི་ནང་དུ། སྤུར་རྒྱལ་གོང་དུ་མངའ་མཛད་བཅུ་བྱུང་བར་བཤད་པ་ལས། “བདུན་པ་མ་སངས་སྤུན་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར།” ཞེས་དང་། ‘ཏུང་ཧོང་གཏེར་ཡིག་གི་(རྒྱལ་རབས་རིམ་བྱུང་གི་མིང་།)ཞེས་པའི་ལེའུའི་ནང་། “གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ།” ཞེས་གསུངས་པ་དེ་དག་ལ་རིམ་བཞིན་ཞིབ་འཇུག་བྱས་ན་གནས་ལུཊ་དངོས་དེ་ཡག་པོ་ཤེས་ཐུབ་ལ། དེ་བཞིན་བོན་གྱི་ལོ་རྒྱུས་སོགས་ལས་ཀྱང་། བོད་ཁམས་གཞུང་དྲུག་དང་། བོད་ཡུལ་སྟོང་སྡེ་བཅོ་བརྒྱད། བོད་ཡུལ་སྦ་ཁ་ཆེ་བརྒྱད་སོགས་ཏེ། མདོར་ན་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་མ་བྱོན་གོང་དང་བྱོན་པའི་དུས་ཀྱི་ཡས་མས་སུ། བོད་ཁམས་གཡའ་དྲུག་དང་། བོད་ཁ་ཉ་དྲུག བོད་ཀ་གཡག་དྲུག བོད་ཁམས་གཞུང་དྲུག བོད་ཡུལ་སྟོང་སྡེ་བཅོ་བརྒྱད། བོད་ཡུལ་སྦ་ཁ་ཆེ་བརྒྱད་སོགས་མིང་གི་རྣམ་གྲངས་ཆེས་མང་པོ་གཅིག་ཡོད་མོད་ཀྱང་། དེ་དག་ཐམས་ཅད་རྣམ་གྲངས་མང་ཡང་དོན་གཅིག་པའམ། ཡང་ན་འཚོ་བའི་བརྒྱུད་རིམ་དང་སྤྱི་ཚོགས་འཕོ་འགྱུར་གྱི་དབང་གིས་དུས་ཀྱི་འཁོར་འགྲོས་དང་བསྟུན་ནས་མིང་མི་འདྲ་བ་བཏགས་པ་གང་རུང་ཡིན་དུ་ཆུད་མོད། གང་ལྟར་ཀྱང་མིང་དེ་དག་ཐམས་ཅད་ཀྱི་འགོར་བོད་ཅེས་པའི་ཐ་སྙད་དེ་ཆད་ལུས་མེད་པར་གཅིག་མཚུངས་སུ་ཡོད། དེའི་ཕྱིར་ང་ཚོས་ཞིབ་འཇུག་ནན་མོ་གཅིག་བྱས་ཏེ་བལྟས་ན་ད་ལྟའི་བོད་ཅེས་ཡོངས་སུ་གྲགས་པའི་རང་རེའི་རྒྱལ་ཁབ་ཀྱི་མིང་དེ་དུས་ཚོད་དེ་འདྲ་ཞིག་གི་ནང་ནས། གདོད་མའི་བོད་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་སམ་འཚོ་ཐབས་ཀྱི་བརྒྱུད་རིམ་ཁྲོད་ནས་བོད་མི་རང་གིས་བཏགས་པའི་མིང་གཅིག་ཡིན་པ་དང་། དེའི་དོན་ཡང་སྐབས་དེའི་ཞིང་ལས་ལྟ་བུའི་འཚོ་ཐབས་ཞིག་གི་མིང་དུ་ཐོགས་པ་དང་། བྱུང་དུས་ནི་རྗེ་གཉའ་ཁྲི་མ་བྱོན་གོང་ནས་མིང་དེ་བྱུང་ཟིན་པ་གཅིག་ཡིན་པར་ང་ཚོས་ཤེས་ཐུབ། དེ་ཡང་གོང་དུ་བོད་ཅེས་པའི་མིང་དེ་གནའ་དུས་སུ་རང་རེའི་མེས་པོ་ཚོའི་འཚོ་བ་སྐྱེལ་སྟངས་མི་འདྲ་བ་གསུམ་སྟེ། འབྲོག་བོད་རོང་གསུམ་ལས་བོད་ཅེས་པ་དེ་འཚོ་ཐབས་ཞིང་ལས་ལ་བརྟེན་པའི་མི་སྡེ་གཅིག་གི་མིང་ཡིན་པ་དང་། དེ་ལས་བོད་ཅེས་པའི་མིང་དེ་བྱུང་བར་འདོད་པ་དང་འདི་གཉིས་ཀྱི་བར་འགལ་བ་མེད་པར་དོན་དག་གཅིག་ཏུ་བབས་པས། བོད་ཅེས་པ་དེ་སྔོན་དུས་སུ་ཡར་ལུང་ཁུལ་དུ་སྡོད་མཁན་གྱི་གནའ་མི་སྡེ་ཁག་ཅིག་གི་འཚོ་ཐབས་གཅིག་གི་མིང་ཡིན་པར་གདོན་མི་ཟ། དེའི་རྒྱུ་མཚན་ད་དུང་གོང་དུ་དྲངས་པ་ལྟར། ཏུན་ཧོང་གཏེར་ཡིག་གི་རྒྱལ་རབས་རིམ་བྱུང་གི་མིང་ཞེས་པ་ལས། “གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེར་གཤེགས་སོ།”ཞེས་སོགས་ལྟར། བོད་རྗེ་གཉའ་ཁྲི་བཙན་པོ་ཐོག་མར་བོད་ཀ་གཡག་དྲུག་ཅེས་པའི་འཚོ་ཐབས་ཀྱི་མི་སྡེ་དེའི་རྗེ་དཔོན་དུ་བྱོན་ནས། དེ་རྗེས་རིམ་པས་མི་ལོ་བརྒྱ་ཕྲག་དུ་མ་བརྒྱུད་པའི་རིམ་པའི་ནང་བོད་ཀ་གཡག་དྲུག་ཅེས་པའི་མིང་དེའི་ཁྱབ་ཁོངས་ཀྱི་ཡུལ་ལུང་ཡང་། རིམ་བཞིན་རྒྱ་ཇེ་ཆེ་དང་སྟོབས་འབྱོར་དབང་ཕྱུག་སོགས་རྗེ་རྒྱས་སུ་ཕྱིན་རིམ་ནང་། དེ་སྔོན་བོད་ཀ་གཡག་དྲུག་ཅེས་པའི་འཚོ་ཐབས་ཀྱི་མིང་དེ་ཡང་སྟབས་བདེར་སོང་ནས། མཐར་ཡིག་འབྲུ་གཅིག་ལས་མེད་པའི་བོད་ཅེས་པ་དེར་འགྱུར་བ་གཅིག་ཡིན་པར་ང་ཚོས་བརྒྱུད་རིམ་དེ་དག་ལས་ཁ་གསལ་ཤེས་ཐུབ།
གཞན་ཡང་བོད་ཅེས་པའི་མིང་དེ་བྱུང་ཚུལ་དང་དོན་དངོས་སུ་ཐད་ཀར་འབྲེལ་ཆེས་མེད་མོད་ཀྱང་། རྒྱ་ནག་གིས་བོད་ཀྱི་མིང་དུ་ཏུའུ་ཕན་དང་། ཏཱ་བྷོད། ཐུ་བྷོད་ཟེར་བ་སོགས་དང་། དེ་བཞིན་སོག་པོས་ཐུ་བྷད་ཟེར་བ་དེ་དག་ནི། བོད་ཅེས་པའི་མིང་དེ་ཆགས་ནས་ལོ་མང་གི་རྗེས་སུ་བོད་ཆེན་པོ་ཞེས་པའི་དོད་དུ་ཏཱ་བྷོད་དང་ཐུ་བྷོད་དུ་འབོད་པ་དེ། བོད་ཆེན་པོ་ཞེས་པའི་དོད་དུ་རྒྱ་ ནག་གི་སྐད་དུ་ཏཱ་བྷོད་ཅེས་རྡོ་རིང་དུ་བྲིས་ཡོད་པར་གྲཊ། ཐུ་བྷོད་ཅེས་པ་དེ་ཁོང་ཚོའི་ཏཱ་བྷོད་ཅེས་པ་དེ་ཕལ་སྐད་དུ་བཀོལ་དུས་ཐུ་བྷོད་ཅེས་བརྗོད་པས་ཡིན་པ་ཡང་གྲཊ། དེ་མིན་བོད་ཀྱི་ས་ཁམས་ཆཊ་ཚུལ་སོགས་ལ་བརྟེན་ནས་སྟོད་བོད་དང་།ལྷོ་བོད་ཟེར་བ་སོགས་ཀྱི་དོད་དུ་ཏུའུ་ཕན་དང་ཐུ་བྷད་ཟེར་བ་སོགས་བརྗོད་པ་ལས། དེ་དག་ཐམས་ཅད་ནི་བོད་ཅེས་པའི་མིང་དེ་ཐོག་མར་བྱུང་ཚུལ་དང་འབྲེལ་བ་ཅི་ཡང་མེད། དེ་ལ་དཔལ་དོན་འགྲུབ་རྒྱལ་གྱིས། “འོན་ཀྱང་། དེ་དག་ནི་བོད་ཅེས་པའི་ཐ་སྙད་དེ་མི་རིགས་གཞན་དག་གི་སྐད་ལ་ཟུར་ཆག་པའི་གནས་ཚུལ་ཙམ་ལས་ཐ་སྙད་དེའི་འབྱུང་ཁུངས་ངོ་མ་མིན།”ཞེས་གསུངས་པ་དེ་ཡང་བསྡོམས་ཆེན་པོ་གཅིག་ཡིན་པར་ངེས། གནད་དོན་འདི་དག་ལ་བརྟེན་ནས་ང་ཚོས་དེང་སང་ཕྱིའི་རྒྱལ་ཁབ་ཕལ་མོ་ཆེས་རང་རྒྱལ་གྱི་མིང་ལ་ཊི་བྷེཊ(Tibet)ཞེས་འབོད་པ་དེ་ཡང་ཐུ་བྷད་དང་ཐུ་བྷོད་ཅེས་པ་དེ་ཚོར་བརྟེན་ནས་བཏགས་པ་གཅིག་ཡིན་པར་ཤེས་ཐུབ་ལ། ཐུ་བྷོད་དང་ཐུ་བྷད། ཏཱ་བྷོད་སོགས་འབོད་པ་དེ་དག་ཐམས་ཅད་ཀྱང་མདོར་བསྡུས་ན། རང་རེའི་མེས་པོ་ཚོས་རང་རྒྱལ་གྱི་མིང་ལ་བོད་ཅེས་བཏགས་པ་དེ་ལས་ཟུར་ཆག་པའམ། དེ་གཞིར་བྱས་ཏེ་འཕྲོས་པའི་མིང་ཤ་སྟག་ཡིན་པ་ལས། བོད་མི་རང་གིས་བོད་ཅེས་པའི་མིང་དེ་མ་བཏགས་གོང་དུ་བྱུང་བ་ལྟ་བུ་ནི་གཏན་ནས་མིན་པར། ཁུངས་ལུང་རྒྱུ་མཚན་དང་གང་གི་སྒོ་ནས་དཔང་རྟགས་ར་སྤྲོད་གསལ་པོར་བྱེད་ཐུབ་པ་ཞིག་ཡིན་པས། དེའི་ཕྱིར་ང་ཚོས་བོད་ཅེས་པའི་མིང་བོད་རྗེ་གཉའ་ཁྲི་བཙན་པོ་མ་བྱོན་གོང་ནས། སྐབས་དེའི་བོད་མི་སྡེ་ཁག་ཅིག་གི་ཞིང་ལས་ཀྱི་འཚོ་བ་ལྟ་བུ་གཅིག་ལ་བོད་མི་རང་གིས་བཏགས་པའི་མིང་གཅིག་ཡིན་ཞེས། གདེང་ཚོད་དང་སྤོབས་པ་གཟེངས་སུ་ཐོན་ནས་སྐད་གསང་མཐོན་པོའི་ཐོག་ནས་བཤད་ཆོག་པ་གཅིག་ཡིན་ཞེས་བརྗོད་ཆོག
བོད་ཕྲུག་མིང་ཅན་ཐ་མལ་བདག་གིས་བོད་ཅེས་བྱ་བའི་ཐ་སྙད་དེར།།
བོད་མིའི་སྔོན་བྱུང་ལོ་རྒྱུས་དག་ལས་ཁུངས་ལུང་དུ་མ་བཙལ་བགྱིས་ཏེ།།
བོད་ཅེས་བྱ་བ་བོད་མིས་བཏཊ་ཤིང་གདོད་ནས་བྱུང་བར་སྒྲུབ་པ་འདིར།།
བོད་མི་སུས་ཀྱང་དགེ་སྐྱོན་བརྗོད་པར་སྐོམ་པས་ཆུར་ལྟར་སྒུག་ནས་ཡོད།།
ཞེས་བོད་ཅེས་བྱ་བའི་མིང་དེ་ཇི་ལྟར་བྱུང་མིན་དང་ཐོག་མར་སུས་བཏགས་མིན། དེ་བཞིན་དེ་དང་ཅུང་འབྲེལ་ཡོད་ཀྱི་ཊི་བྷེཊ་(Tibet)ཞེས་པའི་མིང་དེ་ཡང་ཇི་ལྟར་བྱུང་ཚུལ་སོགས་ཀྱི་སྐོར་ལ། བྲེལ་འཚུལ་གྱིས་བྲིས་པའི་དཔྱད་རྩོམ་ཐུང་ཐུང་འདི་ནི་ཁོ་བོས་ཉིན་འགའ་ཞིག་ཏུ་སློབ་ཞོར་དུ་དཔྱད་ནས། འཕྲལ་མར་བྲིས་པ་གཅིག་ཡིན་པས་ཀློག་པ་པོ་སུས་ཀྱང་འདི་ཙམ་ལ་ཡིད་ཆེས་ཀྱིས་བཏང་སྙོམས་སུ་འཇོག་པ་མིན་པར། ད་དུང་བོད་མི་རིགས་ཀྱི་རིག་གནས་ལ་དུང་ཞེན་ཆེ་བའི་བོད་མི་སུ་ཞིག་གིས་ཀྱང་འདི་ལ་ཡང་ཡང་དཔྱད་པ་བྱས་ཏེ་བོད་མི་བྱིངས་ཀྱི་མིག་སྔར་བཤམ་དགོས་པ་དེ་ནི་ལྡོག་ཏུ་མེད་པའི་འོས་འགན་ཆེན་པོ་ཞིག་ཡིན་སྙམ།
དཔྱད་གཞིའི་ཕྱག་དེབ་ཁག་གི་རྩོམ་པ་པོ་དང་དེབ། དཔེ་སྐྲུན་ཁང་དང་དཔེ་སྐྲུན་བྱས་པའི་ལོ་རྣམས་གཤམ་དུ་གསལ།
༡་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་ཐེར་དཀར་པོ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༦
༢་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧
༣་ཚོགས་གཉིས་རབ་རྒྱས་ཀྱི་བློ་གསར་འཇུག་པའི་འབབ་སྟེགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥
༤་རྔ་བ་འཇམ་མེ་གྱི་བོད་ཅེས་པའི་ཐ་སྙད་ལ་དཔྱད་པ། བོན་སྒོ་འདོན་ཐེངས་བརྒྱད་པའི་ནང་། ༡༩༩༥
༥་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱི། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦
དོན་དང་མཐུན་མིན་དཔྱད་པའི་གཞི་ཡིན་ཀྱང་། །རང་གི་རིགས་ལ་ཞེན་ཡོད་པའི་གཏམ། །ཁྱོད་ཀྱིས་ངལ་བས་བྲིས་པའི་ཡི་གེ་འདི། ། །ང་ཡིས་ལན་གཅིག་ཞིབ་པར་བཀླགས་ཟིན་ཏོ། །
དོན་དང་མཐུན་མིན་དཔྱད་པའི་གཞི་ཡིན་ཀྱང་། །རང་གི་རིགས་ལ་ཞེན་པ་ཡོད་པའི་གཏམ། །ཁྱོད་ཀྱི་ངལ་བས་བྲིས་པའི་ཡི་གེ་འདི། ། །ང་ཡིས་ལན་གཅིག་ཞིབ་པར་བཀླགས་ཟིན་ཏོ། །
བྱམས་ལྷུན་གྱིས།
དང་པོ་མིའུ་གདུང་དྲུག་གྱེས། །
བར་དུ་ཀ་གཡག་དྲུག་བསྡུས་ནས། །
རོང་འབྲོག་བར་གྱི་ཞིང་པ་ལ། །
བོད་ཅེས་ཐོག་མར་ཐོགས་ཞེས་བྲིས། །
བོད་ཀྱི་ལོ་རྒྱུས་སྨྲ་བ་སུས་ཀྱང་གསལ་ཁ་མ་མཐོང་བ་ཞིག་བྱམས་ལྷུན་ནས་མཐོང་ཚུལ་ནི་འབྲོག་བོད་རོང་ཞེས་བོད་ལ་འཚོ་ཐབས་ཞིག་གི་མིང་ཡོད་ཚུལ་དང་། བོད་ཞེས་པ་ནི་འཚོ་ཐབས་ཞིང་ལས་ལ་བརྟེན་པའི་མི་སྡེ་ཞིག་གི་མིང་ཡིན་ཚུལ་བཤད་འདུག་པས་ འོ་ན་རོང་ཞེས་པ་དེ་འཚོ་ཐབས་ག་རེ་ལ་བརྟེན་པའི་མིང་ཚིག་ཞིག་ཡིན་ནམ། ཡོངས་གྲགས་སུ་ཕྱུག་ཟོག་དཀར་ནག་སོགས་ལ་བརྟེན་ནས་མི་ཚེའི་འཚོ་ཐབས་སྤྱོད་མཁན་དག་ལ་འབྲོག་པ་དང་། འབྲུ་སྲན་སྣ་ལྔ་སོགས་ཞིང་ལས་ལ་བརྟེན་ནས་མི་ཚེའི་འཚོ་ཐབས་སྤྱོད་མཁན་དག་ལ་རོང་པ་ཞེས་བཤད་སྲོལ་ལས་བོད་ཞེས་པ་དེ་ཞིང་ལས་པའི་མི་སྡེའི་མིང་ཡིན་ན་དེའི་དངོས་མིང་དང་རྟགས་མིང། དེ་བཞིན་འདྲ་བ་དང་འབྲེལ་བ་གང་རུང་གིས་དེའི་མིང་ཡིན་པས་བརྡ་དག་གང་ཞིག་ན་གསལ་ཡོད་པ་ཡིན་ནམ། སྐབས་རེར་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བོད་ཡིག་འདི་ཇི་བཞིན་མེད་ཚུལ་བཤད་བཞིན་ཡོད་པ་དང་བོད་ཞེས་པ་འདི་ནི་ཡི་གེ་ཡིན་པས་འདི་གཉིས་ཡང་ནང་འགལ་འདུག། རྒྱ་གར་གྱི་སྐྱ་སེའི་བུ་ཞིག་ཁ་བ་ཅན་དུ་བོད་ནས་མི་ཚེ་སྐྱེད་པས་མིང་འདི་བྱུང་ཚུལ་ཞིག་ཀྱང་འདུག་པས་དེར་སྐུ་ཉིད་ཀྱིས་གསལ་བཤད་གང་ཡང་མི་འདུག།
བསྟན་འཛིན་ལགས། སྐྱ་སེའི་བུ་ཞེས་པ་སོགས་བཤད་སྲོལ་དེ་དག་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱི་ལྟ་བ་གུ་དོག་ཅིག་ཁུར་ཏེ། དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱེད་མཁན་གྱི་མི་བུ་ཁ་ཅིག་གིས་བཤད་པ་ཞིག་ཡིན། དེ་འདྲ་བ་མང་པོ་ཞིག་བཤད་ཀྱི་ཡོད་ཀྱང་འདིའི་ཁུངས་སུ་འབྲི་རིན་ཡང་མ་མཐོང་ལ་བྲིས་ན་ཡིག་ཚོགས་ཀྱི་རྐྱེན་ཏུ་འགྱུར་བ་ལས་དགོས་པ་ཆེས་མ་མཆིས་སྙམ། དེ་བཞིན་ངས་བོད་ཅེས་པའི་ཐ་སྙད་དེ་གཉའ་ཁྲི་མ་བྱོན་གོང་ནས་ཡོད་པར་བཤད་ཡོད་མོད་ཀྱང་། གཉའ་ཁྲི་མ་བྱོན་གོང་ལ་བོད་ཡིག་ཡོད་ཅེས་བཤད་མེད། བོད་ཅེས་པའི་མིང་དེ་གཉའ་ཁྲི་མ་བྱོན་གོང་ནས་བྱུང་ཚར་ན་བོད་ཡིག་བྱུང་ཚར་དགོས་པའི་ཁྱབ་པ་ག་ལ་ཡོད།
གཉའ་ཁྲི་ཐོག་མར་བོད་ཁ་གཡག་དྲུག་གིས་རྗེ་བོར་བསུས་པ་རེད། གདན་ཞུ་གནང་མཁན་བོན་ཤེས་པ་ཅན་བཅུ་གཉིས་རེད། བོད་ཅེས་པའི་མིང་འདི་བྱུང་ཟིན་པར་མ་ཟད། ཡི་གེའང་བྱུང་ཟིན་པ་ཤེས་པ་ཅན་ཟེར་བ་ཁོ་ནས་ཀྱང་ཤེས་ཐུབ་པར་སྙམ། ཡིན་ནའང་། རྗེས་སུ་སློབ་དཔོན་ཐོན་མིས་སྐད་ཡིག་གཅིག་གྱུར་དང་བརྡ་སྤྲོད་ཀྱི་གཞུང་བརྩམས་པའང་ངོ་མ་རེད།
Tibet ཞེས་པའི་མིང་དེ་དང་པོ་གང་ནས་བྱུང་བ་ཡིན་ནམ།
བོད་ཅེས་པ་རོང་འབྲོག་གཉིས་སུ་མ་འདུས་པའི་འཚོ་ཐབས་གང་འདྲ་ཞིག་ཡིན་མིན་དང་དེར་བོད་ཅེས་འབོད་དགོས་པའི་རྒྱུ་མཚན་བཅས་གསལ་བོ་ཞིག་མེད་ན་ཁོང་འཁྱོལ་དཀའ་རྒྱུ་རེད་པ། ཞིང་ལས་ཙམ་ལ་གོ་ན་རོང་བ་དང་ཟློས་པར་འགྱུར་བས་རོང་བའི་འཚོ་ཐབས་དེ་ལས་གཞན་གང་ཡིན་པའང་གསལ་བོར་བཤད་དགོས་ངེས་རེད་སྙམ།
ཨ་ར་དཀར་པོ་ལགས། ཁྱོད་ཀྱིས་བོད་ཀྱི་རྒྱལ་རབས་རགས་རིམ་གཡུ་ཡི་ཕྲེང་བ་ཞེས་པ་དེར་གཟིགས་དང་། ད་གཟོད་ཁྱོད་ཀྱིས་རོང་དང་བོད་དང་འབྲོག་གསུམ་གྱི་གོ་དོན་སོ་སོ་ནས་ཤེས་ཐུབ།
རོང་འབྲོག་བོད་འབྲོག་གསུམ་ཞེས་པའི་སྐབས་ཀྱི་རོང་དེ་དང་རོང་འབྲོག་གཉིས་ཞེས་པའི་སྐབས་ཀྱི་རོང་གཉིས་པོ་དེ་ལས་སྔ་མ་དེ་ས་དམའ་སར་ནགས་ལས་གཙོར་གཉེར་བྱེད་པའི་འཚོ་སྡེ་ཁག་ཅིག་དང་། རོང་ཕྱི་མ་ནི་ཞིང་ལས་གཉེར་མཁན་གྱི་འཚོ་སྡེ་ཞིག་ལ་གོ་བ་སོགས་བཤད་ཚུལ་མི་འདྲ་བ་འདུག་པས། དེ་གཉིས་གོ་བ་མི་འདྲ་བ་ལྟ་བུ་ཡང་འདུག་པས། དེ་ཚོར་རིམ་པས་དཔྱད་ཞིབ་བྱ་རྒྱུ་བོད་མི་ཀུན་གྱི་འོས་འགན་གཅིག་ཏུ་ངེས།
ད་སྐད་ཆ་གཡས་སྐོར་གཡོན་སྐོར་ཅི་ཙམ་བྱས་རུང་དགེ་ཆོས་ཀྱི་རྒྱུ་མཚན་དག་ལ་གླག་འཁེལ་བའི་གཏམ་གཅིག་ཀྱང་མཐོང་རྒྱུ་མི་འདུག མངའ་མཛད་བཅུ་གཉིས་ཚོའི་མངའ་འོག་གི་ས་ཁྱོན་ལ་ངོས་འཛིན་བྱེད་སྟངས་དེས་ཀྱང་ད་དུང་ན་ཚོད་སྨིན་མེད་པའི་ངང་ཚུལ་མངོན་འདུག ག་ལེར་ཤུགས་རྒྱོབ། ལྷོད་ལྷོད་བྱས་ནས་བསམ་བློ་ཐོངས།
རྣམ་པ་ལྷན་རྒྱས་སུས་ཀྱང་དཔྱད་རྩོམ་འདི་ལ་ལེགས་ཉེས་ཇི་ཡོད་སྦས་གསང་མེད་པར་བརྗོད་རོགས།
དཔྱད་པ་ལེགས་པོ་བཏང་འདུག
རིག་ཀྱི་བུ་མུ་མཐུད་ནས་འབྲི་རོགས།
ཐུགས་རྗེ་ཆེ།
་་་་་་་ ཡི་གེའང་བྱུང་ཟིན་པ་ཤེས་པ་ཅན་ཟེར་བ་ཁོ་ནས་ཀྱང་ཤེས་ཐུབ་པར་སྙམ། ཡིན་ནའང་། རྗེས་སུ་སློབ་དཔོན་ཐོན་མིས་སྐད་ཡིག་གཅིག་གྱུར་དང་བརྡ་སྤྲོད་ཀྱི་གཞུང་བརྩམས་པའང་ངོ་མ་རེད། ་་་་ཟེར།
བོད་ས་བོད་མི་བོད་སྐད་དང་། །
བོད་ཆོས་བོད་སྲོལ་བོད་གོམས་ལ། །
བརྟགས་ཤིང་དཔྱད་ནས་ལྟ་ཀློག་དང་། །
རང་སྐད་རང་ཆོས་རང་གོམས་སྲུངས། །
བོད་ལ་དགོས་རྒྱུ་དེ་ལྷག་མེད། །
ལྷན་རྒྱས་ཚོས་དགོངས་འཆར་ལེགས་པོར་གནང་འདུག་པས་ཐུགས་རྗེ་ཆེ་ཞུ། ད་དུང་མུ་མཐུད་ནས་སྐྱོན་ཆ་གང་ཡོད་ཐད་ཀར་འདི་དང་འདི་རེད་ཅེས་རྒྱུ་མཚན་གྱིས་ཐོག་བློ་སྐྱེད་གནང་རོགས་ཞུ།
དུས་དུས་སུ་སྤྲིན་འཁྲིགས།།
དུས་དུས་སུ་ཆར་འབབ།།
དུས་དུས་སུ་ལོ་ཏོག་སྐྱེས།།
དུས་དུས་སུ་རྩེ་མ་བརྔ།།
བོད་ལ་བོད་ཅེས་ཐོགས་པ།།
བོད་མི་ཀུན་གྱིས་ཤེས་མོད།།