སྐྱོ་བྲག་དགའ་དབང་།
གངས་ཅན་ལྗོངས་འདི་མཁའ་ལ་འཕགས་པ་འདྲ། །
ཆོས་རིག་ཁོར་ཡུག་ལྷ་ཡི་ལུང་པ་འདྲ། །
ཀླ་ཀློས་བཅོམ་པ་སེར་བས་ལོ་ཏོག་འདྲ། །
ལྟེ་ཁྲག་འཕོ་སྐབས་དམྱལ་བ་ས་སྟེང་འདྲ། །
སྐྱེ་བའི་ཕ་ཁྱིམ་གདོད་མིའི་མི་རིགས་འདྲ། །
ཆོས་སྒོར་ཞུགས་པ་རི་བོང་ཅལ་འགྲོགས་འདྲ། །
ཤེས་ཡོན་སློབ་སྦྱོང་ཆུ་ཐིག་བསགས་པ་འདྲ། །
འགྲོགས་པའི་འདྲིས་གཞུང་སྐར་མ་སྨིན་དྲུག་འདྲ། །
ཡུལ་གྱིས་བསྐལ་ཡང་ཞེན་པས་བཅིངས་པ་འདྲ། །
གློག་འཕྲིན་དྲ་བ་མངགས་པའི་ཕོ་ཉ་འདྲ། །
བྲིས་པའི་ཡིག་ཆུང་སེམས་ཀྱི་མེ་ལོང་འདྲ། །
སྐྱིད་སྡུག་གླེང་མོལ་མཚོ་ཆེན་བརྡོལ་བ་འདྲ། །
གངས་ལྷ་མེ་ཏོག་གཡག་རྒོད་དར་མ་འདྲ། །
ཁ་ཚིག་རྣོ་བ་ཁྱབ་འཇུག་མདུང་ཐུང་འདྲ། །
བརྩམས་པའི་ཚིག་དོན་ཕ་བོང་སྒྲིག་པ་འདྲ། །
ལས་ཀའི་བྲེལ་ཟིང་བུང་བ་ཚང་ཞིག་འདྲ། །
ལྷ་རྩེའི་ཁུ་བྱུག་གླང་ཆེན་འགྱིང་བ་འདྲ། །
མི་ཚེའི་འགྱུར་བ་རི་བོའི་སྒང་གཤོང་འདྲ། །
བརྩམས་པའི་སྙན་ཚིག་ཆུ་བོ་བཞུར་བ་འདྲ། །
དབེན་པའི་ནགས་ཉལ་རི་དྭགས་རྨས་མ་འདྲ། །
བསྐལ་བཟང་མེ་ཏོག་ཤོག་སྐྱ་རླུང་ཁྱེར་འདྲ། །
འཕྲོ་འདུའི་རྣམ་རྟོག་དཔྱིད་ཀའི་ན་བུན་འདྲ། །
སྨྲ་བའི་གཏམ་དག་མཚོན་རྩེ་གཟིང་བ་འདྲ། །
ལེགས་ཉེས་ལག་རྗེས་བྲ་བའི་མཇུག་མ་འདྲ། །
ད་ནི་ང་ཚོ་ནུབ་རིའི་ཉི་མ་འདྲ། །
ལུས་ཀྱི་མདོག་དབྱིབས་ཤིང་སྡོང་སྐམ་པོ་འདྲ། །
ལས་རྣམས་ཀུན་ལ་ཞེན་པ་ལོག་པ་འདྲ། །
སྐྱེ་བོའི་ཁྱུ་ནས་ཟུར་དུ་ཐོན་པ་འདྲ། །
བར་དོའི་འཕྲང་རིང་བསྒུགས་ནས་སྡོད་པ་འདྲ། །
ཕྱི་མའི་རྒྱགས་ཕྱེ་སྤྲང་པོའི་ཁུག་མ་འདྲ། །
གར་འགྲོ་བརྟོལ་མེད་དམུས་ལོང་ཐང་འཁྱམས་འདྲ། །
ཀླད་ཡོད་ཡིན་ན་དགེ་ལ་འབད་དགོས་འདྲའོ། །
སྙན་པ་ལ་ཚོད་མ་རེད།
གནའ་རབས་བོད་མིའི་ཁ་རྒྱགས་བཤད་ཚུལ་དང་།།
དེང་སང་གསར་བུའི་སྨྱུ་གུ་འཛིན་ཚུལ་གཉིས།།
སྣེ་གཅིག་བསྡོངས་བའི་ངག་གི་སྒྱུ་རྩལ་འདི།
ཐེངས་གཅིག་བཀླགས་པས་ཡིད་ལ་དགའ་བ་སྟེར།།