རེབ་ཐོག་མདའ།
རྩམ་པ་བཟའ་བཞིན་གླེང་མོལ་བྱས་ན་ཕ་ཡུལ་ཁ་ལྗོངས་མི་དྲན་སུ་ཞིག།
བོད་རྩོམ་གླེང་བཞིན་བོད་སྐད་འཆད་ན་སེམས་པ་མི་སྐྱིད་མི་བུ་སུ་ཞིག།
གུང་སེང་ཉིན་མོ་འཕྲོ་བརླག་མ་སོང་ཀ་ཁའི་ལས་དབང་གླེང་བའི་སྣེ་དེས།།
ང་དང་ས་མཐའི་རིགས་མཐུན་དག་ལ་རང་ཉིད་བོར་བའི་བརྡ་ཞིག་རྒྱག་གི།།
ཕ་སྐད་གཙང་མའི་གླེང་མོལ་དེ་ན་དབྱངས་གསལ་སོ་བཞིའི་ཁ་ལྕེ་སྙན་ཡང་།།
འགྲོ་སོང་མེད་པའི་གླེང་མོལ་ལྷུག་པོ་མཁས་མིང་ཅན་ཚོའི་རྐང་པས་མི་ཐོན།།
གདན་ཞུ་མ་གཏོགས་དང་བླང་མེད་པའི་བོད་པ་ཚང་གི་གྲུ་ཁ་འདི་ནས།།
གསར་འབྱོར་འགའ་ཡིས་བོད་པ་གླེང་བའི་དགླེང་མོལ་དེ་ལ་སེམས་པ་འཁྲེང་གི།
འོ་ཇ་དཀར་བོ་དགུང་ལ་མཆོད་དུས་ལྷ་དང་བླ་མའི་བྱིན་རླབས་མཛོད་དང་།།
ངོ་སོ་མི་དགོས་རང་དབང་གླེང་སྟེགས་ནོར་གླིང་བོད་པའི་གྲོང་ན་འདུ་གི།།
གཟའ་ཆེན་ཉི་མའི་གླེང་མོལ་ཡག་པོ་ན་མཉམ་ཁྱོད་ཚོའི་སེམས་ནས་འཁྲུངས་དུས།།
རྡ་སའི་རི་ན་ཁེར་རྐྱང་ལྷག་པའི་ཨ་མདོ་བུ་ང་ངོ་རེ་ཚ་གི།
བོད་ཟས་བཟའ་བཞིན་འཛུམ་གྱིས་ཁེངས་པའི་ནོར་གླིང་ཟ་ཁང་ཆུང་ཆང་སྦུག་ན།།
རྒན་རབས་གཞོན་སྐྱེས་ལྷན་དུ་འཛོམས་པའི་སེམས་གཏམ་དྲོན་མོ་ཐང་ལ་བཞག་ནས།།
བསམ་ཚུལ་ལྷུག་པོ་ཁོག་ནས་མ་བཞག་འོ་ཇ་ཞིམ་པོའི་བཅུད་དང་སྡེབ་བཞིན།།
དེ་ལྟར་འདུས་སའི་ངང་ཚུལ་དེ་ལ་མ་ཞུགས་འགྱོད་པའི་ལུས་སེམས་གཟེར་གི།
བོད་ཟས་མ་ཟོས་བོད་ལ་མ་གོན་ང་འདྲའི་བོད་པའི་ཚོགས་སྤྱི་ཁྲོད་ན།།
ཀ་ཁ་སུམ་ཅུའི་འཆི་གསོན་གླེང་བའི་རྒན་གཞོན་གངས་རིའི་བུ་ཁྱོད་ཡོད་ན།།
ཕ་ཡུལ་བོར་ནས་གཞན་ཡུལ་འགྲིམ་པའི་ལོ་དང་ཟླ་བའི་མངར་སྐྱུར་ཁྲོད་ནས།།
བདག་ཀྱང་མི་འདུག་ཕ་ཡུལ་ཞིག་གི་ལས་དབང་འཚོལ་བཞིན་ཁྱོད་རྗེས་བསྙེག་རྒྱུ།།
ན་ནིང་ཞིག་ནས་གོ་མྱོང་ཡོད་མོད་ལེ་ལོ་ཞིག་གི་ཁུག་ལ་ལྷུང་ནས།།
དེ་རིང་བར་དུ་ད་དུང་འདི་ལྟར་གོ་བ་ཙམ་ལས་དངོས་ཞུགས་མེད་པས།།
བདུན་མཐའི་གླེང་མོལ་ཐོས་པ་ཙམ་གྱིས་སེམས་ལ་འགྲོ་དགོས་བསམ་ནས་བསྡད་ཀྱང་།།
སྒེར་དོན་དེ་ཡིས་ལུས་སེམས་གཉི་ཀ་མི་ཁོག་ཕར་ལ་འཐེན་ནས་འགྲོ་གི།།
གཞན་དབང་ཤོར་བའི་ཐ་ཤལ་བུ་ང་ཀ་ཁར་དུངས་ཞེན་ཟབ་མོ་ཡོད་ཀྱང་།།
བརྟན་ཚུགས་མེད་པའི་མི་རྐྱང་བདག་རང་རླུང་གིས་འཁྱེར་བའི་སྒང་བུ་ཇི་བཞིན།།
མཚམས་རེར་འདི་དང་ལན་རེར་དེ་ཞེས་ལོ་དང་ཟླ་བའི་སྣེ་མོ་དེ་ནས།།
མི་བུ་ཁྱོད་ཚོའི་རྗེས་སུ་སྙེགས་པའི་དུས་ཤིག་ཡོད་ན་བསམ་ནས་ལྷག་ཡོད།།
ཕྱི་ལོ་ ༢༠༡༢ ལོའི་ ༩ ཚེས་ ༣༠ ལ། རང་ཤག་ནས་གཟའ་ཉི་མའི་གླེང་མོལ་ཞེས་པའི་གསར་འགྱུར་བཀླགས་རྗེས་བྲིས།
དཔེ་ཡག་པོ་འདུག་ཚིག་གི་སྦྱར་ཚུལ་རེ་རེའི་ཡིད་འཐད་པོ་བྱུང་སོང་ཐུགས་རྗེ་ཆེ་རྗེས་སུ་ཡང་བརྩམ་ཡིག་མི་ཉུང་བ་དྲ་ཐོག་ལ་ཕེབ་པའི་རེ་བ་ཡོད།
ཨ་ཁུ་བན་ཕྲུག་ངས་ཡང་མར་ཉི་མར་བཞུས་ལ་འདོད་ཡོད་ཐལ་ར། སྟབས་མ་བདེ་ཐལ་ཡ།
བསམ་བཞིན་བསམ་བཞིན་ལུས་འགྲོ་བ།།
སྒྱིད་ལུག་ང་ཡི་ཁྱད་ཆོས་ཡིན།
བསམ་བཞིན་བསམ་བཞིན་བཤད་བཞག་པ།།
ཆུ་བོ་ཆུང་ཆོའི་ཁྱད་ཆོས་ཡིན།