ཨ་འདུས་མིག་ཆུ།
རེག་བྱ་འཇམ་པའི་ངང་ཚུལ་གྱིས།།
སིམ་པ་སྟེར་བའི་ཟླ་འོད་ལས།།
མེ་ཡི་གྲུ་ཆར་མི་འབབ་ལྟར།།
ཚོར་མེད་སྙན་ངག་ཇི་ལྟར་འབབ།།
ཆུ་འཛིན་མེ་ཏོག་བྲལ་བའི་གཞི།།
དྭངས་གསལ་ནམ་མཁའ་ཆེན་པོ་རུ།།
མཛེས་ལྡན་པདྨ་མི་འཁྲུངས་བཞིན།།
ཚོར་མེད་སྙན་ངག་གང་ནས་བཞད།།
འོད་ཀྱིས་ས་གཞི་ཡོངས་ཁེབས་ཤིང་།།
མེ་རླབས་འབར་བའི་ཉི་གཞོན་ལས།།
བསིལ་བའི་ཟེར་འཕྲེང་མི་འབབ་ལྟར།།
ཚོར་མེད་སྙན་ངག་གང་ནས་འཕྲོ།།
ཆུ་ཕྲན་བརྒྱ་ཕྲག་འདུ་བའི་ཡུལ།།
ངང་མོ་རྩེན་པའི་མཚོ་མོ་ལས།།
མེ་ལྕེ་གྱེར་དུ་འབར་མེད་བཞིན།།
ཚོར་མེད་སྙན་ངག་ཇི་ལྟར་མཆེད།།
སྲ་ཞིང་མཁྲེགས་པོའི་རང་གཤིས་ཅན།།
འགྱུར་མེད་རྡོ་བ་གོར་མ་ལས།།
རྩྭ་ལྗང་མྱུ་གུ་འབུས་མེད་ལྟར།།
ཚོར་མེད་སྙན་ངག་གང་ནས་འཁྲུངས།།
མེ་ལྕེ་ཐུར་ལ་མི་འབར་ཞིང་།།
ཆུ་ཕྲན་གྱེན་དུ་མི་བཞུར་ལྟར།།
ལྷན་གཤིས་རྒྱུ་ཚོགས་མ་གྲུབ་པར།།
ངག་རིག་སྙན་ངག་ཡོང་ཐབས་བྲལ།།
མཁའ་ནས་མེ་ཏོག་མ་བཞད་ཅིང་།།
ཐང་ལས་ཆར་ཆེན་འཇོ་མེད་བཞིན།།
སྙན་ངག་གོམས་པ་མེད་པ་ལ།།
སྙན་ཚིག་མེ་ཏོག་ཇི་ལྟར་བཞད།།
ནས་གྱི་ས་བོན་མ་གྲུབ་ཅིང་།།
ཆར་གྱི་བྱེད་རྐྱེན་བྲལ་བ་ཡི།།
བདག་མེད་ཞིང་ས་ཆེན་པོ་རུ།།
ལྗང་མྱུག་གསར་པ་མི་མངོན་བཞིན།།
སྔོན་གོམས་བག་ཆགས་མི་ལྡན་ལ།།
ད་ཡོད་སྦྱོང་བ་མ་ཕྱིན་པའི།།
གཞུང་ལུགས་རྒན་པོ་ཁ་མཁས་ཚོར།།
སྒྱུ་རྩལ་སྙན་ངག་གང་ནས་གྲུབ།།
ཚོར་བ་སེམས་ཀྱིས་མ་ཟིན་ཞིང་།།
འཚོ་བར་མྱོང་རོལ་མ་ཐོབ་པའི།།
ཆར་སྡོད་བྱིའུ་མགྲིན་སྙན་པར།།
ངག་རིག་སྙན་ངག་ཡོད་དམ་ཅི།།
བཙིར་ནས་སྙན་ངག་མི་འོང་ཞིང་།།
ཉོས་ནས་སྙན་ངག་མི་རག་པར།།
སློང་ཡང་སྙན་ཚིག་མི་རྙེད་པས།།
སྙན་ངག་ནམ་ཡང་རིན་ཐང་ལྡན།།
ཚོར་བ་མེད་པའི་སྙན་ངག་ལ།།
བཅོས་དང་བསྒྲིགས་པའི་ཨུ་ཚུགས་ལྡན།།
མི་འདོད་བྲན་དུ་བཀོལ་བ་ལ།།
བཞིན་འཛུམ་སྤྲོ་བ་བྲལ་བ་བཞིན།།
སློབ་གྲྭ་ཆེན་མོར་མ་འགྲིམས་ཤིང་། །
སྙན་ངག་དེབ་མང་མ་བཀླགས་ཀྱང་། །
སྨྱུ་གུ་དམ་དུ་བཙིར་བ་ལས། །
སྙན་ཚིག་རི་མོ་ཆུ་བཞུར་བཞུར། །
བཅུར་མེད་སྙན་དངགས་བཅུར་ནས་ཤེས། །
བཅུར་མེད་སྙན་སྨྱུག་བཙིར་ནས་བྲིས། །
བཅུར་མེད་སྙན་ཚིག་རྒྱུ་མེད་མིན། །
བཅུར་དང་བཙིར་ནས་སྙན་ཚིག་བྲིས། །
འདི་ བཙིར་རེད་དམ་བཙུར་རེད།
བཙིར་ཡིན་གྱི་རེད་མ་གཏོགས་བཙུར་ཟེར་བའི་ཐ་སྙད་ཅིག་མཐོང་མ་མྱོང་།
ཨ་ཅི། དགེ་རབ། ཟུར་བལྟས་ལེབ་མཐོང་རེད། ཚོར་མེད་སྙན་ངག་རེད། ཁོའི་སྙན་ངག་རྐང་པ་བཞི་པ་དེར་ལྟོས་དང་། ཁྱེད་ཚོ་མཁས་པ་ཡིན་མདོག་གིས། ལམ་གསེང་བཙིར་ཟེར་བ་དང་བཅུར་ཟེར་ནས། དངོས་ཡོད་དང་ཅི་ནས་བསམ་བློ་གཏོང་གི་མིན་འདུག སྔོན་མ་རྒྱལ་བ་རིན་པོ་ཆེས། ཕྲུ་གུ་ཚོར་ཀློག་དེབ་ཅིག་དགོས་ཀྱི་འདུག་གསུངས་པ་རེད། ལམ་གསེང་དེར་མཁས་པ་འགའ་ཞིག་གིས། ས་སྐྱ་ལེགས་བཤད་རབ་རེད་ཟེར། ལ་ལས་ཆོས་འབྱུང་ཁྲིད་དགོས་ཟེར། བླ་མ་འགའ་ཤས་ཀྱིས་སྐྱབས་འགྲོའི་བསླབ་བྱ་ཁྲིད་ཟེར། རྒྱལ་བ་རིན་པོ་ཆེས། ང་ལ་ཡི་གེ་སློབ་བྱེད་ཀྱི་སློབ་དེབ་གཅིག་དགོས་ཟེར། དེ་ནང་བཞིན་མཁས་པ་འདི་ཚོས་དངོས་ཡོད་དང་ཅི་ཐུབ་ཀྱིས་ཐག་རིང་འགྲོ་བཞིན་འདུག
ཧ་ཧ་
བཙིར་ལ་བཙུར་བྲིས་པ་ཡུལ་སྐད་ཡིག་སྐད་པ་ཁྲིད་པའི་ཆ་ཤས་རེད་ལ་ཨ་མདོ་བའི་ང་རྒྱལ་ཡང་མཚོན་པ་རེད།
བོད་སྐད་གཙང་མ་ཅན་གྱི་བོད་རིགས་ལ།།
སྙན་ངག་སྡེབ་སྦྱོར་ངག་ན་ཆུ་བཞུར་བཞུར།།
ཀ་མེད་སུམ་ཅུར་ཕབ་པའི་རྩལ་ཡོད་ན།
སྙན་ངག་མ་སྦྱང་ངག་ན་རང་བྱུང་རེད།
སྙན་གཞུང་དེབ་རྒན་སྦྱངས་ནས་མཐར་ཕྱིན་རུང་།།
སློབ་ཆེན་སློབ་ཆུང་འགྲིམས་ནས་མཐར་ཕྱིན་རུང་།།
ལྷ་རམས་བཀའ་རམས་བལྟས་ནས་མཐར་ཕྱིན་རུང་།།
སྙན་ངག་མེད་པར་ལུས་ནི་གང་མང་མང་།།
བཅོས་མའི་ཤིང་ལ་མེ་ཏོག་དང་། །
རི་མོའི་གཟུགས་ཀྱིས་སྨྲ་བརྗོད་བཞིན། །
རང་བཞིན་ངག་ནས་མ་ཐོན་པའི། །
སྙན་ངག་རྣམས་ནི་བཙིར་པ་ཡིན། །
སྙན་ངག་བཙིར་ནས་ཐོན་པ།།
དངོས་པོའི་གཤིས་ལ་གྲུབ་ཡོད།།
དད་པས་བཙིར་ནས་ཐོན་པའི།།
དཔག་བསམ་འཁྲི་ཤིང་ཀློག་དང་།།
ངེས་འབྱུང་རྣལ་མས་བཙིར་པའི།།
དགེ་ཆོས་མི་རྟག་དྲན་མགུར།།
ཆགས་པས་བཙུར་ནས་བྲིས་པ།།
སྤྲིན་གྱི་ཕོ་ཉ་ཡོད་རེད།།
ཁོ་བོའི་མགྲིན་པའི་དགའ་ཚལ་ལ། །
རིང་ནས་དབྱངས་ཅན་ཆགས་གྱུར་བས། །
སྙན་ཚིག་རེ་ཟུང་འབྲི་བ་ལ། །
ལག་པའི་སོར་མོ་མདར་དོན་ཅི། །
ལྷན་སྐྱེས་སྙན་ངག་སྨྲ་བའི་རྩལ། །
གྲོལ་བའི་ལྕེ་རྩེ་གཡོ་བ་ལས། །
སྙན་ཚིག་གཡས་འཁྱིལ་དུང་གི་སྒྲ། །
ལྷང་ལྷང་གྲགས་ལ་སུ་ཞིག་མཚར། །
དངོས་གནས་དགའ་འོས་པ་ཞིག་ལ།
རེད་ཟླ་མེད་ལགས།
དེ་བཞིན། དག་སྣང་བཙིར་ནས་བྲིས་པ། །
བོད་བླའི་བྲིས་པའི་ཆོས་འབྱུང་། །
ལྷག་བསམ་བཙིར་ནས་བྲིས་པ། །
གཏམ་རྒྱུད་གསེར་གྱི་ཐང་མ། །
བོད་ཀྱི་ཆོས་འབྱུང་གང་ཡིན།།
སྙན་ངག་ཡིན་དོན་མེད་དོ།།
གཏམ་རྒྱུད་གསེར་ཐང་རིན་ཆེན།།
ངག་རིག་སྙན་ངག་མ་ཡིན།།
བཙིར་དང་བཙུར་གྱི་ཁྱད་པར།།
ང་ཡིས་ནོར་བ་ཡིན་ནོ།།
དོན་མེད་གཞན་ཁག་མ་དཀྲི།།
མཛུབ་མ་ང་ལ་ཀེར་ཤོག།
ཚོར་མེད་སྙན་ངག་ཅེས་པ།།
རྡོ་ཆག་བཙན་སྒྲིག་ཡིན་ནོ།།
འཚོ་བྲལ་སྙན་ངག་འབྲི་བ།།
སྲོག་མེད་བེམ་པོ་ཡིན་ནོ།།
བཙིར་ནས་བཙུར་དུ་འགྱུར་དོན་ནི།།
བསམ་པས་མ་ཡིན་ཤོར་བ་ཡིན།།
དུང་ཕྱུར་དུང་ཕྱིར་འགྱུར་བའི་རིགས།།
ཨ་མདོ་བ་ལ་དཀའ་ངལ་ཆེ།།
བྲང་ཁོག་བང་ཁོག་སྤེའུ་སྤྲེའུ།།
སྦྱར་བྱེད་སྤྱིན་ལ་སྤིན་ཞེས་སོགས།།
ཡ་བཏགས་ར་བཏགས་དོར་བའི་རིགས།།
དབུས་གཙང་ཚོ་ལ་དཀའ་ངལ་ཆེ།།
ན་རོ་མེད་སར་ན་རོ་སྦྱོར།།
དཔེ་མཚོན་ཇེ་མང་ཡོད་གྱུར་པས།།
ཁམས་སྐད་ནང་དུ་དེ་རིགས་མང་།།
ཁམས་པ་ཚོ་ལ་དཀའ་ངལ་ཆེ།།
རང་རང་དཀའ་ངལ་ཕྲན་ཚེགས་རིགས།།
ཅི་ཡིན་ཞིབ་པར་ངོས་བཟུང་སྟེ།།
གཅིག་ཕན་གཅིག་གྲོགས་ལེགས་བཅོས་ཀྱིས།།
སྐད་ཡིག་ཚེ་སྲོག་རིང་དུ་སྲིངས།།
བཙིར་ལ་བཙུར་ཞེས་པ་ཀླུ་སྨྱོན་གྱིས་ཀྱང་བྲིས་སོང་སྙམ། ཤོར་བ་ཡིན་ན་ཨ་འདུས་བཞིན་ཁས་ལེན་དགོས་པ་ལ་ཁོང་གིས་དེ་ལྟར་མ་བྱས། དེས་ན་ངས་བཙིར་བའི་གོ་ས་བཙུར་གྱིས་འཕྲོག་འདུག་དྲན་སོང་།
རྩོམ་པ་པོའི་རེ་སྐུལ་ལྟར་བཙུར་དེ་བཙིར་རུ་ལེགས་བཅོས་བྱས་ཡོད། ལར་ཡིག་ནོར་བཅོས་པ་ལ་མི་མོས་མཁན་ཡང་འདུག་སྟབས། གོང་རྩོམ་འདི་ཁ་བརྡར་འགོད་སྐབས་དོ་བདག་གིས་ཇི་བྲིས་ལྟར་སོར་བཞག་གིས་བཀོད་པ་ཡིན་པ་དགོངས་འཇགས་ཞུ།
བཙིར་རུ་ཞེས་པ་བཙིར་དུ་ཡིན་པར་ཤོག
བཙིར་བཅུར་གཉིས།
ཁྲིམས་དང་སྣུམ་གཉིས་བཙིར་ནས་ཐོན། །
སྒོ་ཕྱུགས་སེམས་ཅན་བཅུར་ནས་ཆུགས། །
རྔ་ལ་དབྱུག་གུས་བསྣུན་ན་ཐོན། །
མཁས་པར་དྲིས་ནས་བཙིར་ན་འདོན། །
བཙིར་བཅུར་བྲལ་བའི་སྙན་ཚིག་ཉུང་། །
སྙན་ཚིག་ཡིག་འབྲུ་བཅུར་ནས་བྲིས། །
བཙིར་ནས་མིག་ཆུ་བཏོན་པ་ཡིས།།
སེམས་ཀྱི་སྐྱོ་བ་མཚོན་མིན་ལ།།
བཙིར་བའི་གདོང་གི་འཛུམ་རིས་ཀྱིས།།
བློ་ལྡན་སུ་ཞིག་འགུག་པར་ནུས།།
དེ་བཞིན་སྙན་ངག་མི་ཤེས་པས།།
ནན་གྱིས་བཙིར་ནས་བསྒྲིགས་པ་ཡི།།
ཚིག་གི་ཕྲེང་བར་མཁས་རྣམས་ཀྱིས།།
རྡོ་ཆག་བཙན་བསྒྲིགས་མིང་དུ་བསྙད།།
བཙིར་བའི་མིག་ཆུས་སྐྱོ་མི་མཚོན། །
བཙིར་བའི་འཛུམ་གྱིས་སེམས་མི་འགུག །
བཙིར་བའི་སྙན་ངག་ཕར་ལ་ཞོག །
བཙིར་བའི་སྐྱག་གཏོང་ཡང་སྐྱིད་མ་ལགས། །
མེ་དཀར་ལ་འཚམས་འདྲི་ཞུའོ།།
ཡུན་རིང་ཞིག་གི་རྗེས་ནས་མཇལ་སོང་།
ཁ་བརྡའི་མི་རྒན་ཚོ་རེ་རེ་ནས་བརླག་བཞིན་འདུག་པས།
ཁྱེད་ཀྱང་ཁ་བརྡ་དང་ཁ་བྲལ་བ་མིན་ནམ་སྙམ་ནས་སེམས་ཚོར་བྱུང་།
དེ་རིང་མཇལ་བས་གློ་བ་དགའ་སོང་།
དོལ་སྨྱོན་གྱིས་ཁོ་བོར་མཐོང་ཆེན་གནང་བར་སྤྲོ་བ་བརྟས།