(སྒྲུང་ཐུང་ཞིག)
པད་མ་འབུམ་ནས།
————-
ཀ
བསྟན་པ་ཚང་གི་ཁང་བྱེའུ་རྣམས་ཀྱང་ཆར་བ་འབབ་ཡུན་རིང་བ་ལ་སུན་གྱི་ཡོད་པ་འདྲ། དེ་ཚོ་སྒོ་གཡབ་ཀྱི་དྲབ་བར་དུ་ཙོག་པུར་ཕྲེང་དུ་བསྒྲིགས་ཤིང་། ཆར་བ་ཟམ་ཟིམ་དུ་འབབ་པ་ལ་བལྟས་ནས། མགོ་བོ་ཕར་ཀྱོག་ཚུར་ཀྱོག་བྱེད་བཞིན་ཀྱར་ཀྱུར་གྱི་སྒྲ་སྒྲོག་བཞིན་ཡོད། སྒོ་གཡབ་ཀྱི་ཀླད་ན་ཝ་མཆུ་ཞིག་ཡོད་པ་དེ་ལས་ཆད་མ་མཐུད་ཀྱིས་འབབ་བཞིན་པའི་ཆུ་ཤུགས་མི་ཆེ་ན་ཡང་། དེའི་འབབ་སྒྲ་དེས་མཚམས་རེར་ཁང་བྱེའུ་དེ་དག་གི་ཀྱུར་སྒྲ་ཡང་ཐོས་མི་ཐུབ།
བསྟན་པས་དར་དམར་རུམ་ལ་བཟུང་ནས་རྒྱ་སྒོའི་ནང་ལ་འཛུལ་ཡོང་། དྲབ་བར་གྱི་ཁང་བྱེའུ་རྣམས་ཐག་ཐག་ཐག་གི་སྒྲ་དང་བཅས་ཁྱམས་ཀྱི་དྲབ་བར་དུ་བྲོས། ཁོས་ལུས་ལ་ཕེར་བ་ཞིག་གོན་ཡོད་ཅིང་དོར་འདབས་ཡར་བརྫེས་ནས་པུས་འདབས་ལ་སླེབས་ཡོད། ཁོ་རྐང་རྗེན་ཡིན་ཞིང་སྒོ་གཡབ་ཀྱི་ཝ་མཆུ་ནས་འབབ་པའི་འབབ་ཆུའི་འོག་ལ་རྐང་པ་རེས་མོས་ཀྱིས་བསྲིངས་ནས་རྐང་པའི་ཐོག་གི་འདམ་འབག་ཆུ་བཤལ་བྱས།
“སྨན་པས་ཞི་ལུར་བལྟས་སོང་ངམ།” ཁྱམས་སུ་ཐང་མའི་ནང་ན་རྡེའུ་བསལ་བཞིན་པའི་ལྷ་མོས་བསྟན་པ་ལ་དེ་ལྟར་དྲིས།
“ཨོ། ཨོ། དར་དམར་བསྐྱུགས་སོང་།”བསྟན་པས་ལྷ་མོ་ལ་ལན་མི་རྒྱག་པར་རྒྱུགས་མ་འདུར་གྱིས་ཁྱམས་ཕྱོགས་སུ་སོང་། ཁོ་ཅུང་ཙམ་འཐེང་བཞིན་ཡོད།
ལྷ་མོས་བསྟན་པ་ལ་ལན་བཟང་པོ་ཞིག་མེད་པ་ཚོར། མོས་བསྟན་པའི་རུམ་ནས་ཞི་ལུ་དར་དམར་བླངས་ནས་མོའི་སྐེ་རགས་ཀྱི་སྣེ་མོས་ཁོའི་ཁ་འདབས་དང་ཨོག་མ་བཅས་སུ་ཡོད་པའི་སྐྱུག་རོ་གཙང་སེལ་བྱས་རྗེས་ཐང་དུ་མོའི་སློག་པ་ཡོད་པ་དེའི་ནང་ལ་ཁོ་ཙོག་པུར་བཞག མོས་རྩ་ལམ་ཁ་ཤས་སྔོ་ཀྲིག་སེ་ཡོད་པའི་དར་དམར་གྱི་དཔྲལ་བ་ལ་འོ་ཞིག་བྱས་རྗེས་ “ཨ་མའི་ལོ་ལོ། ཨ་ཕ་དང་ཨ་མ་གཉིས་ནས་ཁྱོད་མགྱོགས་པོར་སྨན་པར་སྟོན།”ཞེས་དང་། ཡང་སྐད་འདར་ཞོར་དུ་ “དེ་དུས་ཨ་ཁུ་སྨན་པས་ཁྱོད་ལ་སྨན་ཀ་ར་བྲོ་བ་ཞིག་སྟེར་བར་འགྱུར།”ཟེར།
བསྟན་པས་རང་གི་གཡས་ཕྱོགས་ལ་བཞག་ཡོད་པའི་ཕེར་བའི་གོང་བ་ལས་ཁབ་ཅིག་བླངས་ནས་དེས་ཁོའི་གཡས་རྐང་གི་མཐིལ་ལ་ཟུག་པའི་ཚེར་མ་ཞིག་ལེན་བཞིན་དུ་“དང་པོ་དར་དམར་གྱི་མིང་བརྗོད་དུས་སྨན་པས་ལྟ་གྲབས་ཤིག་བྱས་སོང་ཡང་ངའི་མིང་ཤེས་དུས་ཁོའི་ལག་པ་ཕྱིར་བསྐུམས་སོང་།”ཟེར།
དར་དམར་གྱིས་ངུ་སྐད་ཆུང་ཆུང་ཞིག་བཏོན་པ་ན་ལྷ་མོས་དར་དམར་གྱི་འཁྲིས་ན་ད་ནངས་རྩེད་འཕྲོར་ལུས་པའི་མའོ་ཀྲུའུ་ཞིའི་གསུང་བཏུས་ཤིག་དང་བྲང་འདོགས་མའོ་པར་ཞིག་ཡོད་པ་དེ་གཉིས་ཁོའི་མདུན་དུ་བཞག ཡིན་ན་ཡང་ཁོས་ད་དུང་ལྷ་མོ་ལ་ལག་པ་བརྐྱངས་ནས་ངུ་སྒྲ་ཆུང་ཆུང་དེ་འདོན་བཞིན་ཡོད། ལྷ་མོས་མའོ་ཀྲུའུ་ཞིའི་གསུང་བཏུས་ཀྱི་ཁ་ཕྱེ་ནས་མའོ་ཙེ་ཏུང་གི་འདྲ་པར་ཡོད་པའི་ཤོག་ལྷེ་དེ་ཁོ་ལ་བསྟན་པ་ན་ཁོ་ངུ་མཚམས་ཆད། ཁོས་དེ་ལག་ཏུ་བཟུང་ནས་ཁ་ཆུ་བཞུར་བཞིན་པའི་ཁ་ནང་ལ་ཁྱེར།
ལྷ་མོས་“ར་ལྤགས་དེ་ཚོ་བཙོང་ན་ཞི་ལུ་ལ་སྨན་རིན་ཞིག་ལྡང་སྲིད་མོད། རྒྱ་རྒན་ཁ་ཤོ་དེ་ཡང་ཡོང་རྒྱུ་མེད་པ་ལ། ང་ཚོས་ཕར་ཁྱེར་ནས་བཙོང་ས་ཞིག་མེད་དམ།”ལྷ་མོས་དེ་ལྟར་བརྗོད།
ཚེར་མ་བལྡད་ན་ཡང་སྐྱར་མི་ཟུག་ཟེར་བ་ལྟར། བསྟན་པས་རྐང་མཐིལ་ནས་བཏོན་པའི་ཚེར་མ་བལྡད་ནས་མཆུ་སྒོ་ལ་དེད་རྗེས་ན་རེ་ “ར་ལྤགས་དེ་ཚོ་རྒྱ་ནང་གི་ས་ཆ་གང་ཞིག་ལ་ཁྱེར་གྱི་ཡོད་པ་སུས་ཤེས། ང་ལུང་བ་འདིའི་མདོ་ལ་ཡང་འགྲོ་དབང་མེད་པའི་མི་ངན་རིགས་བཞི་ཞིག་…” བཤད་མ་ཚར་བའི་སྔོན་ལ་སུ་ཞིག་གིས་ཁོ་ཚང་གི་རྒྱ་སྒོ་ཕྱེས། ནང་དུ་འཛུལ་ཡོང་མཁན་ནི་ལས་བྱེད་རུ་ཁག་གི་མགོ་གཙོ་མགོན་པོ་རེད།
“དེ་རིང་བརྡ་འཕྲིན་གལ་ཆེན་ཞིག་བསྐྱལ་རྒྱུ་ཡོད་པ་འདྲ།” བསྟན་པའི་སེམས་ལ་དེ་ལྟར་འཁོར། གུང་གསེང་དང་དུས་ཆེན་གྱི་སྐབས་དང་། ཆར་བ་བཅས་ཀྱིས་ངལ་རྩོལ་བཀག་པའི་ཉིན་མོ་དག་ལ་ཐོན་སྐྱེད་རུ་ཁག་གི་བར་དང་། ཐོན་སྐྱེད་རུ་ཁག་དང་ཀུང་ཧྲེ་བར་ལ་བརྡ་འཕྲིན་བསྐྱལ་རྒྱུ་ནི་མི་ངན་རིགས་བཞི་རྣམས་ཀྱི་ལས་འགན་ཡིན། ཡིན་ན་ཡང་ལས་བྱེད་རུ་ཁག་གི་མགོ་གཙོ་ངོ་མ་འདི་ལྟར་བསྟན་པ་ཚང་ལ་ཡོང་བ་ཐེངས་དང་པོ་ཡིན།
མགོ་གཙོ་མགོན་པོས་རང་ལུས་ལ་ཆར་གོས་ལྗང་མདོག་ཅན་ཞིག་དང་རྐང་ལ་ཆར་ལྷམ་ནག་པོ་འོད་ཀྲིག་ཀྲིག་ཅན་ཆ་གཅིག་གོན་ཡོད། ཁྱམས་ལ་སླེབས་པ་ན་ཁོས་ཆར་གོས་འབུད་ཞོར་དུ་ “གནམ་རྒན་མ་རལ་བར་གྱུར་པ་འདྲ། ད་དུང་ཉིན་གཉིས་ལ་འདི་ལྟར་བབས་ན་གཡུལ་ཁའི་ནང་ལ་བརྩིགས་ཡོད་པའི་བཙས་མ་ཡང་རུལ་རྒྱུའི་ཉེན་ཁ་འདུག ད་ལྟ་ནས་ཚ་ལངས་རྒྱུའི་མགོ་ཚུགས་ཚར་འདུག”ཅེས་ཟེར་ཞོར་དུ་ཆར་གོས་ཕུད་ནས་ཁྱམས་ཀྱི་རྡང་ཐོག་ལ་བཀལ།
མི་ངན་རིགས་བཞི་ཞིག་གི་ཁྱིམ་ལ་གཏན་ནས་ཡོང་མི་སྲིད་པའི་ལས་བྱེད་རུ་ཁག་གི་མགོ་གཙོ་དེ་འདི་ལྟར་ངག་འཇམ་པ་ལ་བསྟན་པ་བཟའ་ཟླ་གཉིས་མ་གོམས་ཏེ་ཕན་ཚུན་ལ་ལྟ་རེས་ཤིག་བྱས་པ་མ་གཏོགས་ལས་བྱེད་མགོ་གཙོ་ལ་ཚིག་ལན་ཇི་ལྟར་སློག་རྒྱུ་མ་ཤེས་ལ། ཐ་ན་འཚམས་འདྲི་ཙམ་ཡང་བྱེད་རྒྱུ་བློ་ལ་མ་འཁོར།
“ཁྱོད་ཚང་གི་གྱང་ལ་སྐྱོན་མི་འདུག་གམ། ཨ་ཁུ་རྣམ་རྒྱལ་ཚང་གི་རྒྱབ་གྱང་ཆར་བས་བརླན་ནས་ཟུར་ཞིག་ན་ཉིལ་ཡོང་གི་འདུག་ཟེར།”ལས་བྱེད་རུ་ཁག་གི་མགོ་གཙོས་ཡང་སྐྱར་གླེང་མོལ་གྱི་མགོ་སློང་ཐབས་བྱས།
ཨ་ཁུ་རྣམ་རྒྱལ་ནི་ལྷ་མོའི་ཨ་ཕ་ཡིན། བསྟན་པས་རང་ཉིད་མི་ངན་རིགས་བཞི་ཡིན་པའི་མནོལ་གྲིབ་གཞན་པ་ལ་ཕོག་དོགས་ཀྱིས་ཨ་ཁུ་རྣམ་རྒྱལ་ཚང་དང་འགྲོ་འོང་བྱེད་ཀྱི་མེད། བསྟན་པས་“ཨོ། ཨོ། སྐྱོན་་་སྐྱོན་མི་འདུག” ཅེས་འཚབ་བཤད་ཅིག་བྱས་རྗེས་རང་གི་ཆུང་མ་ལ་ “མགོ་གཙོ་ལགས་ལ་ཇ་དཀར་ཡོལ་གང་ཡང་འདྲེན་རྒྱུ་མིན་ནམ།”ཞེས་བཤད་རྗེས་ཁོས་ཐང་ལ་རྐྱོང་གདན་ཞིག་བཏིང་ནས་ལས་བྱེད་མགོ་གཙོ་མགོན་པོ་སྡོད་དུ་བཅུག
“དེ་རིང་གནམ་གཤིས་མི་བཟང་ཡང་ང་ལ་གཏམ་བཟང་པོ་ཞིག་ཁྱོད་ལ་བཤད་རྒྱུ་ཡོད།”ལས་བྱེད་རུ་ཁག་གི་མགོ་གཙོས་ཐ་མག་རྐང་གཅིག་ལ་མེ་བསྒྲོན་རྗེས་ན་རེ་ “དེ་རིང་ནས་ཁྱོད་ང་ཚོ་གསར་བརྗེའི་དཔུང་སྡེའི་ནང་གི་བློ་མཐུན་ཞིག་ཏུ་གྱུར་པ་རེད། ཁྱོད་ཀྱི་མི་ངན་རིགས་བཞི་ཡི་ཞྭ་མོ་འབུད་རྒྱུའི་ཐག་གཅོད་བྱས་པ་ཡིན།” ཟེར་ནས་གཡས་ལག་གིས་ཐང་ལ་བརྡབས་ནས་བསྟན་པ་ཁོའི་འཁྲིས་ལ་སྡོད་ཅེས་པའི་བརྡ་བསྟན།
ཕ་རྒན་གྱིས་ཚེ་མཐའ་ལ་ཡང་ཕུད་མ་ཐུབ་པར་ཁོའི་ཐོག་ལ་འཕོས་པའི་མི་ངན་རིགས་བཞིའི་ཞྭ་མོ་དེ་ཁོས་ལོ་ཤས་ལས་གོན་མ་དགོས་པ་དེ་བསྟན་པའི་བསམ་ཡུལ་ལས་འདས། ཁོ་མགོ་གཙོ་མགོན་པོ་དང་དཔུང་གཤིབ་ཀྱིས་འདུག་རྒྱུ་ཁོའི་བློ་ངོར་མ་བདེ་སྟེ་ཁོ་རྐྱོང་གདན་དེའི་སྣེ་ན་རྐུབ་ཕྱེད་ས་ལ་རེག་ནས་བསྡད་ཡོད།
རེ་ཞིག་ལ་མགོ་གཙོ་མགོན་པོ་ལ་འཇལ་རྒྱུའི་ཚིག་ལན་ཞིག་ཀྱང་ཁོའི་སེམས་ལ་མ་འཁོར། ཡིན་ན་ཡང་མགོ་གཙོ་མགོན་པོས་བསྟན་པའི་གཏམ་ལན་ལ་མ་སྒུག་སྟེ་ན་རེ་“ལམ་ཕྱོགས་སློབ་གསོའི་ལས་བྱེད་རུ་ཁག་སྡེ་བ་འདིར་ཡོང་ནས་ཟླ་བ་དྲུག་གི་རིང་ལ་ང་ཚོས་ཁྱོད་ཀྱི་བཤད་སྤྱོད་དང་བསམ་བློ་ལ་བརྟག་པ་ཡིན།” ཞེས་བཤད་ཞོར་མགོ་གཙོ་མགོན་པོ་གློ་ལུ་ཆེན་པོ་ཞིག་བརྒྱབ་ཅིང་། ཁོའི་ཁ་ནང་ལ་འཁོར་བའི་གློ་ལུད་སྒོ་རའི་ནང་ལ་རྒྱང་འཕེན་བྱས་རྗེས་ཡང་ན་རེ་“ང་ཚོས་དང་པོ་ཁྱོད་ཀྱི་བུ་ཡི་མིང་དར་དམར་གོ་དུས་ཁྱོད་ཀྱིས་རང་ཉིད་གསར་བརྗེའི་དཔུང་སྡེ་དང་ཐག་ཇེ་ཉེར་གཏོང་འདོད་ཀྱི་ལྷག་བསམ་ཚོར་སོང་།…”
བསྟན་པས་དེ་གོ་བ་ན་དར་དམར་ལ་སྨན་སྦྱིན་ཞིག་ཞུ་བའི་གོ་སྐབས་སླེབས་སོང་སྙམ་ནས་ “ངའི་བུ་ན་ནས་ཉིན་ཤས་ཕྱིན་སོང་།”ཟེར་ཞིང་། ཁོས་རང་གིས་མགོ་གཙོ་མགོན་པོའི་ཚིག་མཚམས་བཅད་པ་ཡང་མ་ཚོར་ཏེ་མུ་མཐུད་ནས་ “ཡིན་ན་ཡང་སྨན་ཡོན་སྟེར་རྒྱུ་མེད་པས་སྨན་པར་སྟོན་ཐུབ་མ་སོང་། ད་ངས་ངའི་བུ་ལ་སྨན་སྦྱིན་ཞིག་ཞུས་ན་ཆོག་གམ།”ཅེས་སྐད་འདར་བཞིན་དུ་དྲིས། ཡིན་ན་ཡང་མགོ་གཙོ་མགོན་པོས་བསྟན་པས་བཅད་པའི་རང་གི་ཚིག་མཇུག་དེ་བསྒྲིལ་འདོད་ཀྱི་ཡོད་པ་འདྲ།
མགོ་ཙོ་མགོན་པོས་བསྟན་པའི་རེ་བ་དེ་ལ་ལན་མི་རྒྱག་པར་ན་རེ། “ཡིན་ན་ཡང་ཁྱོད་ཀྱི་བུའི་མིང་གཅིག་པོས་ཁྱོད་ཀྱི་ཞྭ་མོ་འབུད་མི་ཐུབ་པ་དེ་ཁྱོད་ལ་བཤད་དགོས་རྒྱུ་མ་རེད། ཁྱོད་ཀྱི་ཕ་མེས་ཡང་མེས་ནས་འབྱོར་མེད་གྲལ་རིམ་ལ་བཤུ་གཞོག་བྱས་པའི་ནག་ཉེས་དེ་འདག་སླ་བོ་མིན་པ་ཁྱོད་ཀྱིས་ལོས་ཤེས། དེ་བས་ང་ཚོས་མུ་མཐུད་ནས་ཁྱོད་ལ་འཐབ་རྩོད་དང་སྒྱུར་བཀོད་རེ་བྱས་པ་ཡང་ཁྱོད་ཀྱིས་དྲན་གསལ་ལྟར་རེད།”ཟེར་ནས་བསྟན་པའི་མགོ་ཡི་གཡས་ཟུར་ན་ཡོད་པའི་རྨ་རྙིང་དེ་ལ་བལྟས། དེ་ནི་འཐབ་རྩོད་ཅིག་གི་སྐབས་ལ་བཏོད་པའི་རྨ་ཤུལ་ཡིན།
བསྟན་པ་ལ་རང་གི་རྨ་རྙིང་དེ་ལ་ཟ་འཕྲུག་ཅིག་ལངས་ཀྱི་ཡོད་པའི་ཚོར་བ་སྐྱེས་པ་མ་གཏོགས་ཁོས་མགོ་གཙོ་མགོན་པོ་ལ་ཚིག་ལན་ཞིག་མ་རྙེད། སྒོ་རའི་ནང་ན་ཆར་བ་ད་དུང་ཟམ་ཟིམ་དུ་འབབ་ཅིང་ཝ་མཆུ་ལས་ཆུའི་འབབ་སྒྲ་ཆད་མ་མཐུད་ཀྱིས་གྲག་བཞིན་ཡོད།
“ཡ་བློ་མཐུན་བསྟན་པ།”མགོ་གཙོ་མགོན་པོས་ཁོ་ལ་དེ་ལྟར་བོས་རྗེས་ “ད་གདོང་གློད་ནས་མ་འདུག སང་ཉིན་སྡེ་བའི་ཚོགས་ཆེན་ཐོག་ལ་དོན་བཟང་འདི་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།”ཟེར།
བསྟན་པའི་སེམས་ལ་ཡང་སྐྱར་རང་གི་བུ་སྨན་པ་སྟོན་རྒྱུ་དེ་འཁོར་ནས་ “མགོ་གཙོ་ལགས། ཨང་། ཨང་། ངའི་བུ་ན་ནས་ཉིན་གསུམ…”
“ཨོ་རེད། ཨོ་རེད། ཁྱོད་ཀྱི་བུ་ཡི་སྨན་སྦྱིན་དེ་…”མགོ་གཙོ་མགོན་པོས་འདི་ལྟར་བརྗོད་བཞིན་པའི་སྐབས་སེམས་ལ་གཞན་ཞིག་འཁོར་ནས་ “ཨོ་མ་རེད། ཁྱོད་ཀྱི་མི་ངན་རིགས་བཞི་ཡི་ཞྭ་མོ་ཕུད་ན་ཁྱོད་མི་གཞན་པ་དང་གཅིག་པ་རེད། སྨན་ཁང་ལ་སོང་ན་སྨན་རིན་མི་དགོས་པ་མ་རེད་དམ།” ཞེས་ཆར་བ་འབབ་མཚམས་ཆད་ཅིང་དཀར་མདངས་རྒྱས་པའི་གནམ་ལ་བལྟས་ནས་དེ་ལྟར་ཟེར།
ལྷ་མོས་ལག་གཡས་ལ་ཇ་དེམ་བཟུང་། ལག་གཡོན་ལ་དཀར་ཡོལ་གཉིས་བཟུང་། རྒྱབ་ལ་དར་དམར་ཁུར་བཞིན་ཐབ་ཚང་ནས་ཕྱི་ལ་ཐོན་ཏེ་རང་གི་ཁྱོ་ག་དང་ལས་བྱེད་རུ་ཁག་གི་མགོ་གཙོ་གཉིས་ལ་ཇ་ལྡུག་ཏུ་ཡོང་། མོས་ཐབ་ཚང་ནང་ནས་ལས་བྱེད་རུ་ཁག་གི་མགོ་གཙོས་ཅི་བཤད་རྣམས་ཐོས་ཡོད་པ་འདྲ། མོའི་མིག་མཐའ་དམར་པོར་གྱུར་འདུག བུ་དར་དམར་གྱིས་མོའི་རྒྱབ་ན་ལག་པར་ཤོག་བུ་རློན་པ་ཞིག་བཟུང་ཡོད་པ་ཁ་ནང་ལ་འཇོག་ཅིང་། ངག་ན་ལྡབ་ལྡིབ་ཀྱི་སྒྲ་ཞིག་འབྱིན་བཞིན་ཡོད།
ལྷ་མོ་མར་སྒུར་ནས་ལས་བྱེད་རུ་ཁག་གི་མགོ་གཙོ་ལ་ཇ་ནག་ཁུ་ལྡུག་ཞོར་དུ་སྐད་དམའ་མོས་ “ངེད་ཚང་ལ་བཞོན་མ་ཞིག་ཀྱང་མེད་སྟབས་…”ཅེས་ཚིག་མཇུག་མ་རྫོགས་གོང་ལ་མགོ་གཙོ་མགོན་པོས“སྐྱོན་མེད། སྐྱོན་མེད། དེ་རིང་གི་གནམ་གཤིས་འདི་དང་ཇ་ནག་ཁུ་གཉིས་ཆ་འགྲིག་རེད་”ཟེར།
དེ་ནས་མོས་རང་གི་ཁྱོ་གར་ཇ་ལྡུག་སྐབས་མོའི་རྒྱབ་ནས་དར་དམར་གྱི་ལག་གི་ཤོག་བུ་རློན་པ་དེ་མགོ་གཙོ་མགོན་པོ་དང་བསྟན་པ་གཉིས་ཀྱི་མདུན་ལ་ཟགས། དེ་ནི་མའོ་ཀྲུའུ་ཞིའི་གསུང་བཏུས་ཀྱི་ནང་ན་ཡོད་པའི་མའོ་ཙེ་ཏུང་གི་འདྲ་པར་དེ་རེད། འདྲ་པར་དེ་དར་དམར་གྱི་ཁ་ཆུས་སྦགས་ནས་རློན་པར་གྱུར་ཡོད་པ་མ་ཟད། འདྲ་པར་གཡས་ཕྱོགས་ཀྱི་མིག་དཀྱིལ་ནས་ཕྲག་གོང་བར་གྱི་ཆ་དེ་རལ་ནས་མེད་པར་གྱུར་འདུག་ཅིང་། མིག་ཡས་ཕྱེད་ཀ་དེས་མགོ་གཙོ་མགོན་པོ་དང་བསྟན་པ་གཉིས་ལ་བལྟས་ནས་བསྡད་ཡོད་པ་འདྲ།
དར་དམར་གྱིས་ད་དུང་ལྷ་མོའི་རྒྱབ་ན་རང་གི་ཨ་ཕ་དང་མགོ་གཙོ་མགོན་པོ་གཉིས་ལ་བལྟས་ནས་ལག་པ་ཆུང་ཆུང་གཉིས་གཡུག་ཅིང་། ངག་ནས་སྒྲ་ལྡབ་ལྡིབ་ཅིག་འབྱིན་བཞིན་འདུག ཁོ་ན་གི་ཡང་མེད་པ་ལྟར་སྣང་།
དེ་མཐོང་ནས་མགོ་གཙོ་མགོན་པོ་ལ་འཛུམ་ཞིག་ལངས་ཀྱང་གློ་བུར་དུ་འཛུམ་མཚམས་ཆད། ཁོའི་ལག་གི་ཐ་མག་གི་སྣེ་མོ་དེ་ཐང་ལ་སྦྱར་ནས་ཡུད་ཙམ་བསྡད་རྗེས་ཐོལ་གྱིས་ཡར་ལངས་ནས་སོང་། སྒོ་ར་ལ་སླེབས་མཚམས་ཡང་སྐྱར་ཁྱམས་ལ་ཡོང་ནས་རྡང་ཐོག་གི་ཆར་ལྭ་བླངས་ཤིང་། ཚིག་གཅིག་ཀྱང་མ་བཤད། ཕྱིར་བལྟས་ཤིག་ཀྱང་མ་བྱས་པར་རྒྱ་སྒོ་ཁྲོག་སེ་བརྒྱབ་ནས་སོང་། ཁོས་ཐང་ལ་སྦྱར་བའི་ཐ་མག་གི་སྣེ་མོ་ན་དུ་བ་སྔོན་པོ་ཕྲ་མོ་ཞིག་བར་སྣང་ལ་སྐྱོད་བཞིན་འདུག
“ངས་ཞི་ལུའི་ལག་ནས་མའོ་ཀྲུའུ་ཞིའི་གསུང་བཏུས་བླངས་པ་ཡིན། དེའི་བར་དུ་མའོ་པར་རལ་ནས་ཁོའི་ལག་ན་ཡོད་པ་ངའི་སེམས་ལ་ཡང་འཁོར་མ་སོང་།” ལྷ་མོས་ངུ་ཞོར་དུ་དེ་ལྟར་ཟེར་ཞིང་། མགོ་གཙོ་མགོན་པོའི་ཇ་འཐུང་འཕྲོ་དེ་སྒོ་རའི་ནང་ལ་ཕོ། བསྟན་པས་ཅི་ཡང་མི་སྨྲ་བར་སྒོ་རའི་ནང་ལ་གཅེར་ནས་བསྡད་ཡོད། ཝ་མཆུའི་ནང་ནས་ཆུ་འབབ་མཚམས་ཆད་ནས་སྒོ་རའི་ནང་ཁུ་སིམ་པོར་གྱུར་འདུག་ལ། སྒོ་རའི་ནང་གི་ཆུ་འཁྱིལ་དེ་དག་གི་ནང་དུ་ཆར་ཐིགས་ཀྱིས་ལྦུ་བ་ཐར་ཐོར་རེ་འབུབ་བཞིན་ཡོད།
ཁ།
“ད་ནམ་ཚོད་ཅི་རེད།” བསྟན་པ་གཉིད་སད་ཡོད་ཀྱང་ཉལ་ས་ནས་ལངས་མེད། ཁོས་རྭ་ཙེའི་ནང་གི་ཐ་མག་ལ་མེ་སྒྲོན་ཏེ་རྔུབ་འཐེན་ཞིག་བྱས་ཏེ་དེ་ལྟར་ཟེར།
ཐབ་ཀའི་འཁྲིས་ཀྱི་ཀ་བའི་ངོས་ན་དཀར་མེ་གསལ་ལ་མི་གསལ་བ་ཞིག་འོད་ལྷེམ་ལྷེམ་བྱེད་བཞིན་ཡོད། དེའི་འོག་ན་ལྷ་མོས་དཀར་ཡོལ་གསུམ་ལག་ཕྱིས་ཤིག་གིས་སྒྲིལ་བཞིན་“གནམ་རུབ་ནས་སྐར་མ་མི་མཐོང་བས་ནམ་ཚོད་བཤད་དཀའ། ཡིན་ན་ཡང་ད་དུང་བྱ་སྐད་གྲགས་མ་སོང་”ཟེར།
ལྷ་མོས་ལག་ཕྱིས་ཀྱིས་བསྒྲིལ་བའི་དཀར་ཡོལ་རྣམས་ཕྲག་ཁུར་སྣོད་ཆས་ཏཱ་ལེན་གྱི་ནང་དུ་འཇོག་ཞོར་དུ་ “ང་ཚོ་འདི་ལྟར་འབྲོ་ཨེ་དགོས། དེང་སང་མའོ་ཀྲུའུ་ཞིའི་གསུང་བཏུས་མང་དྲགས་ནས་ཁྱིམ་ཚང་མང་པོས་དེ་རྣམས་ཅི་བྱེད་མ་ཤེས་ཏེ་གད་སྙིགས་ཀྱི་ཁྲོད་ན་ཡང་…”ཞེས་བཤད་མ་ཚར་སྔོན་ལ་བསྟན་པས་མོའི་བཤད་མཚམས་བཅད་ནས་ “ཁྱོད་ཀྱིས་ལམ་ཕྱོགས་སློབ་གསོའི་ལས་འགུལ་གྱི་སྔོན་ལ་མའོ་ཀྲུའུ་ཞིའི་གསུང་བཏུས་ལ་ཅི་བྱས་ཀྱང་ཆོག་པ་དེ་ལམ་ཕྱོགས་སློབ་གསོའི་ལས་འགུལ་གྱི་སྐབས་སུ་ཡང་བྱེད་ཆོག་པ་རེད་འདོད་དམ།”ཞེས་དྲིས།
དྲི་བ་དེ་ལྷ་མོ་ལ་དྲིས་ཀྱང་དེའི་ལན་ཁོ་རང་གིས་ “མ་ཆོག་པ་རེད།”ཞེས་སྐད་གསེང་མཐོན་པོ་བརྒྱབ་པ་ན། ཁོའི་འཁྲིས་ན་ཡོད་པའི་བུ་དར་དམར་གཉིད་ལས་སད་ནས་ངུ་སྐད་དམའ་བོ་ཞིག་བཏོན། བསྟན་པས་བཤད་མཚམས་བཞག་ནས་བུ་དར་དམར་གྱི་ཐོག་ལ་ལག་པས་ཡང་རྡེབ་བྱས། བུ་དར་དམར་གྱིས་མཆུ་འདབ་འགུལ་ཙམ་འགུལ་ཙམ་བྱེད་ཞོར་ཡང་སྐྱར་གཉིད་དུ་ཡུར།
“མ་ཆོག་པའི་སྟབས་ཀྱིས་མགོ་གཙོ་སྐྱག་མགོན་དེ་ཁ་རྩང་ཐོལ་གྱིས་ལངས་ནས་ཕྱིན་པ་རེད།” བསྟན་པས་ཁོའི་བཤད་འཕྲོ་ཡང་སྐྱར་མཐུད། ཡིན་ན་ཡང་ད་རེབ་ཁོའི་སྐད་གསེང་ཧ་ཅང་དམའ། ཁོས་ད་དུང་ “ཁྱོད་ཀྱིས་ཁ་རྩང་ཁོ་འགྲོ་ཁར་གོམ་པ་ཞེ་སྡང་གིས་སྤོ་གི་ཡོད་པ་མ་མཐོང་ངམ། ཁོས་ང་ཚོའི་རྒྱ་སྒོ་ཞེ་སྡང་གིས་བརྒྱབ་པ་མ་ཐོས་སམ།” ཟེར་ཞིང་ཡང་ཁོའི་སྐད་གསེང་ཇེ་མཐོར་འགྲོ་བཞིན་ཡོད།
བསྟན་པས་ལྷ་མོས་རང་གི་ཁ་དབང་ལ་འགྲན་གྱི་ཡོད་པ་ཚོར་སྐབས་ཁོའི་སྐད་ཆ་ཇེ་གཏུམ་དུ་འགྲོ་བ་མ་ཟད་ལག་པ་ཡང་འགུལ་བར་འགྱུར་བ་ལྷ་མོས་ཤེས།ནམ་རྒྱུན་བསྟན་པའི་སྐད་ཆ་ཇེ་གཏུམ་དུ་འགྲོ་སྐབས་ལྷ་མོ་ཁ་རོག་ལ་འདུག
ཡིན་ན་ཡང་ད་རེབ་ཀྱི་བྲོས་བྱོལ་གྱི་འབྲས་བུ་ནི་ཕར་འགྲོ་སའི་གནས་མེད་པ་དང་། ཚུར་ཡོང་སའི་ཁྱིམ་མེད་པ་ཞིག་ཏུ་འགྱུར་ངེས་ཆེ་བར་མཐོང་གི་ཡོད་སྟབས། ལྷ་མོས་བསྟན་པ་ཇེ་གཏུམ་དུ་འགྲོ་བ་ལ་མ་འཛེམས་པར་བྲོས་བྱོལ་འདི་འགོག་པའི་འབད་བརྩོན་བྱེད་ཀྱི་ཡོད།
“ངེད་ཚོ་ཨོའུ་རྒྱ་རྫོང་ལ་སོང་ནས་རྒྱ་མོ་སྨན་པ་དེར་ཞི་ལུ་སྟོན་ཐུབ་ན་ལོས་འགྲོ་སྟེ། དེ་ལ་སྟོན་ཐུབ་མི་ཐུབ་སུས་ཤེས།དེ་ཡོད་མེད་ཀྱང་སུས་…”ཟེར་ཞིང་། མོས་ལམ་བར་དུ་ཞི་ལུའི་ངུ་ཁ་གཅོད་རོགས་རེ་ཨེ་ཡོང་གི་རེ་བས་རང་གི་ཚིལ་ལེན་གྱི་བྲང་ཁར་བྲང་འདོགས་མའོ་པར་ཞིག་འདོགས་བཞིན་ཡོད།
བསྟན་པས་མོའི་ཚིག་རྔ་བཅད་དེ་ “ཞི་ལུ་ཤི ང་འཛིན་བཟུང་བྱས་ཚར་རྗེས་ད་དུང་ཁྱོད་ཀྱིས་སྨན་པར་སྟོན་ཐུབ་ན་མི་ཐུབ་ན་ཟེར་ནས་འདུག་རྒྱུ་ཡིན་ནམ།” ཟེར་ཞིང་ཁོས་རྭ་ཙེ་རྔམ་འཐེན་བྱས།
ལྷ་མོས་ངུ་ཤུབ་བྱེད་བཞིན་ཡོད། བུ་དར་དམར་ཡང་སྐྱར་གཉིད་ལས་སད་དེ་ངུས། ངུ་སྐད་གཉིས་ཀྱིས་བསྟན་པ་འཚིག་པ་ཟ་བ་འགག་པར་གྱུར། ཁོ་གློ་ལུ་ཞིག་བརྒྱབ་རྗེས་ན་རེ “ང་འཛིན་བཟུང་མ་བྱས་སྔོན་ལ་ངེད་གཉིས་ནས་ཞི་ལུ་འདི་སྨན་པར་སྟོན་ཐབས་ཤིག་མ་བྱས་ན་…” ཁོ་ཡང་མགྲིན་པ་བརྣངས་ནས་ཚིག་མཇུག་རྫོགས་མ་ཐུབ།
སྐབས་དེར་ཐག་རིང་ནས་“ཀག་…ཀག….ཀག”ཅེས་ཞོགས་ཀའི་བྱ་སྐད་གསལ་ལ་མི་གསལ་བ་ཞིག་གྲགས་ཡོང་། དེ་ནས་ཕྱོགས་གཞན་པ་ཞིག་ནས་དེ་ལས་གསལ་བ་ཞིག་གྲགས། དེ་ནས་ཁོ་ཚང་གི་ཁྱིམ་མཚེས་ཀྱི་བྱ་ཕོས་ཀྱང་བྱ་སྐད་བརྒྱབ།
བསྟན་པས་རྭ་ཙེ་དུད་ཁུག་ནང་ལ་བཞག ཉལ་ཆས་སུ་གོན་པའི་སློག་པ་དེ་རྒྱབ་ལ་གོན་ཞོར་དུ་ཁོས “བླ་མ་མཁྱེན། ལམ་བར་དུ་མི་ལ་མ་ཐུག་པར་ཤོག” ཅེས་ཁེར་བཤད་ཅིག་རྒྱག་ཞོར་དུ་མལ་ལས་ལངས།
“བླ་མ་མཁྱེན་དང་བླ་མ་མཁྱེན། ཁ་རྩང་དེ་རིང་ཡང་ཁྱོད་ཀྱི་ཁ་ནང་ལ་དེ་འཁོར་བ་ཇེ་མང་དང་ཇེ་མང་རེད།” ལྷ་མོས་དེ་ལྟར་ཟེར་ཞོར་དུ་ཀ་བའི་ངོས་ཀྱི་དཀར་མེ་བླངས་ཏེ་བསྟན་པའི་འཁྲིས་ལ་ཡོང་། དཀར་མེ་ཡར་བཏེགས་ནས་ཁོ་གཉིས་ཀྱིས་དར་དམར་གྱི་གདོང་ལ་ལྟ་ཞོར་དུ། ཡང་། མོས་ “ཁྱོད་ཀྱིས་ཨོའུ་རྒྱ་རྫོང་ནི་ཧ་ཅང་སྔོན་ཐོན་གྱི་རྫོང་ཞིག་ཡིན་པ་དང་། དེ་ན་མའོ་ཀྲུའུ་ཞི་མཁྱེན་ཟེར་བ་མ་གཏོགས་བླ་མ་མཁྱེན་ཟེར་བ་ལྟ་བུ་གོ་རྒྱུ་ཡོད་པ་མ་རེད་ཟེར་བ་མ་ཡིན་ནམ།”ཞེས་བཤད།
དར་དམར་མིག་གཉིས་ཕྱེད་བཙུམ་ཕྱེད་འབྱེད་ཀྱིས་ཡང་སྐྱར་གཉིད་དུ་ཡུར་ཡོད་ཅིང་། སྣ་ནང་ནས་དབུགས་འབྱིན་རྔུབ་ཀྱི་ཟིར་སྒྲ་རེ་ཡང་ཐོས་ཐུབ། དེའི་མཆུ་འདབས་བསྐམས་ནས་སེར་ག་ཅུང་ཙམ་གས་ཡོད་ཅིང་། སྐྲ་འདབས་འོག་གི་དཔྲལ་བའི་ངོས་ནས་རྩ་རྒྱུས་སྔོན་པོ་རེ་ཟུང་ཡང་མཐོང་ཐུབ། ཁོའི་སྔས་མགོའི་གཡས་ཕྱོགས་ན་ཤིང་གི་ནེ་ཙོ་ཆུང་ཆུང་མཆུ་རྩེ་ཆག་གྲུམ་ཅན་ཞིག་ཡོད། དེ་ནི་དར་དམར་ལ་ཡོད་པའི་རྩེད་སྤྱད་གཅིག་པུ་དེ་ཡིན་ལ་བསྟན་པས་ཤིང་གཡེར་བ་དུམ་བུ་ཞིག་གི་ཐོག་ལ་བརྐོས་པ་ཡིན། དར་དམར་མ་ན་སྔོན་ལ་དེར་རྒྱུན་དུ་རྩེ་ན་ཡང་། ན་ནས་བཟུང་རྩེད་སྤྱད་དེ་བསྟན་ན་ངུ་བར་བྱེད།
“ད་ལྟ་ཚ་བ་ཆེ་རྒྱུ་མེད་ཀྱང་དགོང་མོ་སླེབས་དུས་ཡང་སྐྱར་ཚ་བ་འབར་མི་ཡོང་ངམ་སྙམ།” བསྟན་པས་དར་དམར་གྱི་དཔྲལ་བ་ལ་ལག་མཐིལ་སྦྱར་ཙམ་ཞིག་བྱས་རྗེས་དེ་ལྟར་བཤད། ཁོས་བུ་དེ་ཉལ་ས་ནས་ཡར་བླངས་ནས་ལྷ་མོའི་རུམ་ལ་བཞག་རྗེས་མོའི་ལག་གི་དཀར་མེ་ཚུར་བླངས། བྱིས་པ་དེས་ངུ་སྐད་ཅུང་ཙམ་བཏོན་པ་ན་ལྷ་མོས་རང་ལུས་གསིག་ཞོར་དུ་བྱིས་པའི་ཁ་ནང་ལ་ནུ་མ་བཞག་པ་ན་ངུ་མཚམས་ཆད།
བསྟན་པས་ལྷ་མོས་གྲ་སྒྲིག་བྱས་ཚར་ཡོད་པའི་རྩམ་སྐྱོ་དེ་དཀར་ཡོལ་ནང་ལ་མཛུབ་མོ་སྐོར་ཐེངས་གཉིས་གསུམ་ཞིག་གིས་ལྡག་ཚར་དུས་བྱ་སྐད་གཉིས་པ་གྲགས། “ད་འགྲོ ད་འགྲོ བྱ་སྐད་གཉིས་པ་ཡང་གྲགས་སོང་།” ཟེར་ནས་ཏཱ་ལེན་ཕྲག་ལ་ཁུར་ནས་སྒོའི་ཕྱོགས་སུ་སོང་།
ཡིན་ནའང་ལྷ་མོ་སྒོ་ཕྱོགས་ལ་མ་སོང་བར་ཆ་གའི་ཕྱོགས་ལ་སོང་ནས་དཀར་ཡོལ་གཉིས་དང་ཅ་ནེ་ཆུང་ཆུང་ཞིག་བཅས་བླངས་ཏེ་ཐབ་ཀའི་སྟེང་ལ་བསྒྲིགས། དེ་ནས་མོ་བསྟན་པའི་འཁྲིས་ལ་སོང་ནས་ཁོའི་ཕྲག་ན་ཡོད་པའི་ཏཱ་ལེན་ལས་མར་སྣོད་བླངས་ནས་དཀར་ཡོལ་གསུམ་པོའི་ནང་ལ་མར་མཐེབ་རྩེ་ལྟ་བུ་རེ་འཕངས་རྗེས། དེ་དག་གི་ནང་ལ་སླ་ངའི་ནང་ན་ད་དུང་འཁྱག་མེད་པའི་ཇ་བླུགས།
“ཡ་ད་ཤོག” བསྟན་པ་སྒོ་ནང་དུ་ལངས་ནས་མོ་ལ་སྒུག་ནས་བསྡད་ཡོད། ལྷ་མོས་དཀར་ཡོལ་རྣམས་ཀྱི་ཁ་ན་བཞུས་ཏེ་འདལ་བཞིན་པའི་མར་ལ་བལྟས་ནས་ཅི་ཞིག་བཤད་འདོད་སྐྱེས་ཀྱང་ཅི་ཞིག་བཤད་དགོས་པ་མ་ཤེས། མོའི་མགྲིན་པ་བརྣངས་པར་གྱུར། མིག་ནས་མཆི་མ་འགྲིལ། བྱིས་གདོན་གྱི་གནོད་པ་འགོག་ཆེད་མོས་ཐབ་ཁུང་ནང་ནས་དུད་དྲེག་ཅུང་ཙམ་ཞིག་མཛུབ་རྩེར་བླངས་ནས་དར་དམར་གྱི་སྨིན་མཚམས་ལ་བྱུགས་རྗེས་དཀར་མེ་ལ་ཕུ་ཞིག་བརྒྱབ་ནས་བསྟན་པའི་ཕྱི་བཞིན་དུ་སོང་།
ཁོ་གཉིས་རྒྱ་སྒོའི་ཕྱི་ལ་བུད། ཐོག་མར་སྡེ་བའི་དཀྱིལ་ནས་ཁྱི་སྐད་ཅིག་གྲགས་པ་ན་ཁོ་གཉིས་ཀྱི་མདུན་ཕྱོགས་ནས་ཁྱི་ཞིག་ཟུག ལྷ་མོའི་རུམ་གྱི་བྱིས་པ་ངུ་མགོ་བརྩམས་མ་ཐག་ངུ་མཚམས་ཆད། ཕལ་ཆེར་ལྷ་མོས་དེའི་ཁ་ནང་ལ་ནུ་མ་བཞག་པ་འདྲ།
སྲང་ཁྱི་ཞིག་ཁོ་གཉིས་ཀྱི་འཁྲིས་ལ་སླེབས་མཚམས་ཟུག་སྐད་ཆད་ནས་མགྲིན་པ་ནས་ཙིར་སྒྲ་ཞིག་འདོན་བཞིན་བསྟན་པ་དང་ལྷ་མོ་གཉིས་ལ་རེས་མོས་ཀྱིས་མགོ་ཡིས་ཐུག་ཅིང་། ཁོ་གཉིས་ལ་ལྕེ་ལྡག་བྱེད། ཡུད་ཙམ་ལས་མ་འགོར་བར་སྲང་ཁྱི་གཞན་པ་རྣམས་ཀྱང་ཁོ་གཉིས་ཀྱི་འཁྲིས་སུ་སླེབས་ནས་ཡང་དེ་ལྟར་བྱས། ལྷ་མོས་“སྙིང་རྗེ། འདི་ཚོས་ང་ཚོ་ཐག་རིང་ཞིག་ལ་འགྲོ་གི་ཡོད་པ་ཚོར་གྱི་ཡོད་པ་འདྲ།” ཞེས་ངུ་སྐད་ཀྱིས་ཁེར་བཤད་ཅིག་བྱས།
ག
“ཨོ། ད་སླེབས་སོང་།” ཞེས་བསྟན་པས་རང་གི་མིག་ལམ་ལ་མངོན་པའི་སྟོན་མདོག་ཤར་བའི་རྩྭ་ཐང་ཆེན་པོ་ཞིག་གི་དཀྱིལ་ན་ཁང་ཚོགས་ཤིག་ཡོད་པ་མཐོང་བ་ན་དེ་ཨོའུ་རྒྱ་རྫོང་གི་རྫོང་མཁར་ཡིན་པ་ཤེས་ཏེ་ཀུ་ཅོ་ལྟ་བུ་ཞིག་གིས་བཤད།
ཁལ་འདྲུད་རླངས་འཁོར་གྱི་འཁོར་སྒམ་གྱི་ཟུར་ཞིག་ཏུ་བུའི་མགོ་ལ་རང་གི་སྐེ་རགས་ཀྱི་སྣེ་གཅིག་བཀབ་ནས་དེའི་གདོང་ལ་འབབ་པའི་ས་རྡུལ་འགོག་ཅིང་། བུ་ལ་རླངས་འཁོར་གྱི་གཡོ་དཀྲུག་འགོག་ཆེད་བུ་དེ་རང་གི་བྲང་ལ་དམ་པོར་སྦྱར་ནས་བསྡད་ཡོད་པའི་ལྷ་མོས་རླངས་འཁོར་གྱི་འུར་སྒྲས་རང་གི་ཁྱོ་གའི་གཏམ་དེ་མ་ཐོས་པ་འདྲ། ཁོ་ལ་ལན་ཅི་ཡང་མ་བྱིན།
ལན་སྟེར་ཡང་མ་དགོས་པར་གྱུར། ཡུད་ཙམ་ནས་ཁོ་གཉིས་ཁྱེར་བའི་ཁལ་འདྲུད་རླངས་འཁོར་དེས་སྐྱོད་མཚམས་བཞག བསྟན་པ་ཡར་ལངས་ནས་བལྟས་པར། རླངས་འཁོར་རྫོང་མཁར་གྱི་སྣེ་མོར་སླེབས་འདུག ཁོས་རླངས་འཁོར་གྱི་མདུན་ན་མེ་མདའ་འཁུར་བའི་དམངས་དམག་གཉིས་ཡོད་པ་མཐོང་མ་ཐག་རླངས་འཁོར་གྱི་རྒྱབ་ཕྱོགས་ནས་རྡུལ་འཚུབ་ཀྱི་ཕུང་པོ་ཞིག་ཡོང་སྟེ་རེ་ཞིག་མཐོང་སྣང་དེ་ཡོངས་སུ་བསྒྲིབས། རྡུལ་འཚུབ་དེ་ཡལ་བ་ན་མེ་མདའ་འཁུར་བའི་མི་དེ་གཉིས་ཀྱིས་རླངས་འཁོར་གྱི་ཁ་ལོ་བ་ལ་ཅི་ཞིག་བཤད་བཞིན་འདུག
“ངེད་གཉིས་རླངས་འཁོར་འདིའི་ནང་ལ་ཡོད་པ་ཇི་ལྟར་ཤེས་པ་རེད།” ཞེས་བསྟན་པས་དམངས་དམག་དེ་གཉིས་ནི་ཁོ་ཚོ་བྲོས་ཡོང་བ་ཤེས་ནས་འཛིན་མཁན་ཡིན་པར་སྙམ་ནས་རང་ལ་ཁེར་བཤད་ཅིག་བྱས།
ལྷ་མོས་བསྟན་པ་ལ་ལན་རྒྱག་པའི་ཚབ་ཏུ་བུ་དར་དམར་བྲང་ཁ་ལ་དམ་པོར་སྦྱར། མོའི་རུམ་གྱི་དར་དམར་གྱིས་མིག་གཉིས་ཕྱེ་ནས་བར་སྣང་ལ་གཅེར་ནས་བསྡད་འདུག དེ་རིང་ཞོགས་ཀར་ཁོའི་ཐོད་པར་བྱུགས་པའི་དུད་དྲེག་གི་ནག་ཐིག་དེ་ད་ནི་ནག་ཐིག་ཅིག་མ་ཡིན་པར་དར་དམར་གྱི་དཔྲལ་བ་དང་སྨིན་མའི་ནང་ལ་ཡང་འདལ་འདུག ལྷ་མོས་དར་དམར་གྱི་དཔྲལ་བའི་ཐོག་ལ་མོའི་མཆིལ་མ་བྱུགས་ནས་སྐེ་རགས་ཀྱི་སྣེ་མོས་དུད་དྲེག་འབྱིད་བཞིན་ཡོད།
“མར་བོབས། མར་བོབས།”མེ་མདའ་འཁུར་མཁན་གཅིག་རླངས་འཁོར་དེའི་འགྲམ་དུ་ཡོང་ནས་བསྟན་པ་དང་ལྷ་མོ་གཉིས་ལ་དེ་ལྟར་ཟེར། “འདི་ཕྱོགས་སུ་སོང་།” དམངས་དམག་དེས་ལམ་བསྟན་པ་ལྟར་བསྟན་པ་སྔོན་ལ་འགྲོ་ཞིང་དེའི་རྗེས་སུ་ལྷ་མོ་འབྲངས་ཡོད་པ་དང་། མོའི་རྗེས་སུ་དམངས་དམག་དེས་མེ་མདའ་ཕྲག་ལ་ཁུར་ནས་ཡོང་གི་ཡོད། ཡིན་ན་ཡང་དམངས་དམག་དེས་གང་ཞིག་ལ་འགྲོ་རྒྱུ་ཡིན་པ་མི་བཤད།
བསྟན་པས་ཕྱིར་བལྟས་ཤིག་བྱས། རླངས་འཁོར་དེ་ད་དུང་ལམ་འགྲམ་ན་བཀག་ཡོད་ཅིང་ཁ་ལོ་བ་དང་ཁོའི་རོགས་པ་དེ་གཉིས་རླངས་འཁོར་གྱི་འཁྲིས་ན་ཙོག་པུར་བསྡད་འདུག ལྷ་མོའི་རུམ་གྱི་དར་དམར་གྱིས་དུས་དང་དུས་སུ་ངུ་སྐད་དམའ་མོ་རེ་འདོན།
ཁོ་ཚོ་འགྲོ་བཞིན་ཡོད་པའི་སྲང་ལམ་དེ་ནི་རྫོང་མཁར་དེའི་སྲང་ལམ་གཅིག་པོ་ཡིན། སྲང་ལམ་དེ་ཧ་ཅང་ཡངས་ལ་ཧ་ཅང་དྲང་། རྫོང་མཁར་དེའི་ལས་ཁུངས་ཚང་མ་སྲང་ལམ་དེའི་གཡས་གཡོན་ལ་ཕྲེང་བསྒྲིགས་ནས་ཆགས་ཡོད།
སྲང་ལམ་འགྲམ་གྱི་གློག་སྡོང་སྟེང་གི་རྒྱང་བསྒྲགས་གྲག་ཆས་ཚང་མ་ན་བསྟན་པ་དང་ལྷ་མོ་གཉིས་ཀས་ད་བར་དུ་ཐོས་མ་མྱོང་བའི་རོལ་དབྱངས་ཤིག་གྲག་བཞིན་ཡོད། ལམ་འགྲོ་བ་ཚང་མས་ཕན་ཚུན་ལ་གཏམ་མི་སྨྲ་ཞིང་། དཔུང་པར་དཔུང་འཆིང་ནག་པོ་རེ་བཏགས་ཡོད་ལ། བྲང་ཁ་ལ་རས་དཀར་གྱི་མེ་ཏོག་དཀར་པོ་རེ་བཏགས་འདུག ད་དུང་ལམ་མཚམས་ཐུང་ཐུང་རེ་ན་ལམ་གྱི་འགྲམ་གཉིས་སུ་མེ་མདའ་ཐོགས་པའི་དམངས་དམག་ཆ་རེ་ཁ་སྤྲོད་དུ་ལངས་འདུག
བསྟན་པ་དང་ལྷ་མོ་གཉིས་མཐོང་སྣང་དེ་དག་ལ་ཡ་མཚར་ནས་འགྲོ་བཞིན་ར་སྐོར་ཞིག་གི་ནང་ལ་ཁྲིད། ར་སྐོར་དེའི་དཀྱིལ་ན་ཁང་བསྟར་ཐུང་ཐུང་གསུམ་ཡོད་པ་མ་གཏོགས་དེ་ནི་སྤང་ཐང་ཆུང་ཆུང་ཞིག་རེད། དེའི་ནང་ལ་ནོར་ཁྱུ་ཡོང་ས་མེད་པའི་སྟབས་ཀྱིས་ཡིན་ནམ། ཕྱི་ལོགས་ཀྱི་རྩྭ་ཐང་ལས་དེའི་ནང་གི་རྩྭ་མགོ་མཐོ་ཞིང་རྩྭ་མདོག་ཀྱང་སེར། ཁང་བསྟར་གསུམ་པོའི་གཡས་ཕྱོགས་ན་མི་བཅུ་གྲངས་ཤིག་ཕན་ཚུན་ངོ་མི་ཤེས་པ་ལྟར་སྤང་ཐོག་ན་ཐར་ཐོར་གྱིས་བསྡད་འདུག རྩྭ་ཟ་བཞིན་པའི་ཞོན་གཡག་ཅིག་གི་འཁྲིས་ན་རྭ་ཙེའི་ནང་ལ་ཐ་མག་འཐེན་བཞིན་པའི་མི་ཞིག་མཐོང་བ་ན་བསྟན་པ་ལ་ཡང་ཐ་སྐྱོ་ལངས་ནས་རང་གི་རུམ་གྱི་རྭ་ཙེ་ལ་ཐུག
“ཅུང་ཙམ་འདིར་སྒུགས་དང་།” ཁོ་ཚོ་ཁང་བསྟར་མདུན་མའི་ཁང་མིག་ཅིག་གི་སྒོ་ཁ་ལ་སླེབས་འདུག་ཅིང་དམངས་དམག་དེས་བསྟན་པ་དང་ལྷ་མོ་གཉིས་ལ་དེ་ལྟར་བཤད། དམངས་དམག་དེས་ཁང་མིག་དེའི་སྒོ་བརྡུང་གྲབས་བྱེད་སྐབས་སྒོ་ཕྱེ་བར་གྱུར། ཕྱི་ལ་ཐོན་མཁན་དེ་ཆང་གིས་བཟི་ཡོད་པ་འདྲ། མིག་གཉིས་ཀྱིས་ཁོའི་རྐང་རྩེ་ཁོ་ནར་ལྟ་ཞིང་གོམ་པ་འཁྱོར་བཞིན་དུ་འགྲོ མེ་མདའ་འཁུར་བའི་དམངས་དམག་ཅིག་གིས་ཁོའི་སློག་པའི་ཕུ་དུང་ནས་བཟུང་སྟེ་ཁང་བསྟར་གྱི་གཡས་ཕྱོགས་ཀྱི་མི་དེ་ཚོའི་ཕྱོགས་སུ་ཁྲིད་ནས་སོང་།
ཁང་མིག་དེའི་ནང་ལ་སླེབས་པ་ན་བསྟན་པ་དང་ལྷ་མོ་གཉིས་ཀྱིས་སྲང་ལམ་གྱི་རོལ་དབྱངས་ལྗིད་བག་ཅན་དེ་ཐོས་མཚམས་ཆད། ཡིན་ན་ཡང་སྒྲ་གཞན་ཞིག་ཐོས་མགོ་བརྩམས། དེ་ནི་ལྕགས་ཐབ་ནང་གི་མེ་འབར་བའི་ཝང་ཝང་གི་སྒྲ་ཞིག་གྲག་བཞིན་པ་དེ་རེད། བསྟན་པས་རང་ཉིད་ལོ་ཁ་ཤས་ཀྱི་སྔོན་ལ་རྒྱ་མི་རྟ་ཉོ་བའི་རྟ་རྫིར་ཡོང་བའི་ཉིན་ཞིག་ཁོའི་དྲན་ངོར་ཤར། ཉིན་དེར་ཆར་ཞོད་ཀྱི་ནང་དུ་རྒྱ་མི་རྣམས་ཀྱིས་རུ་ནང་ནས་ཉོས་པའི་རྟ་རྣམས་དེད་ནས་རྫོང་ཐོག་འདིར་སླེབས་ནས་ཁང་མིག་ཅིག་གི་ནང་ལ་འཛུལ་སྐབས་ཁོས་ལྕགས་ཐབ་ཀྱི་མེ་འབར་སྒྲ་འདི་འདྲ་ཞིག་ཐོས་མྱོང་།
དར་དམར་གྱིས་ལྷ་མོའི་རུམ་དུ་ངུ་ཅོར་བྱས། ལྷ་མོས་མྱུར་དུ་དར་དམར་གྱི་ཁ་ནང་ལ་ནུ་མ་བཞག་ནས་ངུ་ཁ་གཅོད་ཐབས་བྱས། དར་དམར་གྱིས་ཁ་ཡིས་ནུ་མ་ནུ་ཡང་སྣ་ཁུང་ནས་ངུ་སྒྲ་འདོན། ལག་པ་ཡ་གཅིག་སྔར་བཞིན་ལྷ་མོའི་བྲང་འདོགས་མའོ་པར་ལ་འཐམས་ཡོད། ལྷ་མོས་དར་དམར་གྱི་ལག་པ་རང་གི་བྲང་ཐོག་གི་བྲང་འདོགས་མའོ་པར་དེ་དང་ཕྲལ་ཐབས་བྱས་པར་དར་དམར་གྱིས་ནུ་མ་ཁ་ནང་ནས་བཏང་སྟེ་ངུ་ཅོར་བྱས།
བསྟན་པ་དང་ལྷ་མོ་གཉིས་ཁང་པ་དེའི་ནང་ལ་ཁྲིད་ཡོང་མཁན་གྱི་དམངས་དམག་དེ་ཁང་པ་དེའི་སྦུག་ན་ཅོག་ཙེ་ཞིག་གི་ཐོག་ན་ཁ་ཚུར་འཁོར་ཏེ་ཐ་མག་འཐེན་བཞིན་པ་དེའི་འཁྲིས་ལ་སོང་། དཔོན་པོ་ཞིག་ཡིན་ལས་ཆེ་བའི་མི་དེས་ཀྱང་དཔུང་བར་དཔུང་འཆིང་ནག་པོ་དང་བྲང་ཀར་མེ་ཏོག་དཀར་པོ་ཞིག་བཏགས་འདུག ཁོའི་གཡས་ཕྱོགས་ཀྱི་རྩིག་ངོས་ན་མེ་མདའ་ཐུང་ངུ་ཀོ་ཤུབས་ཅན་ཞིག་སྐེད་འཆིང་ལྷན་དུ་དཔྱངས་འདུག དེའི་འོག་ན་མའོ་ཀྲུའུ་ཞིའི་གསུང་རྩོམ་གཅེས་བཏུས་དེབ་བཞི་བོ་བརྩེགས་པའི་ཐོག་མའོ་ཀྲུའུ་ཞིའི་ལུས་སྟོད་ཀྱི་འབག་སྐུ་དཀར་པོ་ཞིག་བཞག་འདུག་ལ། དེའི་མིག་གཉིས་ཀྱིས་དཔོན་པོ་དེའི་ཅོག་ཙེའི་ཐོག་ལ་བལྟས་ནས་བསྡད་ཡོད་པ་དང་འདྲ།
དམངས་དམག་དེས་སྐད་དམའ་མོས་ཁོ་ལ་ཅི་ཞིག་བཤད་སྐབས། དཔོན་པོ་དེས་ཡང་ཡང་དུ་ལྷ་མོའི་ཕྱོགས་ལ་ལྟ་ཞིང། ཁོས་མིག་རེ་རྡེབ་དུས་ཁོའི་མཁུར་ཚོས་ཀྱི་ཐོག་གི་ཤ་གནད་ཅིག་ཀྱང་ཐེངས་རེར་འགུལ་རྒྱུག་བྱེད། ལྷ་མོས་ཁོ་ལ་ཡང་གསང་ནས་མོའི་བྲང་ཁར་བྲང་འདོགས་མའོ་པར་བཏགས་པ་དེ་ལ་བསྟན་པ་འཚིག་པ་ཟ་མགོ་བརྩམས། ཡིན་ན་ཡང་ཁོ་འཚིག་པ་ཟ་ཁོམ་མེད་པ་འདྲ། དཔོན་པོ་དེས་མིག་གིས་སྔར་བཞིན་ལྷ་མོའི་ཕྱོགས་ལ་ལྟ་ཞོར་དུ་རྐུབ་སྟེགས་ཐོག་ནས་དལ་གྱིས་ཡར་ལངས། ཁོའི་མཁུར་ཚོས་ཀྱི་ཐོག་གི་ཤ་གནད་རྒྱུགས་པ་ཇེ་མགྱོགས་དང་ཇེ་དྲག་ཏུ་སོང་ནས་མིག་རྡེབ་ཐེངས་གཅིག་ལ་ཤ་གནད་དེ་ཐེངས་གཉིས་རེར་འགུལ་རྒྱུགས་བྱེད་ཀྱི་ཡོད་པ་འདྲ།
བསྟན་པས་བུ་དར་དམར་གྱི་ངུ་ཁ་གཅོད་བྱེད་དུ་ལྷ་མོའི་བྲང་ཁར་བྲང་འདོགས་མའོ་པར་འདོགས་མཁན་“ང་ཡིན།” ཟེར་རྒྱུ་དེ་ལྕེ་སྣེ་ལ་བཟུང་ནས་བསྡད། བསྟན་པས་དཔོན་པོ་དེའི་ངག་ནས་སྐད་གདངས་གཏུམ་དྲག་ཅན་ཞིག་ཐོས་རྒྱུའི་ཚབ་ཏུ་“རླབས་ཆེན་གྱི་གཙོ་འཛིན་མའོ་ཀྲུའུ་ཞི་དེ་རིང་དགོངས་པ་རྫོགས་པ་རེད།” ཅེས་སྐད་གདངས་སྐྱོ་ཉམས་ཅན་ཞིག་ཐོས་པ་ན་ཁོ་རང་གི་རྣ་བ་ལ་ཡིད་མ་ཆེས། “མའོ་ཀྲུའུ་ཞི་ལ་ཡང་ཤི་རྒྱུ་ཞིག་ཡོད་དམ།” ཁོའི་སེམས་ལ་དེ་ལྟར་འཁོར།
དཔོན་པོ་དེས་བསྟན་པ་དང་ལྷ་མོ་གཉིས་ལ་དཔུང་འཆིང་ནག་པོ་དང་རས་དཀར་པོའི་མེ་ཏོག་རེ་སྟེར་ཞོར་དུ་ “འདི་དག་ནི་མའོ་ཀྲུའུ་ཞིའི་དགོངས་པ་རྫོགས་པར་མྱ་ངན་མཚོན་བྱེད་རེད། འདི་དག་དཔུང་བ་དང་བྲང་ལ་མ་བཏགས་པར་སྲང་ལམ་ལ་བསྐྱོད་ན་ཡང་སྐྱར་དམངས་དམག་ཅིག་གིས་ཁྱེད་གཉིས་འདིར་ཁྲིད་ཡོང་བར་འགྱུར།” ཅེས་བརྗོད་རྗེས་ཡང་ན་རེ་ “ཁྱེད་གཉིས་ཐེངས་གཉིས་པ་འདིར་སླེབས་ན་ངས་ཁྱེད་གཉིས་ཕྱིར་འགྲོ་གི་འཇུག་མི་ཐུབ། ཕ་གི་ན་བཀག་ཉར་བྱས་ཡོད་པ་དེའི་གྲས་ལ་འགྲོ་དགོས་པ་རེད་”ཟེར།
བསྟན་པས་ལྷ་མོ་དང་ཁོ་གཉིས་ཁང་པ་འདིར་ཁྲིད་ཡོང་དོན་ཁོ་གཉིས་ཀྱི་བྲོས་བྱོལ་གྱིས་མིན་པ་ཤེས་པ་ན་ཁོའི་སེམས་གྲིམ་ལྷོད། ཁོའི་མིག་ལམ་ལ་ “ཕ་གི་ན་བཀག་ཉར་བྱས་ཡོད་པ་དེའི་གྲས་”ཀྱི་རྩྭ་ཟ་བཞིན་པའི་ཞོན་གཡག་ཅིག་གི་འཁྲིས་ན་རྭ་ཙེའི་ནང་ལ་ཐ་མག་འཐེན་བཞིན་པའི་མི་དེ་ཤར། ཁོ་ལ་ཡང་ཐ་སྐྱོ་ལངས་ནས་ཁོའི་གཡས་ལག་རུམ་གྱི་རྭ་ཙེ་ལེན་དུ་བསྐྱོད་འདོད་ཀྱང་། ཁོས་རང་གི་ལག་ན་ཡོད་པའི་དཔུང་འཆིང་ནག་པོ་དེ་དང་རས་དཀར་པོའི་མེ་ཏོག་དེ་མཐོང་བ་ན་ཁོའི་སེམས་ལ་ “མི་ངན་རིགས་བཞི་ཞིག་གིས་ཀྱང་མའོ་ཀྲུའུ་ཞི་ཤི་བ་ལ་མྱ་ངན་བྱེད་ཆོག་པ་ཡིན་ནམ།” ཞེས་བསམས།
ལྷ་མོའི་རུམ་གྱི་དར་དམར་གྱིས་ངུ་སྐད་ཤུགས་མེད་ཅིག་བཏོན་པ་ན་བསྟན་པ་གཉིད་ལས་སད་པ་ལྟར་དར་དམར་ལ་བལྟས། དར་དམར་གྱི་མིག་གཉིས་ཕྱེ་མ་བཙུམ་ཡིན་ལ་མཆུ་འདབས་ཀྱང་ཕྱེ་མ་བཙུམ་ཡིན། མཆུ་འདབས་ཅུང་ཙམ་སྐམ་པོར་གྱུར་ནས་སེར་ག་ཕྲ་མོ་རེ་མཐོང་ཐུབ།
“སྙིང་རྗེ།” ཡང་དཔོན་པོ་དེས་ཁ་གྲགས་ཏེ་ན་རེ་ “ཁོའི་ལག་པ་ཆུང་ཆུང་དེ་བྲང་འདོགས་མའོ་པར་ལ་འཐམ་པར་ལྟོས་དང་། སྐད་ཆ་བཤད་མི་ཤེས་ན་ཡང་ཁོའི་སེམས་ཀྱིས་མའོ་ཀྲུའུ་ཞི་མ་བཞུགས་པ་ལྟ་བུའི་དོན་ངན་ཞིག་བྱུང་བ་ཚོར་ཡོད་པ་འདྲ།” ཞེས་ཁོས་དར་དམར་གྱི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དུ་ “ཁོས་དུས་ནམ་ནས་འདི་ལྟར་བྱེད་ཀྱི་འདུག”ཅེས་དྲིས།
བསྟན་པའི་མིག་ལམ་དུ་ཁ་རྩང་དར་དམར་གྱི་ཁ་ཆུས་སྦགས་ཤིང་མིག་ཡས་ཀྱི་དཀྱིལ་ནས་རལ་བའི་མའོ་ཀྲུའུ་ཞིའི་འདྲ་པར་དེ་ཤར། ཡིན་ན་ཡང་ཁོའི་ངག་ནས་ “དེ་རིང་ཞོགས་ཀ་སྔ་བོ་ནས།” ཞེས་ལན་གཞན་པ་ཞིག་ཤོར་མ་ཐག་ “ལྟོས།” ཞེས་ཡང་དཔོན་པོ་དེ་ན་རེ་ “མའོ་ཀྲུའུ་ཞི་མདང་དགོང་དགོངས་པ་རྫོགས་ཀྱང་དེ་རིང་ཉིན་གུང་བར་དུ་གཏམ་ངན་དེ་ཁྱབ་བསྒྲགས་བྱས་ཡོད་པ་མ་རེད། ཁྱབ་བསྒྲགས་ཀྱི་སྔོན་ལ་ཁྱོད་གཉིས་ཀྱི་བུ་ཡི་སེམས་ལ་ཚོར་བ་ཞིག་སྐྱེས་ཟིན་པ་འདྲ།”ཟེར་ཞིང་། ཁོའི་འགྲམ་པའི་ཐོག་གི་ཤ་གནད་དེ་ཡང་སྐྱར་འདར་རྒྱུགས་ཤིག་བྱས།
བསྟན་པ་དང་ལྷ་མོ་གཉིས་ཁང་མིག་དེའི་ཕྱི་ལ་བུད་པ་ན། ཡང་རྒྱང་བསྒྲགས་ཀྱི་སྒྲ་རྣ་ནང་ལ་འཚང་ནས་ཡོང་། ད་རེབ་འཚང་ཡོང་བ་ནི་སྒྲ་དབྱངས་རྣ་ལ་ལྗིད་བག་ཅན་དེ་མིན་པར་བོད་སྐད་རྣ་ལ་ལྗིད་བག་ཅན་ཞིག་རེད། “ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་།…”ཞེས་རྒྱལ་ཁབ་ཀྱི་ལས་ཁུངས་དེ་དག་གི་མིང་རྣམས་ཧ་ཅང་དལ་མོ་དང་གསལ་པོས་བགྲང་བཞིན་ཡོད།
“ ཡ་གིར་ལྟོས་དང་། མི་མང་པོ་ཡོད་ས་དེར་སོང་།” བསྟན་པ་དང་ལྷ་མོ་གཉིས་ར་སྐོར་དེའི་ནང་ལ་ཁྲིད་ཡོང་མཁན་གྱི་དམངས་དམག་དེས་ཁོ་གཉིས་སྒོ་ཆེན་བར་དུ་བསྐྱལ་རྗེས་སྲང་ལམ་གྱི་གཡོན་ཕྱོགས་ལ་མཛུབ་སྟོན་བྱས་ནས་དེ་ལྟར་བཤད།
བསྟན་པས་མི་མང་པོ་ཡོད་ས་དེ་ནི་རྫོང་འདིའི་ཚོམས་ཁང་ཡིན་པ་ཤེས། སྔོན་མ་ཁོ་ས་འདིར་རྒྱ་རྟ་ཉོ་བ་རྣམས་ཀྱི་རྟ་འཚོ་རུ་ཡོང་སྐབས་ཚོམས་ཁང་དེའི་ནང་ལ་གློག་བརྙན་ལ་བལྟ་རུ་ཐེངས་དུ་མར་སོང་མྱོང་། ཡིན་ན་ཡང་ཁོ་གཉིས་ད་ལྟ་དེ་ལ་ཅིའི་ཕྱིར་འགྲོ་དགོས་པ་དང་། དེ་ན་མི་མང་པོ་ཅིའི་ཕྱིར་འཛོམས་ཀྱི་ཡོད་པ་ཡང་ཁོས་མི་ཤེས།
ཚོམས་ཁང་འདས་ན་རྫོང་འདིའི་སྨན་ཁང་ཡོད། དེ་གཉིས་ཀྱི་བར་ན་གྱང་ཞིག་མ་གཏོགས་མེད། བསྟན་པའི་མིག་ལམ་དུ་ན་ཚ་མ་གཏོགས་གྲལ་རིམ་ལ་མི་ལྟ་བའི་སྨན་པ་རྒྱ་མོ་མགོ་སེ་མ་དེ་ཤར། དེས་མིག་ཤེལ་སྣ་འདབས་ལ་གོན་ཅིང་། ནད་རྟགས་ཉན་ཆས་དེས་ཁོའི་ལུས་སྟོད་ཀྱི་མདུན་རྒྱབ་ཀྱི་གནས་དུ་མར་སྤོར་ནས་ཉན་པ་དེ་ལོ་དུ་མའི་སྔོན་ལ་ཁོ་རྒྱ་རྟ་ཉོ་བ་རྣམས་ཀྱི་རྟ་རྫིར་ཡོང་སྐབས་བྱུང་བ་ཡིན་ན་ཡང་ཁ་རྩང་བྱུང་བ་ལྟར་ཁོ འི་དྲན་སྣང་ལ་གསར།
ཁོ་ད་རེབ་ཨོའུ་རྒྱ་རྫོང་ལ་བྲོས་བྱོལ་གྱིས་ཡོང་དོན་ཡང་སྨན་ཁང་དེ་དང་སྨན་པ་དེ་ཡིན། ཡིན་ན་ཡང་ད་ལྟ་སྨན་ཁང་དེར་སླེབས་སྐབས་ཡིན་གཅིག་མིན་གཅིག་དེའི་འཁྲིས་ཀྱི་ཚོམས་ཁང་ལ་འཛུལ་དགོས་དོན་ཅི་ཡིན་ནམ། ཚོམས་ཁང་དེའི་ནང་ལ་དུས་ཡུན་ཅི་ཙམ་འགོར་གྱི་ཡིན་ནམ། མ་གཞི་སྨན་པ་རྒྱ་མོ་མགོ་སེ་མ་དེ་ཡོད་པ་ཡིན་ནམ། བསྟན་པའི་སེམས་ལ་དེ་ལྟར་འཁོར་ཏེ་དམངས་དམག་དེ་ལ་འདྲི་བསམས་ཀྱང་ཁོ་མཐོང་ལམ་ན་མེད། ཁོའི་མཐོང་ལམ་ན་ཡོད་པ་ནི་སྒ་ཐོག་ན་དགོ་རོ་ཞིག་ཡོད་པའི་རྟ་ཞིག་རེད། དགོ་རོ་དེའི་སོག་པའི་ཐོག་ན་བསྐམས་པར་གྱུར་པའི་ཁྲག་ཐིགས་ཐར་ཐོར་རེ་མཐོང་། རྒྱབ་ལ་མེ་མདའ་རིང་པོ་གཉིས་འཁུར་བའི་དམངས་དམག་ཅིག་གིས་རྟ་དེ་ཁྲིད་འདུག་ཅིང་། དེའི་མདུན་ན་སློག་པ་གསར་པ་ཞིག་གོན་ཅིང་མིག་ཤེལ་ནག་པོ་ཆ་གཅིག་གྱོན་པའི་ཁྱོ་ག་དར་མ་ཞིག་གི་ལག་པ་གཉིས་ཁོའི་རྒྱབ་ཏུ་བསྡམས་ནས་སྡོམ་ཐག་གི་སྣེ་མོ་ཡང་དམངས་དམག་དེས་བཟུང་ནས་འགྲོ་བཞིན་ཡོད།
“དཔལ་རྡོ་ཀྲུའུ་རེན་ལས་ངན་པོ།”བསྟན་པ་དང་ལྷ་མོ་གཉིས་ཀྱི་འཁྲིས་ན་འགྲོ་བཞིན་པའི་ན་གཞོན་མ་གཉིས་ལས་གཅིག་གིས་དེ་ལྟར་བཤད་རྗེས་གཡས་ལྟ་གཡོན་ལྟ་ཞིག་བྱས་ཤིང་“ དོ་དགོང་དགོ་ཤ་ཡི་མོ་མོ་ཞིམ་པོ་ཞིག་ཟ་འདོད་ཡོད་ཀྱི་རེད། མའོ་ཀྲུའུ་ཞི་མ་བཞུགས་པ་ཁོའི་སེམས་ཀྱི་དགུ་ཡུལ་ལའང་ག་ལ་ཤར།” ཞེས་སྐད་མགོ་ཇེ་དམར་བཏང་ནས་བཤད་རྗེས་དགོ་རོ་ཁུར་བའི་རྟ་དེ་ལ་ཕྱིར་ལྟ་ཞིག་བྱས།
གཞན་པ་དེས་“ཨ་ཁུ་ཚེ་བརྟན་གྱིས་ཀྱང་མའོ་ཀྲུའུ་ཞི་ཤི་…”ཞེས་གོ་མ་ཐག་ཐོག་མར་ལྕེ་སྣར་ཞིག་བྱས་ཤིང་།དེས་ཀྱང་གཡས་ལྟ་གཡོན་ལྟ་ཞིག་བྱས་རྗེས་ན་རེ་ “འདས་པ་མ་ཤེས་ཏེ། ཤོ་ཆུའི་ཁ་ན་ཆང་འཐུང་ནས་བསྡད་ཡོད་པས་འཛིན་བཟུང་བྱས་པ་རེད་”ཟེར།
བསྟན་པས་དེ་ཐོས་པ་ན་ལྷ་མོ་དང་ཁོ་གཉིས་ཀྱིས་ད་སོ་མ་ཁང་མིག་དེའི་སྒོ་ཁར་མཐོང་བའི་མིག་གིས་རང་གི་རྐང་སྣེ་གཅིག་པོ་བལྟས་ནས་འགྲོ་བཞིན་པའི་ཆང་འཐུང་དེ་དྲན།
ཁོས་ལྷ་མོའི་ངུ་སྐད་དམའ་མོ་ཞིག་ཐོས་སྐབས་ཁ་ཕྱིར་འཁོར་ནས་ལྷ་མོ་ལ་བལྟས། མོས་དར་དམར་རང་གི་བྲང་ལ་དམ་པོར་སྦྱར་ཞིང་། མིག་གིས་དར་དམར་གྱི་ངོ་ལ་བལྟས་ནས་འགྲོ་བཞིན་ཡོད། བསྟན་པས་དར་དམར་ལ་མ་བལྟས་ཀྱང་དར་དམར་གྱི་དཔྲལ་བའི་སྟེང་གི་རྩ་རྒྱུས་ཇེ་སྔོར་གྱུར་ཅིང་། མཁུར་ཚོས་གཉིས་ཇེ་དམར་དུ་གྱུར། མིག་གཉིས་ཕྱེད་བཙུམ་བྱས་ཡོད་པའི་བར་ནས་མིག་རིལ་གཉིས་ཀྱི་དཀར་ཆ་མངོན་ཡོད་པ་དེ་ཁོའི་མིག་ལམ་ལ་ཤར་བཞིན་ཡོད།
“ནང་ལ་སོང་། ནང་ལ་སོང་། ལམ་ཁ་མ་འགོག” ཟེར་བ་ཐོས་པ་ན། བསྟན་པས་དམངས་དམག་དེས་བསྟན་པའི་ “མི་མང་པོ་མཐོང་བའི་རྒྱ་སྒོ་དེ”ཡི་མདུན་དུ་སླེབས་འདུག་པ་ཚོར། དེར་སྒོ་སྲུང་བྱས་ཡོད་པའི་དམག་མི་ཕྲེང་གཉིས་ཀྱི་བར་ན་མི་ཕྲེང་གཉིས་འགུལ་བཞིན་ཡོད་པ་ལས་གཅིག་ནི་སྒོ་ནང་ལ་འཛུལ་བཞིན་ཡོད་ལ། གཞན་པ་དེ་སྒོ་ཕྱི་ལ་ཐོན་བཞིན་ཡོད།
བསྟན་པ་དང་ལྷ་མོ་གཉིས་སྒོ་ནང་ལ་འཛུལ་བཞིན་པའི་མི་ཕྲེང་གི་ཕྱོགས་སུ་ཡོད་པས་རང་དབང་མེད་པར་དེའི་གྲལ་ལ་འཛུལ་དགོས་བྱུང་། ཁོ་གཉིས་ཚོམས་ཁང་ཆེན་པོ་དེའི་ནང་ལ་འཛུལ་བ་ན་ད་ཅི་སྲང་ལམ་དུ་ཐོས་པའི་རོལ་དབྱངས་ལྗིད་བག་ཅན་དེ་ཡང་སྐྱར་རྣ་ལམ་ལ་འཚང་ནས་ཡོང་། ཁང་སྦུག་གི་རྩིག་ངོས་ལ་བཀལ་ཡོད་པའི་མའོ་ཀྲུའུ་ཞིའི་འདྲ་པར་ཆེན་པོ་དེ་བསྟན་པའི་མིག་ལམ་ལ་ཐོག་མར་ཤར་། དེ་ལ་ཚོན་མདོག་མེད་ཅིང་མཐའ་ཐིག་ནག་པོ་ཞིག་འཐེན་ཡོད། དེའི་མདུན་དང་གཡས་གཡོན་དུ་ཤོག་བུའི་མེ་ཏོག་གི་ཕྲེང་བ་གོར་གོར་མི་ཚད་ཅན་དུ་མ་ཞིག་ཕྲེང་བསྟར་གྱིས་བསྒྲིགས་ཡོད། དེ་རྣམས་ཀྱི་མདུན་ཕྱོགས་སུ་དམག་མི་གཉིས་ཀྱིས་མེ་མདའ་བྲང་ལ་སྦྱར། མིག་གཉིས་ཀྱིས་མདུན་ལ་བལྟས། གཡོ་འགུལ་མེད་པར་འགྲེངས་འདུག
བསྟན་པ་དང་ལྷ་མོ་གཉིས་མི་ཕྲེང་གི་རྗེས་སུ་འབྲངས་ནས་མའོ་ཀྲུའུ་ཞིའི་འདྲ་པར་གྱི་མདུན་ལ་འགྲོ་བཞིན་ཡོད། ཚོམས་ཁང་ཧ་ཅང་ཆེ་ན་ཡང་། དེའི་ནང་ལ་འཁྱིལ་བའི་རོལ་དབྱངས་ལྗིད་པོ་དེ་ཚོམས་ཁང་ནང་ལ་ཤོང་གི་མེད་པའི་ཚོར་སྣང་སྟེར་ཞིང་། མི་འཕྲེང་ལ་སྨྲ་བརྗོད་མེད་ཀྱང་ཁོ་ཚོའི་སྣ་ཤུབ་དང་ངུ་ཤུབ་དག་བསྟན་པ་དང་ལྷ་མོ་གཉིས་ཀྱི་སྔ་གཞུག་ཐམས་ཅད་ནས་གྲགས་ཡོང་བ་དང་། སྐབས་འགར་ངུ་སྐད་མཐོན་པོ་རེ་གྲགས་དུས་བསྟན་པས་ལྷ་མོ་དང་ཁོ་གཉིས་ལ་ངུ་མི་བྲོ་བ་དེ་ལ་བསྟན་པ་བློ་བག་མི་བདེ་བ་ཞིག་བྱུང་།
ཁང་སྦུག་གི་མའོ་ཀྲུའུ་ཞིའི་འདྲ་པར་གྱི་མདུན་ལ་སླེབས་སྐབས་ཅི་ཞིག་བྱེད་དགོས་པ་ཤེས་འདོད་ནས་བསྟན་པས་དེ་ལ་བལྟས་པར། མི་མང་ཆེ་བ་དྲང་མོར་ཡུད་ཙམ་ལངས་ནས་བསྡད་རྗེས་ལུས་སྟོད་ཐེངས་གསུམ་ལ་སྒུར་ནས་འགྲོ་བར་བྱེད། རྒྱ་མོ་འདྲ་བ་ཞིག་དེར་སླེབས་མ་ཐག་ལུས་སྟོད་ཐེངས་གསུམ་མགྱོགས་པོར་སྒུར་རྗེས་ལག་པས་ཁ་བཀབ་ནས་སོང་། ཕལ་ཆེར་ངུ་ངག་འགོག་གི་ཡོད་པ་འདྲ།
“ཀྱེ་མ་ཉི་མ་དམར་པོ།” གསར་བུ་ཞིག་གིས་སྐྱོར་ནས་ཡོང་བའི་རྒན་མོ་ཞིག་མའོ་ཀྲུའུ་ཞིའི་འདྲ་པར་གྱི་མདུན་ལ་སླེབས་སྐབས་མོས་ངུ་སྐད་མཐོན་པོས་དེ་སྐད་དུ་བརྗོད། མགོ་སྐྲ་དཀར་པོ་ཅན་གྱི་རྒན་མོ་དེ་མའོ་ཀྲུའུ་ཞིའི་འདྲ་པར་གྱི་མདུན་དུ་གཞན་པ་ལྟར་ལུས་སྟོད་ཡར་དགྱེ་མར་སྒུར་མི་བྱེད་པར་མར་སྒུར་ནས་ཡར་དགྱེ་བར་མི་བྱེད།
“ཨུ། ཨུ། ཨུ། ང་ཚོའི་ལས་འདི་”ཟེར་ནས་རྒན་མོ་དེས་སྐད་ཅོར་རྒྱག་མགོ་བརྩམས་ཤིང་། “ཀྱེ། སེམས་ཁོང་གི་ཉི་མ་དམར་པོ། ཁྱེད་ཀྱིས་ང་ཚོ་བཞག་ནས་ཕེབས་ཕོད་པ་འདི་ཅི་ཡིན།” ཟེར་ནས་སྨྲེ་ངག་རྣ་ལ་གཙེས་པ་ཞིག་བཏོན།
བསྟན་པས་རང་གི་རྒྱབ་ཕྱོགས་ན་ལྷ་མོས་རང་ཉིད་ཀྱི་སློག་པ་འཐེན་གྱི་ཡོད་པ་ཚོར། ཁོ་ཁ་ཕྱིར་འཁོར་དུས་ལྷ་མོས་དར་དམར་གྱི་གདོང་ལ་བལྟས་ནས་ངུ་བཞིན་འདུག དར་དམར་ཁ་གདངས་པ་སྔར་ལས་ཆེ་ཞིང་། མིག་ལྕིབས་བར་གྱི་མིག་རིལ་གྱི་དཀར་ཆ་དེ་སྔར་ལས་ཆེ། བསྟན་པས་རང་གི་རྣ་བ་དར་དམར་གྱི་སྣ་རྩ་ལ་སྦྱར་བ་ན་དབུགས་ཧ་ཅང་ཕྲ་མོ་ཞིག་ལེན་གྱི་ཡོད་པ་ཚོར། བསྟན་པས་ལྷ་མོ་འཐེན་ནས་མི་ཕྲེང་ལས་ལོགས་སུ་ཐོན།
རྒན་མོ་དེ་ཡང་གསར་བུ་གཉིས་ཀྱིས་སྐྱོར་ནས་མི་ཕྲེང་ལས་ལོགས་སུ་ཐོན་ནས་བསྟན་པ་དང་ལྷ་མོ་གཉིས་ཀྱི་འཁྲིས་སུ་སླེབས་པ་ན་“ཀྱེ་མ། ཀྱེ་མ་ཀྱེ་ཧུད།” ཅེས་མོའི་ངུ་ཅོར་གྱི་སྒྲ་ཇེ་མཐོར་གྱུར། “མའོ་ཀྲུའུ་ཞི་ལགས། ཁྱོད་…” ཞེས་མོ་བརྣངས་ནས་མོའི་ངག་ནས་ཚིག་མ་ཐོན།
“ཨ་མ། ཨ་མ།” མོ་སྐྱོར་མཁན་གྱི་གསར་བུ་གཅིག་གིས་མོ་དེ་ལྟར་འབོད་བཞིན་ཚོམས་ཁང་གི་རྒྱ་སྒོའི་ཕྱོགས་སུ་འགྲོ་བཞིན་ཡོད།
བསྟན་པ་དང་ལྷ་མོ་གཉིས་ཀྱང་དེ་དག་གི་རྗེས་སུ་འབྲངས་ཤིང་། ལྷ་མོས་དར་དམར་བྲང་ལ་དམ་པོར་སྦྱར་ནས་བསྟན་པའི་རྗེས་སུ་འབྲངས་ནས་“ཨུ། ཨུ། ཨུ།”ངུ་ཞོར་དང་འགྲོ་ཞོར་བྱེད།
ཁོ་ཚོ་ཚོམས་ཁང་གི་རྒྱ་སྒོར་སླེབས་པ་ན་ནང་ལ་ཡོང་བ་དང་ཕྱི་ལ་འགྲོ་བའི་མི་ཕྲེང་གཉིས་ཀས་རེ་ཞིག་འགྲོ་མཚམས་བཞག་ནས་ཁོ་ཚོར་འགྲོ་ལམ་ཕྱེ་ཞིང་ཁོ་ཚོ་ལ་ལྟ་བར་བྱེད།
“སྨན་ཁང་འདི་ཕྱོགས་ན་ཡོད་པ་རེད།” ཁོ་ཚོ་ཚོམས་ཁང་གི་ཕྱི་ལ་ཐོན་པ་ན་སྐེ་ལ་པར་ཆས་དཔྱངས་པའི་སྐྱེས་པ་ཞིག་རྒྱུགས་ཡོང་ནས་དེ་སྐད་ཟེར་ཞིང་ཁོ་ཚོའི་སྔ་ཕྱི་ལ་རྒྱུགས་ནས་ཡང་དང་ཡང་དུ་པར་བརྒྱབ།
སྨན་པས་དར་དམར་ལྷ་མོའི་བྲང་ནས་ལེན་དུས་ཁོའི་ལག་པ་ཆུང་ཆུང་གཡས་པ་དེ་ད་དུང་ལྷ་མོའི་བྲང་ཁའི་བྲང་འདོགས་མའོ་པར་ལ་འཐམ་ཡོད་ཅིང་། མཛུབ་མོ་རེ་རེ་བྱས་ནས་ཕྲལ་དགོས་བྱུང་། ཡིན་ན་ཡང་ད་རེབ་ཁོ་མ་ངུས། སྐབས་དེ་དག་ལ་པར་པ་དེ་གཡས་རྒྱུགས་གཡོན་རྒྱུགས་ཀྱིས་པར་རྒྱག་ཅིང་། ལྷ་མོའི་བྲང་ཁ་ལ་པར་ཆས་ཀྱི་གློག་འོད་ཡང་ཡང་འཚེར་བ་ན་ལྷ་མོས་མགྱོགས་པོར་ཚིལ་ལེན་གྱི་གོས་འདབས་མར་ཕབ་ནས་དར་དམར་གྱི་ཁ་ནས་ཕྲལ་མ་ཐག་པའི་ནུ་མ་བཀབ།
ང་།
“ཨ་མ། ཨ་མ།འདྲེ་ཕྲུག་འདིའི་གདོང་ལ་ལྟོས་དང་།”ཟེར་ནས་ལྷ་མོས་མཚར་སྐད་ཆེན་པོ་ཞིག་བརྒྱབ། དོན་ཆུང་ལ་མཚར་སྐད་ཆེན་པོ་རྒྱག་པ་ནི་ལྷ་མོ་ཡི་སེམས་ཁམས་སྐྱིད་པའི་མཚོན་རྟགས་ཤིག་ཡིན། ཉིན་གཉིས་ཀྱི་སྔོན་ནས་དར་དམར་གྱིས་རྩམ་སྐྱོ་རེ་ལྡེག་མགོ་བརྩམས་པ་ནས་ལྷ་མོའི་ཁ་ནས་མཚར་སྐད་ཐོན་པ་ཇེ་མང་དུ་འགྲོ་བཞིན་ཡོད།
ད་ལྟ་ཡང་དར་དམར་གྱི་མདུན་ན་དཀར་ཡོལ་ཆུང་ཆུང་ཞིག་གི་ནང་ལ་རྩམ་སྐྱོ་ཡོད་ཅིང་། ཁོའི་ལག་པ་ཆུང་ཆུང་གཉིས་ཀ་དང་ཁ་སྣ་གཉིས་ཀ་ཚང་མ་རྩམ་སྐྱོས་སྦགས་འདུག་པ་མཐོང་བ་ན་ལྷ་མོས་མཚར་སྐད་དེ་བརྒྱབ།
“ཨོ་ཡ། ད་དེ་རེད།” བསྟན་པས་སྒེའུ་ཁུང་ཕྱི་ལོགས་ལ་བལྟས་ནས་དེ་སྐད་དུ་བརྗོད།
“ཅི་ཞིག་རེད་ཟེར་གྱི་ཡོད།” ལྷ་མོས་དེ་ལྟར་འདྲི་ཞོར་དུ་མོ་ཡང་སྒེའུ་ཁུང་ཁ་རུ་སོང་།
སྒེའུ་ཁུང་ཕྱི་ལོགས་ན་ད་ཅི་དར་དམར་གྱི་ཚ་གྲང་ལ་ལྟ་གི་ཡོང་བའི་ནད་གཡོག་མ་དེས་སྤྱི་བདེ་ལས་བྱེད་ཅིག་དང་མི་གཞན་པ་ཞིག་ལ་དར་དམར་གྱི་ནད་ཁང་ཡོད་སའི་ཁང་བསྟར་ལ་མཛུབ་མོས་བསྟན་ནས་ཅི་ཞིག་བཤད་བཞིན་འདུག
“ད་ང་འཛིན་བཟུང་བྱས་ན་བྱས།” བསྟན་པས་མུ་མཐུད་ནས་སྒེའུ་ཁུང་གི་ཕྱི་ལོགས་ལ་བལྟས་ནས་དེ་ལྟར་བརྗོད་རྗེས་ཡང་ན་རེ་ “ད་ཞི་ལུ་དྲག་བཞིན་པ་འདི་རེད། ཡིན་ན་ཡང་ཁྱོད་གཉིས་ཇི་ལྟར་ཕ་ཡུལ་ལ་…”
“ཁྱོད་མེད་ན་ངེད་གཉིས་ཇི་ལྟར་ཕ་ཡུལ་ལ་ལོག་རྒྱུ།” ལྷ་མོས་བསྟན་པའི་ཚིག་མཚམས་བཅད་དེ་དེ་ལྟར་ཟེར་ནས་ངུས།
“པ་་་པ་་པ་་རྡ་་རྡ་་རྡ་”དར་དམར་གྱི་གོ་རྒྱུ་མེད་པའི་སྨྲ་བརྗོད་ཀྱིས་ལྷ་མོའི་ངུ་མཚམས་ཀྱང་བཅད། ཁོའི་གདོང་པ་ཡང་སྐྱར་རྩམ་སྐྱོས་སྦགས་འདུག་ལ། གཡས་ལག་ཀྱང་རྩམ་སྐྱོས་སྦགས་འདུག་པ་ལྷ་མོ་ལ་བསྟན་ནས་གོ་རྒྱུ་མེད་པ་ཞིག་བརྗོད་བཞིན་འདུག
“ཡ་བློ་མཐུན་བསྟན་པ།”མི་ཞིག་གིས་བསྟན་པའི་མིང་ནས་བོས་ཏེ་ཁང་མིག་དེའི་ནང་ལ་འཛུལ་ནས་ཡོང་། དེ་ནི་བསྟན་པས་སྒེའུ་ཁུང་ནས་མཐོང་བའི་སྤྱི་བདེ་ལས་བྱེད་དང་མཉམ་དུ་ཡོད་པ་དེ་རེད། ཁོའི་རྗེས་སུ་སྤྱི་བདེ་ལས་བྱེད་དེ་ཡང་འཛུལ་ནས་ཡོང་། ཁོའི་གདོང་ལ་འཛུམ་ཞིག་ལངས་ཡོད་པ་མ་གཏོགས་ཅི་ཡང་མ་བཤད།
“ཁྱེད་གཉིས་ཀྱི་ཞི་ལུ་ན་ཡོད་པ་ངས་ཐོས་སོང་། ཡིན་ན་ཡང་ཁ་རྩང་དེ་རིང་ཉི་མ་དམར་པོ་ཁོང་མ་བཞུགས་པའི་སེམས་སྡུག་དང་། མྱ་ངན་ཆེན་མོའི་གྲ་སྒྲིག་གི་བྲེལ་ཟིང་གིས་དེ་རིང་བར་དུ་སྐོར་ཞིག་ཀྱང་རྒྱག་ཐུབ་མ་སོང་”ཟེར།
སྤྱི་བདེ་ལས་བྱེད་དེས་བསྟན་པ་དང་ལྷ་མོ་གཉིས་ཀྱིས་ཅི་ཡིན་མ་ཤེས་པར་འཐོམས་ནས་བསྡད་ཡོད་པ་མཐོང་སྐབས་“ཁོང་ནི་ཨོའུ་རྒྱ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྐལ་རྡོ་རེད།” ཟེར་ནས་སྐལ་རྡོ་ཀྲུའུ་རིན་ལ་ཐེངས་གཅིག་བལྟས་རྗེས་ཡང་ན་རེ་ “ཀྲུའུ་རེན་གྱིས་ཁྱོད་གཉིས་ཀྱི་ཞི་ལུ་ལ་སྨན་བཅོས་ཡག་པོ་བྱེད་དགོས་པའི་བཀའ་བཏང་བ་རེད།” ཟེར་ནས་ཡང་སྐལ་རྡོ་ཀྲུའུ་རེན་ལ་ཐེངས་གཅིག་བལྟས།
“རེད། བྱིས་པ་འདི་འདྲའི་ལོ་ཆུང་ཞིག་མའོ་ཀྲུའུ་ཞི་གཤེགས་པའི་མྱ་ངན་གྱིས་བཏུབ་འདུག་པ་ཐོས་སྐབས་ང་སེམས་འགུལ་དང་སེམས་ཁྲལ་གཉིས་ཀྱིས་འདུག་མི་བཟོད་པར་གྱུར་སོང་།” ཟེར་ནས་ཁོས་ནད་ཁང་གི་ནང་ལ་མིག་སྐོར་ཞིག་བརྒྱབ་རྗེས་ “ནད་ཁང་ཇི་འདྲ་རེད། སྟབས་མི་བདེ་བ་འདྲ་འདུག་གམ།”ཞེས་དྲིས།
བསྟན་པ་དང་ལྷ་མོ་གཉིས་ཀྱིས་དེ་ལ་ལན་མ་བརྒྱབ་སྔོན་ལ་སྤྱི་བདེ་ལས་བྱེད་དེས་ “ཨོ་རེད། ནད་ཁང་འདི་ཡང་སྐལ་རྡོ་ཀྲུའུ་རེན་གྱིས་དམིགས་བསལ་གྱིས་བཀོད་སྒྲིག་གནང་བ་རེད། དེ་མིན་ན་ཁྱོད་གཉིས་ཁོ་ཚོ་ལྟར་འདུག་དགོས་པ་རེད།” ཟེར་ནས་སྒེའུ་ཁུང་ལས་མཐོང་བའི་སྨན་ཁང་གི་ར་སྐོར་ལ་མཛུབ་མོས་བསྟན།
དེ་ན་རས་གུར་དང་ཕྱིང་གུར་སྐོར་ཞིག་ཕིབས་འདུག་ལ། རས་གུར་ཞིག་གི་སྒོ་འགྲམ་ན་རྒད་པོ་ཞིག་གིས་ཐང་ལ་བཏིང་བའི་སློག་པ་ཞིག་གི་ནང་ལ་ཤིག་འཐུ་བཞིན་འདུག དེའི་འཁྲིས་ན་ཅི་ཡང་གྱོན་མེད་པའི་བྱིས་པ་དམར་རྗེན་གཉིས་རྩེ་མོ་རྩེད་བཞིན་འདུག
སྐལ་རྡོ་ཀྲུའུ་རེན་དར་དམར་གྱི་ནད་ཁྲིའི་སྟེང་ལ་བསྡད། ཁོས་ལག་པ་བརྐྱངས་ནས་དར་དམར་གྱི་མགོ་ལ་བྱིལ་བྱིལ་བྱེད་འདོད་པ་འདྲ་ཡང་། དར་དམར་ཁོ་ལ་སྐྲག་ནས་ངུ་བཞིན་ལྷ་མོ་ལ་ལག་པ་བརྐྱངས། ལྷ་མོས་དར་དམར་བང་རྩིས་བྱེད་སྐབས། སྐལ་རྡོ་ཀྲུའུ་རེན་གྱིས་རང་གི་སྟོད་གོས་ཀྱི་ཁུག་མ་ནས་ཤེལ་རྒྱུ་དཀར་པོ་ཅན་གྱི་བྲང་འདོགས་མའོ་པར་ཞིག་བཏོན་ནས་དར་དམར་ལ་བསྟན། དར་དམར་གྱིས་མའོ་གདོང་འཛུམ་རིས་ཅན་དེ་མཐོང་མ་ཐག་ཁོའི་ངུ་མཚམས་ཆད་པར་གྱུར།
“ངས་འདིའི་རྒྱབ་ཀྱི་ཁབ་བཟུང་བླངས་ཚར་བ་ཡིན།” སྐལ་རྡོ་ཀྲུའུ་རེན་གྱིས་ལྷ་མོས་བྲང་འདོགས་མའོ་པར་ལ་བལྟས་ནས་མོའི་ལག་པ་འགུལ་ཙམ་འགུལ་ཙམ་བྱེད་ཀྱི་ཡོད་པ་མཐོང་བ་ན་དེ་སྐད་ཟེར་ཞིང་། ཡང་ཁོས་དར་དམར་ལ་བལྟས་ནས་ན་རེ་“ཁྱོད་འཚར་ལོངས་བྱུང་ན་ངས་ཁྱོད་ལ་དམག་གོས་ཤིག་དང་དམག་ཞྭ་ཞིག་ཉོ་ནས་ཡོང་། དེ་དུས་བྲང་ཁ་ལ་བྲང་འདོགས་མའོ་པར་འདི་ཐོགས་དང་། ཁྱོད་ནི་ཨ་ཁུ་དམར་སྲུང་དམག་དང་འདྲ་བར་འགྱུར་”ཟེར།
དར་དམར་གྱིས་དེ་ལ་ལན་ཞིག་རྒྱག་གི་ཡོད་པ་དང་འདྲ་བར། མིག་གིས་སྐལ་རྡོ་ཀྲུའུ་རེན་ལ་ལྟ་ཞིང་། ལག་ཡས་ཀྱིས་བྲང་འདོགས་མའོ་པར་དེ་ཡར་ལ་བཏེགས་ནས་ “པ་་་པ་་་པ་་རྡ་་རྡ་་རྡ…”ཞེས་ལྡབ་ལྡིབ་ཀྱི་སྒྲ་ཕྱུང་ནས་ཅི་ཞིག་བཤད་ཀྱི་ཡོད་པ་དང་འདྲ།
“ངས་གསར་འགྱུར་ཚང་མ་བཀླགས་པ་ཡིན། བྱིས་པ་ལོ་ཁ་མ་གང་བ་ཞིག་མའོ་ཀྲུའུ་ཞི་དགོངས་པ་རྫོགས་པའི་མྱ་ངན་གྱིས་ན་བར་གྱུར་པ་ནི་སྤྱིར་བཏང་ཞིག་མ་རེད།” སྐལ་རྡོ་ཀྲུའུ་རེན་གྱིས་དེ་ལྟར་བཤད་རྗེས་ད་ཅི་ནས་ཁོའི་མཆན་འོག་ཏུ་བཟུང་ཡོད་པའི་ཚགས་པར་དེའི་ཁ་ཕྱེ་ནས་བསྟན་པ་དང་ལྷ་མོ་གཉིས་ལ་བསྟན།
བསྟན་པ་དང་ལྷ་མོ་གཉིས་ཀྱིས་ཚགས་པར་ཐོག་གི་འདྲ་པར་མཐོང་བ་ན་ཧང་སངས་པར་གྱུར། ཁོ་གཉིས་ཀྱིས་དང་པོ་མཐོང་བ་ནི་མྱ་ངན་ཚོམས་ཆེན་གྱི་ནང་དུ་མཐོང་བའི་རྒན་མོ་དེའི་འདྲ་པར་རེད། མོའི་ལུས་སྟོད་མར་ཅུང་ཙམ་སྒུར་ནས་བསྡད་ཡོད་ཀྱང་ཡར་དགྱེས་པའི་ངོ་གདོང་གི་སྟེང་དུ་སྐྲ་འདབས་མིག་ཆུ་ལ་འབྱར་འདུག མོའི་མིག་གཉིས་ཟུམ་འདུག་ལ་སྨྲེ་ངག་འདོན་པའི་ཁ་གདངས་པའི་ནང་དུ་སོ་ཁ་ཤས་བུད་པ་ཡང་གསལ་པོར་མཐོང་ཐུབ།
དེའི་གཡས་ཕྱོགས་ན་ཁོ་གཉིས་ཀྱི་ཞི་ལུ་དར་དམར་གྱིས་ལྷ་མོའི་ནུ་མ་གཡས་པ་ནུ་བཞིན་ལག་པ་ཆུང་ཆུང་ཡ་གཅིག་མོའི་བྲང་ཁ་གཡོན་པའི་ཐོག་གི་བྲང་འདོགས་མའོ་པར་དེ་ལ་འཐམས་ནས་བསྡད་ཡོད། ལྷ་མོས་འདྲ་པར་དེ་ལས་རང་གི་ནུ་མ་མཐོང་བ་ན་རང་དབང་མེད་པར་སློག་པའི་གོང་བ་ཡར་འཐེན།
འདྲ་པར་དེ་གཉིས་ཀྱི་སྟེང་འོག་ན་ཡི་གེ་མང་པོ་ཞིག་བྲིས་འདུག བསྟན་པས་“ཆུང་ལོ་་་གཅིག་་་ནས་་་རྒས་་་ལོ་་་བདུན་ཅུ་་་བར་་་མྱ་ངན་…”ཞེས་ཡི་གེ་ཆེན་པོའི་ཕྲེང་དེ་ཆད་མ་མཐུད་ཀྱིས་ཀློག་སྐབས་ “ཟླ་དགུ་བའི་ཚེས་དགུ་ཉིན་དར་དམར་བྲང་འདོགས་མའོ་པར་ལ་འཐམས་ནས་ཉིན་མཚན་གཉིས་ཀར་ངུས་ཡོད་པ་འདྲ། མ་རེད་དམ།” སྐལ་རྡོ་ཀྲུའུ་རེན་གྱིས་དེ་ལྟར་དྲིས།
ལྷ་མོས་དེ་ལ་ལན་ཇི་ལྟར་རྒྱག་རྒྱུ་མ་ཤེས་ཏེ་བསྟན་པ་ལ་བལྟས། བསྟན་པ་ཡང་ཅུང་ཙམ་འཚབ་ཉམས་ཀྱིས་ “རེད། རེད། ཡིན་ན་ཡང་ད་ཇེ་དྲག་ཏུ་འགྲོ་བཞིན་འདུག ཁ་རྩང་ནས་རྩམ་སྐྱོ་རེ་ཡང་ལྡག་མགོ་ཚུགས་སོང་།”ཟེར།
བསྟན་པའི་གཏམ་ལན་ནི་སྐལ་རྡོ་ཀྲུའུ་རེན་གྱི་གཏམ་ལན་ལ་མི་འགྲོ་ན་ཡང་ཁོས་དེ་ལ་ཅི་ཡང་མི་སྙམ་པར་ན་རེ། “བྱིས་པ་འདི་འདྲའི་ཆུང་ཆུང་ཞིག་མའོ་ཀྲུའུ་ཞི་ལ་འདི་ལྟར་བློ་དཀར་བ་ནི་ཕ་མ་གཉིས་ཀྱི་ཤུགས་རྐྱེན་མིན་ན་གང་ཡིན། ཁྱོད་ཚང་ལྟ་བུའི་ཁྱིམ་ཚང་ཞིག་ང་ཚོའི་རྫོང་ཁོང་ན་ཡོད་ན་ང་ཚོའི་རྫོང་གི་རྒྱན་ཆ་ཞིག་རེད།”ཟེར་བ་ན།
བསྟན་པ་དང་ལྷ་མོ་གཉིས་ཡོངས་སུ་འཐོམས་པར་གྱུར། ལྷ་མོས་ཡང་བསྟན་པ་ལ་བལྟས། བསྟན་པས་ཅི་ཞིག་བཤད་འདོད་པ་འདྲ་ཡང་ངག་ནས་ཚིག་མ་ཐོན།
སྐལ་རྡོ་ཀྲུའུ་རེན་གྱིས་བཟའ་ཟླ་དེ་གཉིས་འཐོམས་ཀྱི་ཡོད་པ་ཚོར་ནས་ “ང་ཚོས་ཁྱོད་ཚང་གི་བཟའ་ཚང་ང་ཚོའི་རྫོང་ཁོང་དུ་བསྡད་ན་བསམས་ནས་འདུག་སའི་ཐོན་སྐྱེད་རུ་ཁག་གཏན་འཁེལ་བྱས་ཏེ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་ནས་སྦྲ་གུར་དང་། བཞོན་མ་དང་ཁལ་མ་ཚང་མ་སྦྱོར་འཇགས་བྱ་རྒྱུ་བྱས་ཡོད།” ཟེར་ནས་ཁོའི་མཉམ་དུ་ཡོང་བའི་སྤྱི་བདེ་ལས་བྱེད་དེ་ལ་བལྟས།
སྤྱི་བདེ་ལས་བྱེད་དེས་ཁོའི་ཕྲག་ཁུར་གྱི་ཁུག་མ་ནས་ཤོག་གུ་ཁ་ཤས་བཏོན་ཡོང་ནས་ “འདི་ལ་མཛུབ་ཐེལ་རྒྱོབས་དང་།” ཞེས་བསྟན་པ་ལ་གཏད་པར། བསྟན་པས་དེ་ཅི་ཡིན་འདི་ཡིན་མི་ཤེས་ཤིང་། ཅི་བྱེད་འདི་བྱེད་མི་ཤེས་པར་ཧད་དེ་ཡོད་པའི་སྐབས་ཡང་སྐལ་རྡོ་ཀྲུའུ་རེན་ན་རེ་ “ཐོན་སྐྱེད་རུ་ཁག་དེ་རྫོང་ཐོག་འདི་ནས་ཐག་རིང་པོ་མིན། གནངས་ཉིན་གསར་འགོད་པ་ཞིག་ཁྱོད་ཚོར་བལྟ་རུ་ཡོང་རྒྱུ་རེད། ”ཟེར་ནས་ནད་ཁང་གི་སྒོ་ཕྱེས།
བསྟན་པ་ད་དུང་ཧད་ནས་བསྡད་ཡོད་པའི་སྐབས་ལ་སྤྱི་བདེ་ལས་བྱེད་དེས་ཁོའི་མཛུབ་མོ་མཚལ་གྱི་ནང་ལ་བསྒྲེས་ནས་ཤོག་གུའི་ཐོག་ལ་མནན་རྗེས་ན་རེ། “སང་ཉིན་ཕྱི་དྲོ་ང་ཡོང་ནས་ཁྱོད་ཚོ་བསྐྱལ་ནས་ཐོན་སྐྱེད་རུ་ཁག་དེ་ལ་འགྲོ།” ཞེས་ནད་ཁང་གི་སྒོ་ཁྲོག་སེ་བརྒྱབ་ནས་སོང་།
བསྟན་པ་ད་དུང་ཧད་ནས་བསྡད་ཡོད། ནད་ཁང་གི་སྒོ་ཡང་སྐྱར་ཕྱེས། སྤྱི་བདེ་ལས་བྱེད་དེས་ལུས་སྟོད་ནང་ལ་འཛུལ་ནས་ “སུ་ལ་ཡང་ཁྱོད་ཚོ་རུ་ཡོང་ཡིན་པ་བཤད་མི་དགོས། གནངས་ཉིན་གསར་འགོད་པ་ལ་ཡང་བཤད་མི་དགོས་” ཞེས་བཤད་རྗེས་ཡང་སྐྱར་ནད་ཁང་གི་སྒོ་ཁྲོག་སེ་བརྒྱབ།
བསྟན་པའི་མཛུབ་ཐེལ་མནན་པའི་མཛུབ་རྩེ་དེ་ལ་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་སྐྱེས། ཁོས་མཛུབ་རྩེ་དམར་པོ་དེ་ལ་བལྟས་པས། མཚལ་དམར་གྱི་འོག་ན་ཧ་ཅང་གསལ་བའི་དུང་དཀར་གཡས་འཁྱིལ་གྱི་མཛུབ་རིས་བརྩེགས་མ་དེ་མཐོང་བ་ན་ཁོ་ཧང་སངས་པར་གྱུར། ཁོས་རང་གི་མཛུབ་མོ་དེས་ཉིན་རེར་ཉུང་མཐའ་ཡང་ཐེངས་རེར་རྩོམ་སྐྱོ་རེ་ལྡག་པ་ལ། དུང་དཀར་གཡས་འཁྱིལ་གྱི་མཛུབ་རིས་དེ་དེ་རིང་བར་དུ་མ་མཐོང་བ་ཅི་ཡིན་ནམ་སྙམ།
བསྟན་པའི་སྣ་ལམ་ལ་སྐྱག་དྲི་ལྟ་བུ་ཞིག་འཐུལ་ཡོང་བ་དང་མཉམ་དུ་རྣ་ལམ་ལ་“འདྲེ་ཕྲུག་འདིར་ལྟོས་དང་།” ཞེས་ཡང་ལྷ་མོའི་དགའ་སྣང་གི་མཚར་སྐད་ཆེན་པོ་དེ་གྲགས་ཡོང་།
བསྟན་པས་དར་དམར་ལ་བལྟས་པར། ད་རེབ་ལྷ་མོས་མཚར་སྐད་རྒྱག་ས་ནི་དོན་ཆུང་ཞིག་གཏན་ནས་མ་རེད། དར་དམར་གྱིས་ཉལ་ཁྲིའི་ཐོག་ལ་ཕེ་ཕེ་སླ་བོ་གོར་མོ་ཞིག་བཏང་ཡོད་པའི་ནང་ལ་བྲང་འདོགས་མའོ་པར་དེ་སྒྲེ་སྒྲེ་བྱེད་ཅིང་། ཁ་ནས་ཁ་ཆུ་བཞུར་ཞོར་དུ་ཡང་“པ་་་པ་་་པ་་་རྡ་་་རྡ་་་རྡ”ཞེས་གོ་རྒྱུ་མེད་པ་དེ་སྨྲ་བཞིན་ཡོད།
འདི་ནི་ཉིན་དུ་མའི་རིང་ལ་དར་དམར་གྱིས་ཕེ་ཕེ་བཏང་བ་ཐེངས་དང་པོ་ཡིན། བསྟན་པས་དེ་མཐོང་ནས་ཁོའི་གདོང་ལ་ཡང་ཉིན་དུ་མའི་རིང་གི་འཛུམ་མདངས་དང་པོ་དེ་ལངས། ཡིན་ན་ཡང་འཛུམ་མདངས་དེ་མགྱོགས་པོར་ཡལ། ཁོས་མྱུར་དུ་ནད་ཁང་གི་སྒོ་ལ་ནང་ལྕགས་བརྒྱབ། ལྷ་མོས་བྲེལ་འཚབ་ཀྱིས་དར་དམར་གྱི་ལག་ནས་བྲང་འདོགས་མའོ་པར་བླངས་ནས་ད་ནངས་འཐུང་འཕྲོར་ལུས་ཡོད་པའི་ཇ་དཀར་ལ་ཧུབ་གཅིག་བརྒྱབ་ནས་དེའི་ཐོག་ལ་ཕུ་གཏོར་བྱས་ཀྱང་མང་ཆེ་བ་དེའི་ཐོག་ལ་མ་བབས། དེའི་ཐོག་ལ་བབས་པའི་ཐིགས་པ་ཞིག་གི་འོག་ནས་འཛུམ་བག་ཅན་གྱི་མའོ་ཀྲུའུ་ཞི་ཡི་མིག་ཡ་གཅིག་མངོན་འདུག་པ་དེས་མིག་ཡ་གཅིག་བརྡབས་ནས་རྩེད་མཚར་གྱི་གསང་བརྡ་ཞིག་སྟོན་གྱི་ཡོད་པ་དང་འདྲ།
རིག་གནས་གསར་བརྗེ་གེ་སེར་སྒྲུང་དང་འདྲ།
ཆེ་ཆུང་ཀུན་ལ་བག་ཆགས་སྲབ་མཐུག་བདོག
སྐར་མ་སྨིན་དྲུག་སྐེ་འཁྱོག་ནས།
རླུང་དམར་འུར་འུར་འཚུབ་པའི་བར།
འོ་སྐོལ་ཚང་གི་མོའོ་སྒྲུང་དེ།
བ་རྒན་རྙོང་མའི་རྒྱུན་ལྟར་རིང་།
བཤད་ན་མཚར་རྒྱུ་མེད་པའི་གཏམ།
ཉན་ན་ཉམས་རྟོགས་ཉམས་པའི་སྒྲུང་།
བ་ཚའི་ཁྲོན་པ་བསྐོ་བ་ལྟར།
ཀྱེ་མ་རྩ་བ་མེད་པའི་རྩོམ།
རྩོམ་པ་པོ་ཁོང་ལ་ཐུགས་རྗེ་ཆེ། ལོ་ཤས་གོང་ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་ མི་ལན་ཀུན་ཌེ་རས་བརྩམས་པའི་༼ཀུ་རེ་༽ཞེས་པ་དེ་དབྱིན་ཡིག་གི་ནང་ནས་ཡིག་རྩ་ཆོད་ལ་མི་ཆོད་བྱས་ནས་བཀླགས། ཡུ་རོབ་ཀྱི་དམར་པོའི་རིག་གསར་སྐབས་ཀྱི་སྒྲུང་ཞིག་རེད། རིག་གསར་སྐབས་སུ་གང་དུ་ཡིན་ན་ཡང་འདི་ལྟ་བུའི་གཟབ་ནན་དང་ཚབས་ཆེན། རྨོངས་འཐོམས། ཀུ་རེ་སོགས་མང་པོ་ཡོད་པ་འདྲ། གང་ལྟར། ཨ་ཁུ་པདྨ་འབུམ་ལགས་ཀྱི་སྒྲུང་ཐུང་འདི་ཧ་ཅང་གིས་ཀློག་སྤྲོ་བོ་བྱུང་།
པད་མ་འབུམ་གྱི་དྲན་ཐོ་རྡོ་རིང་མ་དང་། སྨིན་དྲུག་སྐར་མ་སྐེ་འཁྱོག་གཉིས་ནི་རིགས་གནས་གསར་རྗེ་ཞེས་པ་དེས་བོད་ཀྱི་རིག་གནས་དང་རང་དབང་ལ་གཏོར་བརླག་ཚབས་ཆེན་བཏང་བའི་དངོས་སྒྲུབ་ཡིད་དུ་འོང་བ་ཞིག་ཡིན་ཡ། དེ་ནི་གོ་རྒྱུ་མེད་པ་ཞིག་གང་ཡིན། ཡང་ཅིག་བཤད་ན། མོའུ་ཡིས་གཏོར་བཤིགས་ཀི་སྲིད་ཇུས་བྲིས་པ་འདིའི་ཚིག་ཉམས་དང་དོན་སྟངས་སོགས་གང་བལྟས་ནའང་། ཕར་ཆེར་བཙལ་བྱོལ་ཁྲོད་འདིའི་དོ་ཡོང་བ་ཞིག་མི་བདོ་བསམ་སོང་།
རིག་གནས་གསར་བརྗེ་ཆུ་བཞུར་བཞུར་རེད། མི་རྒན་ཕྱིར་དྲན་ལ་དུང་བ་ཅིས་མ་བདེན།
ཡ། ཡང་པདྨ་འབུམ་གྱིས་བཙན་བྱོལ་ནང་གི་སྒྲུང་རྩོམ་འབྲི་མཁན་ཚོར་ཉོན་ཨ། ལྟོས་ཨ་ཟེར་བའི་བརྡ་ཞིག་བརྒྱབ་སོང་།
སྒྲུང་མཇུག་སྡུད་སྟངས་འདི་འདྲའི་འཇིགས་ཆེ་བ་ལ། ད་ཡང་འགྲིག་མེད། སྲིད་བྱུས་དེ་དང་མའོ་པར་ཟགས་ས་དེ་གཉིས་ཀ་འཇིགས་ཆེ་བ་ཞིག་རེད།
གོད་ཆག་ཁྲོད་ལྷུང་སྐབས་དེར་བོད་མི་རིགས་ཀྱིས་མྱངས་པའི་འཚོ་བའི་ཟུར་ཞིག་གི་སྣང་བརྙན་གསོན་པོ་བསྐྱར་སྟོན་གསལ་ཐིང་ངེར་བྱས་འདུག་སྙམ།
རྒན་པད་མ་འབུམ་ལགས་གི་བྲིས་བའི་སྒྲུང་ཐུང་འདི་ཐེངས་གཅིག་ཀློག་ཡིན། ཡིན་ཡང་རིག་གནས་གསར་བརྗེ་ཡིས་ཤེནཤུགས་ཅུང་ཆེས་བར་སྙམ། སྤྱིར་ཡིན་ན་རྒན་པདྨ་འབུམ་ལགས་གི་བྲིས་རྩོམ་གནང་བའི་སྒྲུང་ལ་ང་འདྲ་ཞིག་བསམ་ཚུལ་བཏོན་འོས་མཚམས་མིན་ཡང་། གང་ལྟར་བདག་གིས་སྒྲུང་རྩོམ་གང་མང་ཞིག་ཀློག་པ་ཡིན་མོད་འོན་ཀྱང་དེ་རིང་རྒན་ལགས་འདི་ཁ་སེམས་གཉིས་ལ་བདེ་བོ་རང་མ་བྱུང་། རྒན་པདྨ་འབུམ་ལགས་ལ་རེ་བ་ཞིག་ཡོད་པ་ནི་ནུབ་ཕྱོགས་རྩོམ་རིག་སྐོར་ཁྱོད་ཉིད་ཀྱིས་བོད་བསྒྱུར་བྱེད་པ་ཡིན་ན་འདི་ལས་བྲོ་བ་ཆེ་བར་སྙམ།
རྩོམ་པ་པོ་མིང་ཅན་ཞིག་ཡིན་རབས་ཐོས་མྱོངས་ཡོད།ཡིན་ཡང་དེ་རིང་གི་སྒྲུང་ཐུང་འདི་ལྟ་བུ་སློབ་འབྲིང་ནས་འབྲི་གི་འདུག་པས་རེ་བ་ཆེན་པོ་མི་འདུག
དྲ་གྲོགས་ཚོས་སྒྲུང་རྩོམ་འདི་ལ་གླེང་སློང་གནང་བཞིན་པར་དགའ་བྱུང་། ཉིན་གཅིག་ངས་ངའི་ཨ་མ་ལ་དྲིས་པ་ཡིན། ངའི་དྲི་བ་ནི་རིག་གནས་གསར་བརྗེའི་སྐབས་མ་རེད། དེའི་སྔོན་གྱི་དཀའ་ངལ་ལོ་ཟེར་བ་དེ་རེད། “ཁྱོད་ལ་ཟས་མེད་སྟབས་རྩྭ་ཟས་པ་རེད། རྩྭ་ཇི་ལྟར་ཟས་པ་རེད།” ཨ་མས་བཤད་རྒྱུར། “ད་རྩྭ་ཟས་པ་རེད། ད་དེ་ལ་བཤད་རྒྱུ་ཅི་འདུག ད་རྩྭ་ཟས་པ་རེད།” ཅེས་ཟེར། ངས་ནན་ཏན་དུ་དྲིས་པ་ཡིན། མོས། “ད་ངས་དེའི་སྐོར་བཤད་ན་མི་འདོད་ཀི”ཟེར། རྩྭ་ཟས་པའི་ལོ་རྒྱུས་དེ་ཡིག་ཐོག་ན་མེད་ན། རྩྭ་ཟས་པའི་ལོ་རྒྱུས་དེ་ཡང་འཇིག་རྟེན་ནས་ཡལ་རྒྱུ་ཡིན་པ་ཐག་ཆོད་རེད། དེ་བས་རྒན་པད་མ་འབུམ་ལགས་ཀྱིས་རིག་གནས་གསར་བརྗེ་མཚོན་པའི་དྲན་ཐོ་དང་སྒྲུང་བརྩམས་པ་འདི་དག་གིས་ བོད་ཀྱི་ལོ་རྒྱུས་ལ་ཁ་གསབ་བྱས་པ་ཙམ་ཞིག་མ་རེད། བོད་ཀྱི་ལོ་རྒྱུས་གསོན་པོར་བཟུང་བ་ཞིག་རེད། མི་ངན་རིགས་བཞིའི་ཞྭ་མོ་གོན་པའི་བསྟན་པ་དང་ཆུང་མ་ལྷ་མོ་ལ་བརྟེན་ནས་ཉི་མ་དེ་དང་དུས་ཚོད་དེ་ལ་བོད་ཀྱི་ནང་དུ་ཅི་ཞིག་བྱུང་བ་དེ་གསལ་པོར་བསྟན་འདུག རེབ་གོང་གི་ཉ་ལུང་ཞེས་པའི་ཨ་མ་ཞིག་ཀྱང་དྲན་པ་འཐོར་ནས་སྨན་ཁང་དུ་བསྐྱལ་བ་རེད་ཅེས་པ་ཞིག་ངེད་ཀྱི་དྲན་ལམ་ན་ཡང་འདུག འདི་ལྟར་སྒྲུང་གོ་བདེ་ཞིང་ཡིད་ལ་འགྲོ་བ་ཞིག་གནང་བ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།
ལོ་རབས་དགུ་བཅུའི་ནང་བཙོན་པ་འགའ་ཤས་སྐྱག་པ་དང་འདྲེས་པའི་ཚལ་ཡང་བཟའ་རུ་བཅུག་ཡོད།
རྩྭ་ཟོས་པ། ལྷམ་གྱི་ཀོ་བ་བཙོས་ནས་ཟོས་པ་སོགས་གཏམ་རྒྱུད་དེ་ཚོ་བཤད་ན་ཡིད་མི་ཆེས་པའི་དུས་འདིར་འདི་ཚོ་དྲན་གསོ་བྱས་ན་ཡག་པོ་འདུག
སི་ཏ་ལིན་གྱི་རོ་དེ་ཕྱིར་བཏོན་བྱས་པ་ལྟར། མའོ་ཡི་རོ་ཁོགས་སྒྲིབ་ཅན་དེ་ཡང་མར་བཏོན་ཡང་དུས་ཚོད་སླེབས་མི་འདུག་གམ། རྒྱ་ནག་ཏང་གི་ཤེ་ཡོན་པ་ཚོ་ལ། ༢༠༡༢།༡༠།༠༡ཕྱི་ལོ་ཟླ་ཚེས་ཉིན་ལ་སྙན་ཞུར་ཚུལ་དུ་ཕུལ་ལོ། །
པདྨ་འབུམ་ལགས་གྱི་སྒྲུང་ཐུང་འདིའི་རིན་ཐང་གི་ཆ་ནས་སྒྱུ་རྩལ་དང་མཛེས་རྟོག་གི་སྟེང་ན་ཡོད་པ་མ་ཡིན་པར་གཙོ་བོར་ལོ་རྒྱུས་དང་ལོ་རྒྱུས་ཀྱི་རྒྱུ་ཆའི་སྟེང་ན་ཡོད་པ་ཞིག་རེད་འདུག ལོ་རྒྱུས་ཀྱི་རྒྱུ་ཆ་དེ་ལ་སྒྱུ་རྩལ་གྱི་ལས་སྣོན་དང་ཕྲ་རབ་དག་ལ་རྟོག་བཟོ་བྱས་པའི་སྒོ་ནས་མཇུག་མཐར་གཤིས་ཀ་གསལ་ལ་གྱ་ནོམ་པའི་སྒྲུང་ཐུང་འདིའི་སྣང་བརྙན་ཞིག་གྲུབ་འདུག། ཡིནའང་ང་རང་གི་བློ་ལ་ཆེས་མི་འགྲོ་བ་ནི་་་་་་་་མིག་ཤེལ་ནག་པོ་ཆ་གཅིག་གྱོན་པའི་ཁྱོ་ག་དར་མ་ཞིག་་་་་ཟེར་བ་དེ་རེད། ང་ཚོ་བོད་པའི་ཐ་སྙད་ལ་བྱང་པ་ཞིག་ཡིན་ན། མིག་ཤེལ་ཡིན་ན་ཆ་ཡིན་དགོས་ལ་ཁྱོ་ག་ཡིན་ན་བཟའ་ཟླ་ཡོད་དགོས་སོ། ཁྱེད་ཀྱི་གྲོགས་པོ་ཡར་ཁམས་ཁྲི་རྒྱལ་ནས།། །།
དྲ་གྲོགས་དུ་མས་སྒྲུང་ཐུང་འདི་དྲན་ཐོ་ལྟ་བུ་ཞིག་ལ་ཆ་འཇོག་བྱེད་ཀྱི་འདུག་སྟེ་དེ་ལྟར་མིན། ཚང་མ་རྟོག་བཟོ་རང་ཡིན། གླེང་མོལ་ལྷུག་པོ་ཡོང་རྒྱུར་ཐུགས་རྗེ་ཆེ།
རིག་གནས་གསར་རྗེར་གྲགས་པའི་དུས་ངན་སྐབས་མུག་ཤི་ཐེབས་པ་ལ་གཞིག་ན་རྩ་དང་། ཀོ་སྐམ། རུས་གོག་རྙིང་པ་སོགས་ཟས་སུ་ཟ་བ་ནི་སྨོས་མ་དགོས་ལ། དངོས་བྱུང་ལོ་རྒྱུས་མི་ཉུང་བ་ཡོད།
ད་དེ་འདྲའི་ལས་ངན་གང་དུའང་འབྱུང་བར་མ་གྱུར་ཅིག
ཨ་ཁུ་པདྨ་འབུམ་གྱི་སྒྲུང་རྩོམ་བཀླགས་ཟིན། བཟང་གི རྟོག་བཟོ་དང་དངོས་ཡོད་གང་ཡིན་རུང་ཀློག་པ་པོའི་སེམས་ངོར་འཕྲོད་ན་དེ་རེད་མོ།
འདི་མོ་རིང་བོ་ཟིག། ཀློག་མི་ཐུབ་ཀི་ཡ།
མྱི་འདི་དག་གོ་རིག་ནི་མེད་ཐལ་གོ་ནི་ཡོད། སྲལ་རབས་སྲལ་ཚུལ་ཅོ་བརྒྱད་གོ། ངན་རབས་ཟེར་ནི་ཡང་མང་པོར་ཐུག། ངས་ནི་གང་བདེན་མི་ཤེས་པས། ཁྱོ་ལ་བཀྲ་ཤིས་བདེ་ལེགས་ཡོད།
ཨ་ཁུ་པད་མ་འབུམ་ལགས། ཁྱེད་ཀྱིས་ལྟས་ན་ང་ཚོའི་མགོ་སྒྲུང་འདི་ལྟ་བུའི་དུས་ལོགས་སླར་ཡང་ཡོང་སྲིད་དམ།
རྒན་པདྨ་འབུམ་གྱི་མིག་རྡེབ་ཅེས་པའི་སྒྲུང་ཐུང་རགས་ཙམ་བཀླགས། རྒན་པདྨ་འབུམ་ནི་ཉམས་མྱོང་ཅན་གྱི་འབྲི་བ་པོ་ཞིག་ཡིན་དགོས། སྒྲུང་དེ་ལེགས་པར་བྲིས། འོན་ཀྱང་སྒྲུང་དེའི་ཀློག་པ་པོ་མདོ་སྨད་པ་ཁོ་ན་ལ་དམིགས་ནས་བྲིས་པར་མངོན། བོད་ནུབ་ཕྱོགས་ལ་དྭགས་པ་སོགས་ཀྱིས་སྒྲུང་དེའི་ཚིག་མང་པོ་གོ་མི་ཐུབ་པ་དག་ནི། དྲབ་ ཕེར་བ་ དོར་འདབས་ ཞི་ལུར ངུ་ཅོར་ ཞོགས་ཀ་ རྭ་ཙེའི་ ཕིབས་ ལྡེག་མ་ འཁྲིས་ ཐེངས་གཅིག་ ཕེ་ཕེ་ བང་རྩིས་ ཧད་དེ་ ཁྲོག་སེ་ སྒྲེ་སྒྲེ་ ལ་སོགས་པའི་ཚིག་རྣམས་གོ་དཀའ།
གྱང་ ཞེས་པ་ས་བརྡུངས་རྩིག་པའི་དོན་ནམ། གཞན་ཞིག་ཡིན། རྡང་། ཞེས་ཁ་སྐད་དུ་ཟེར་ཡང་། དག་ཡིག་ཟ་མ་ཏོག་ཏུ། གདང་། ཞེས་བྲིས། ཇ་ལྡུག་དང་ ཇ་བླུགས། གཉིས་ཀ་དོན་འདྲ་ཡང་ཕྱི་མ་དེ་ཡོངས་གྲགས་ཆེ། ཇ་དེམ་དང་། སྐད་གསེང་། སོགས་ལ་ཨ་ཡིག་ཨེ་ཡིག་ཏུ་གྱུར་པ་ལ་ཆོས་སྐད་དང་མཐུན་པར་ནན་ཏན་དགོས་པར་སྣང་། འབྲེལ་བ། ཞེས་བྱ་ཚིག་མཐའ་ཅན་དང་། འབྲེལ་པ་ཞེས་མིང་གི་མཐའ་ཅན་དུ་མཐོང་ངོ་། །