རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
ཀྱེ་མ་བསྟན་པ་ཉམས་ལགས་སོ། །
བསྟན་པ་འཛིན་པའང་གཤེགས་ལགས་སོ། །
དགེ་འདུན་སྡེ་ཡང་བྲི་བཞིན་ཏེ། །
རིང་པོར་མི་ཐོགས་ནུབ་པར་འགྱུར། །
ཕ་མའི་ཆོས་སེམས་ཉིན་བཞིན་ཆུང་། །
བུ་ཕྲུག་གོམས་བཤིས་ཉིན་བཞིན་ལད། །
ཕྱི་རབས་དང་ནི་ཕྱི་རབས་པ། །
ཕལ་ཆེར་ང་ལ་འཁྲེང་མི་འགྱུར། །
མཆོད་མཇལ་ཚོང་ལས་ཅན་དུ་གྱུར། །
དགེ་འདུན་དག་ནི་ཁང་སྲུང་ཙམ། །
རྟེན་རྫས་བཤམས་སྟོན་ཁང་ཞིག་ཏུ། །
རིང་པོར་མི་ཐོགས་འཕོ་བར་འགྱུར། །
སྔུན་དང་རྒྱབ་ལ་ལྟ་བ་དང་། །
དྲང་པོར་བྱེད་པ་སླད་མི་འབྱུང་། །
དྲང་སྲོང་དག་གི་དབེན་པ་ལ། །
རིན་ཐང་ཉིད་དུ་ལྟ་མི་འགྱུར། །
ལུས་དང་སེམས་ཀྱི་དབེན་པ་ལས། །
སྐྱེ་བོ་རྣམས་ནི་ལོག་གྱུར་པས། །
ཞི་བའི་ཆོས་ལ་སེམས་པ་ཡི། །
དཔལ་འདི་ཡུན་རིང་གནས་མི་འགྱུར། །
དཔལ་འདི་ཧ་ཅང་མཛེས་པ་སྟེ། །
འདི་ལ་དགེ་འདུན་ཞེས་སུ་བརྗོད། །
འདི་ཡི་ནང་ན་ཉམས་ལེན་པ། །
བཟང་ལ་མང་བ་ངེས་པར་མཆིས། །
དྲུག་སྡེ་དང་ནི་བཅུ་གཉིས་སྡེ། །
སྟོན་པའི་འཁོར་གྱི་ནང་ན་མཆིས། །
འོན་ཀྱང་གནས་བརྟན་གནས་བརྟན་དག །
ས་ཡི་གསེར་བཞིན་ལྷན་ཅིག་གནས། །
ཉི་མ་དབུས་ཀྱི་དགོན་པ་བཞིན། །
རིམ་གྱིས་ལྟད་མོའི་ཚལ་ཙམ་དུ། །
ང་ཡི་དགོན་པ་སྟོངས་འགྱུར་གྱི། །
འདི་ལ་བྲེལ་བ་མ་བྱེད་ཅིག །
ཞི་བའི་ཏིང་འཛིན་དམ་པའི་ལུང་། །
རིག་པའི་གནས་དང་གནས་མཐའ་དག །
དགོན་པ་དག་གིས་བཟུང་གྱུར་གྱི། །
འདི་ལ་ཡོན་པོར་མ་ལྟ་ཤིག །
དགོན་ལ་སྡང་བ་ཧ་ཅང་མང་། །
གྲྭ་པ་དག་ལའང་སྦྲུལ་བཞིན་སྡང་། །
ཁྱོད་ནི་སྐྱོ་བར་མ་བྱེད་དང་། །
རིང་པོར་མི་ཐོགས་བདག་འཇིག་འགྱུར། །
རང་བཞིན་ཉིད་ཀྱིས་རྒུད་གྱུར་ཅིང་། །
ཕ་རོལ་དག་ཀྱང་སོ་འཆའ་ན། །
བཤེས་ཁྱོད་རང་གི་དགྲ་བཞིན་དུ། །
ལི་ཁྲིའི་མཚོ་འདིར་མ་སྡང་ཤིག །
མེས་པོའི་སྲོག་གིས་བསྲུང་བ་ཡིན། །
སྲོག་གིས་ཀྱང་ནི་དད་པ་ཡིན། །
དགོན་པ་ང་ཡི་མཆོད་སྡོང་སྟེ། །
ང་ཡི་བླ་སྲོག་མ་བརྙས་ཤིག །
སྐྱོན་བཙལ་བ་ལས་སྐྱོན་མཐོང་མོད། །
ཕྱོགས་ནི་ཡོངས་སུ་རྫོགས་པ་ལ། །
ཤེས་རབ་ཀྱི་མིག་ནི་མིག་སྤྱད་ནས། །
ལེགས་པའི་ཆ་ལ་མོས་པར་མཛོད། །
ངན་པའི་གྲངས་ལ་མ་ལྟོས་པའི། །
བཟང་པོའི་བྲབ་ནི་མཆིས་མི་འགྱུར། །
འདི་ནི་རགས་པའི་རྒྱུན་ཤེས་ཏེ། །
འདི་ཙམ་ཅིས་ཀྱང་ཤེས་དགོས་སོ། །
ཁ་གྲངས་བསགས་ལས་དོན་གྲངས་ཏེ། །
ཏིལ་མང་བ་ལས་མར་ཁུ་བཞིན། །
ངེས་པར་དོན་དང་མཐུན་པ་ཡི། །
གཏམ་ནི་བསམས་ཏེ་སྨྲ་དགོས་སོ། །
ཞེས་པའང་ཡ་མཚན་དངོས་བྱུང་ལྟ་བུའི་ཡ་ཆེན་སྒར་ཞེས་པའི་དྲ་ཐོག་ཟིན་བྲིས་ཀྱི་ཞབས་མཆན་འགའ་ཞིག་གི་རྐྱེན་བྱས་ཏེ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཕྲལ་དུ་བྲིས། །
རྫ་ཚེ་ལགས་ལེགས་པོ་ཞིག་བྲིས་སྣང་། ཐུགས་རྗེ་ཆེ་ལ་ཐུགས་རྗེ་ཆེ། བཀྲ་ཤིས་སྣ་ནག་མའི་དཔེ་བཞིན་བཟང་ངན་ལེགས་ཉེས་ཆེ་ཆུང་དར་རྒུད་སོགས་གཅིག་ཟླ་ལ་གཅིག་ངང་གིས་འབྱུང་བ་ཆོས་ཉིད་ལ་ཉིད་མ་མུག་ཅིག ལེགས་ཆ་དང་བཟང་ཆ་ལས་བརྩམས་ཏེ་བགྲོས་ཤིག་ཅེས་སོ།།
རྩོམམིང་འདི་མ་རེད། ཁ་བརྡས་ནོར་འདུག མིང་དངོས་༼དགོན་པར་སྡང་བ་རྣམས་ལ་བརྗོད་པའི་གཏམ༽ཟེར།
མངོན་པར་བསྟོད་དོ།
གྲྭ་བས་བོད་ཡུལ་གང་བའི་གནས་སྟངས་འདིས་བོད་དུ་སངས་བསྟན་ལས་སླ་པོ་མི་འཇིག་པ་ནི་མཐོང་ཆོས་རེད། སེམས་ཁྲལ་མ་གནང་། ཡ་ཆེན་སྒར་གྱི་གྭ་འབོར་འདུ་འཛོམས་མཐོང་བས་བོད་མི་རིགས་འཇིག་པ་མཐུན་རྐྱེན་སྤྲད་པས་སེམས་པ་སྐྱོ། གྲྭ་འབོར་གྱིས་བོད་མི་རིགས་འདི་རྩ་མེད་བཏང་ངེས་རེད།
ད་སྐུ་མཁྱེན། རྫ་ཚེ་འདི་མི་བྱ་མགོ་བྱེའུ་མཇུག་བྱེད་མཁན་མ་ཤེས་མདོག་སྟོན་མཁན་ཞིག་ཡིན་པ་སྔོན་ནས་ཤེས་ཡོད།
སངས་རྒྱས་མི་གཟུགས་བྱོན་ལ་དད་ལོག་བྱེད།།
སྤྱོད་ལོག་མི་ཡིས་བོད་ཡུལ་ལུང་པ་ཁེངས།།
བོད་ཀྱི་རིགས་གཞུང་རྙིང་པར་ལོག་འཛིན་བྱེད།།
ལྟ་ལོག་མྰ་ལེའེ་རིང་ལུགས་འཛིན་མཁན་མང་།།
སངས་རྒྱས་སེམས་ཅན་དབྱེ་བ་མི་འབྱེད་པས།
རྟོགས་ལྡན་ཡིན་ན་མི་འཕྲོད་གཟིར་རྒོད་ཅི།
སྤྱོད་པ་ཆོས་བཞིན་འདུལ་བ་བཞིན་མཛད་ན།
སྐྱོན་མཚང་བྲུས་ནས་རྒོལ་བ་གཟན་དགོས་ཅི། །
གཞི་རྒྱུད་བདེ་སྙིང་རིགས་རྒྱུད་ཀུན་ལ་ཁྱབ།
གློ་བུར་སྒྲིབ་པ་བསལ་མིན་ལས་སྒྲིབ་ཕྱིར།
སངས་རྒྱས་མི་དང་ལྷ་འདྲེ་མ་རུང་པ།
སོ་སོ་རང་ངོར་རང་འདོད་ཙམ་བཏགས་ཕྱིར། །
བདེ་གཤེགས་སྙིང་པོ་ལ་བདེ་སྙིང་ཞེས་པ་བསྡུས་ཚབས་ཆེ་ཞིང་དགོད་བྲོ་བ་ཞིག་རེད།
ལགས་སོ་བསྡུས་པ་མང་སྐྱོན་མཆིས་ན་གཞི་རྒྱུད་མི་དགོས་པར། བདེ་གཤེགས་སྙིང་པོ་རིགས་རྒྱུད་ཀུན་ལ་ཁྱབ།
གསར་འགྱུར་ནང་དུ་འཁོད་པ་ལྟར་ན་ཁ་ཆེའི་གསུང་རབ་ངོ་དེབ་ལ་བཞག་པའི་རྐྱེན་བྱས་ནས་བྷང་ལ་རྡེ་ཞི་ནང་གི་ཁ་ཆེ་བ་ཚོས་ཡུལ་དེར་ཡོད་པའི་ནང་པའི་དགོན་པ་བཅུ་ཙམ་དང་ཁང་པ་མང་པོ་གཏོར་བཤིག་བཏང་ཡོད་འདུག །ང་ཚོ་བོད་པ་ཚོས་ནམ་རྒྱུན་ངོ་དེབ་ནང་དང་དྲ་ཚིགས་གང་སར་དོན་དག་མེད་སར་ཁ་ཆེའི་གསུང་རབ་དང་དོན་མེད་ཀྱི་འདྲ་པར་མང་པོ་གང་བྱུང་མ་སྤེལ་ན་ཡག་པོ་འདུག །ཆོས་ལུགས་དང་ཆོས་ལུགས་བར་འགལ་ཟླ་བཟོ་མཁན་དང་ཕུང་དཀྲུགས་བྱེད་མཁན་ལ་གཟབ་གཟབ་བྱེད་དགོས།
ལེགས་བཤད་ཀྱི་ལེགས་བཤད་ལེགས་སོ།།
སངས་རྒྱས་བསྟན་པ་དགོན་ཁང་མིན༎
དེ་ཚོ་ཞིག་རུང་སྐྱོ་དོན་མེད༎
གོས་སློག་དམར་སེར་ཅན་གྱི་སྡེ༎
མི་ཚོགས་ཡིན་གྱི་དགེ་འདུན་མིན༎
ལྷ་ཁང་མགོན་ཁང་མཆོད་ཁང་གསུམ། །
སྨོན་ལམ་རེ་འདོད་འབོད་ས་རེད། །
ཆོས་ར་སློབ་ཁང་སྒྲུབ་ཁང་རྣམས། །
ཀུན་ལ་མཁོ་བས་མེད་ཐབས་མེད། །
དེས་ན་དགའ་དང་སྡང་ཞེས་པའི། །
དགོན་པར་སྦྱར་དུས་བཏང་སྙོམས་མཛོད། །
གྲྭ་འབོར་གྱིས་བོད་མི་རིགས་འདི་རྩ་མེད་བཏང་ངེས་རེད། ཟེར་བ་ཆོ་མེད་པའི་སྐད་ཆ་རང་རེད། བོད་མི་རིགས་ཟེར་བའི་ཁྱབ་ཁོངས་ནང་རྒྱ་དང་ཧོར་དང་ཁ་ཆེ་དང་རྒྱ་གར་དང་མགོ་སེར་སོགས་གཏན་ནས་མ་འདྲེས་ཞེས་ཁ་ཚོན་གཅོད་དཀའ། འདོད་ཆགས་དང་སྲེད་པ་ཆུང་ས་ནས་ཆང་སའི་གནད་དོན་དང་འབྲེལ་བ་ལོས་ཡོད། དེ་བས་གྲྭ་བའི་གྲངས་འབོར་ནི་གནད་དོན་ཆུང་ཆུང་རེད། ། སྤྱི་ཚོགས་ཤིག་གི་གནས་བབས་དང་འགྱུར་བ་རིམ་བྱུང་གི་ལོ་རྒྱུས་ནང་མི་རིགས་དེ་རྩ་མེད་འགྲོ་བ་ནི་འཚོ་སྡོད་ཀྱི་ཁོར་ཡུག་དང་ཁ་བྲལ་བའི་རྐྱེན་གྱིས་ཡིན་པ་ལས་གཞན་གང་ཡང་མ་ཡིན། མི་རིགས་དེའི་མཚོན་རྟགས་སྐད་ཡིག་དང་རིག་གཞུང་རྣམས་བརླགས་སོང་ན་མི་རིགས་དེ་རང་བཞིན་གྱིས་བརླག་འགྲོ་ངེས་ཡིན་པ་ནི་མེད་ན་མི་འབྱུང་གི་འབྲེལ་བ་ཡིན། ཕ་མ་བོད་པ་ཡིན་པའི་ཕྲུ་གུ་དེ་སྤྱི་ཚོགས་ཀྱི་གནས་བབས་ཀྱི་དབང་གིས་རང་གི་སྐད་ཡིག་དེ་རྦད་དེ་བརླགས་སོང་ན་ཕལ་ཆེར་བོད་པའི་འདུ་ཤེས་ཀྱང་བརླག་འགྲོ་གི་རེད། དཔེར་ན། མན་ཇུ་ལྟ་བུ། མ་འོངས་བར་བོད་པའི་ངོ་བོར་མུ་མཐུད་དུ་བརྟན་པོར་ཟིན་མཁན་ནི་བོད་པའི་གྲྭ་བ་ནི་ཤེས་ཡོན་པ་མང་པོས་ཚོད་དཔག་བྱེད་བཞིན་པ་རེད།
སངས་རྒྱས་བསྟན་པ་དགོན་ཁང་མིན༎་་་་་་གཙུག་ལག་ཁང་རྣམས་ཀློག་པ་དང་། །
དེ་ཚོ་ཞིག་རུང་སྐྱོ་དོན་མེད༎ ་ ་་་་་་་་་་་ ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །
གོས་སློག་དམར་སེར་ཅན་གྱི་སྡེ༎་་་་་་་་་་དེ་འཛིན་བྱེད་པ་སྨྲ་བྱེད་དང་། །
མི་ཚོགས་ཡིན་གྱི་དགེ་འདུན་མིན། །་་་་་་་ སྒྲུབ་པར་བྱེད་པ་ཁོ་ནའོ། །
དབང་ཆེན་ལགས། བདེ་སྙིང་ཟེར་དུས་བཀའ་དྲིན་འཁོར་མེད་ཕ་ཝོང་ཁ་པ་བདེ་ཆེན་སྙིང་པོའི་གསང་གསུམ་གྱི་རྣམ་ཐར་རྣམས་ཝ་ལེར་དྲན་ཡོང་གིས།
ཕ་བོང་ཁ་བ་ལོས་དྲན་དགེ་ལུགས་བསྟན་པའི་སྲོག་ཤིང་ཉག་གཅིག་རེད། ད་དུང་་་མང་་་
ཧཧཧཧ་དྲན་གི
དངོས་ནས་ག་ནས་བརྗེད།
ཆོས་སྒོར་འགྲིམས་པའི་ཆོས་ཤེས་བ་ཚོས་དད་ལོག་དང་ནང་ཆོས་ལ་ལོག་བཤད་བྱས་ན་དེ་ནི་ཡིད་གཟབ་དགོས་བ་ཞིག་ལས། རྒྱ་ཡན་དུ་གཏོང་མི་ཉན།
སློབ་མ་མགོ་སྟོང་དང་ལས་བྱེད་ཆང་འཐུང་ཁ་ཤས་ཤིག་གིས་ཆོས་ཀྱི་དོན་མ་གསལ་བར་དད་ལོག་དང་ལམ་ལོག་དུ་ཕྱིན་པ་ནི་རང་གྱོང་རང་ལ་ཕོག་པ་ཞིག་ལས་མེད་ན། དེ་ཡང་ཡོང་ཆོག་པ་ཞིག་རེད།
ནང་ཆོས་ལ་གསུངས་ཡོད་པའི་ལྟ་སྤྱོད་འདི་དར་རྒྱུ་ཞིག་ཡིན་པ་ཞིག་ལས། ཀླད་མེད་འགའི་བསམ་པ་དང་གོ་བའི་ནང་གི་ཉམ་བཞིན་པའི་ནང་ཆོས་འདི་དངོས་བདེན་ལ་བར་ཐག་ཤིན་ཏུ་རིང་།
དོན་དག་ཆུང་ཆུང་གི་གནད་དོན་ལ་སྐྱ་དབུར་ལངས་བ་ནི་རང་གཞན་གཉིས་ལ་མི་ཕན་པའི་ཁ་འཁྲུག་རང་རེད།
བདེ་སྙིང་ཟེར་བ་ལས། གཤེགས་སྙིང་ཟེར་བ་ཡོངས་གྲགས་རེད། དེ་སྤྱད་ན་ལགས།
མ་གཞི་རྣམ་པ་ཚོ་འདིར་ཕེབས་པར་འཚམས་འདྲི་ཞུ།
ང་ཚོས་སྤྱི་ཚོགས་འདི་ཡང་སྲིད་དང་རིན་པོ་སོགས་མིང་སྙན་པོ་གཅིག་པུར་མགོ་མི་འཐུམ་པར་དོན་གྱི་ཤེས་ཡོན་པ་རྣམས་ལ་མཐོང་ཆེན་དང་། དེ་དག་ལ་གུས་བསྐུར་སོགས་ཀྱིས་ཤེས་ཡོན་པའི་སྡེ་ཡར་རྒྱས་གཏོང་ཐབས་བྱ་དགོས། དགོན་པ་མང་ཆེ་བ་རིན་པོ་ཆེ་དང་ཡང་སྲིད་ལམ་ལུགས་ཀྱིས་དབང་འཛིན་ཁྲོད་དུ་འཇོག་རྒྱུ་ལས། ནམ་ཡང་ཤེས་ཡོན་པ་དང་ལྷག་བསམ་ལྡན་པ་ཁོ་ནའི་ལག་ཏུ་འབྱོར་ཐབས་མེད་པར་གྱུར་པ་འདིས་དོན་ལ་ཕམ་ཁ་ཆེན་པོ་ཞིག་སྤྲད་ཡོད། བོད་པའི་བསམ་བློའི་འདུ་ཤེས་ཞན་པ་དེ་ཕྱི་རྒྱལ་རྨོངས་དད་པ་ཚོ་ལའང་འགོས་ནས་ད་ཆ་རིན་པོ་ཆེ་སོགས་མིང་སྙན་པོ་རེ་མེད་ཚེ་ཤེས་ཡོན་དང་ཉམས་མྱོང་ཇི་ལྟར་ཡོད་ཀྱང་བེད་མེད་དུ་སྒྱུར་བཞིན་འདུག
ཤེས་ཡོན་པ་རྣམས་ཉམས་ལགས་སོ།།
དངོས་མེད་མིང་གིས་ཕན་ལགས་སོ།།
དོན་ལ་རྨོངས་པའི་སྤྱི་ཚོགས་འདི།།
གྲགས་པའི་རྗེས་སུ་རྒྱུགས་ལགས་སོ།།