བྲོ་འཚལ།
ཀ་ཁའི་ལས་དབང་མདུན་ནས་ཞ་ར་ཡིན།།
ཁ་བའི་སེམས་པ་མི་ཤེས་ལྐུགས་པ་འདྲ།།
ག་ས་གང་དུ་བཤད་ཀྱང་འཐེན་འཁྱེར་ལས།།
ང་ལ་མཁོ་བའི་སྐད་ཆ་ཚིག་གཅིག་མེད།།
ཅ་ཅོ་དོན་མེད་སྣང་བའི་ཁེངས་དྲགས་ཆེ།།
ཆ་དང་ཆ་བྱས་ནང་དམེ་ཚིག་གི་བརྡ།།
ཇ་རོ་བཞིན་དུ་གང་སར་སྤུངས་བ་ཡི།།
ཉ་ཉོག་རྙོགས་མའི་ལས་ལ་འཇུག་འདི་སྐྱོ།།
ཏ་ཐ་ག་ཏའི་བསྟན་པའི་དྲི་མི་བྲོ།།
ཐ་མལ་སྐྱེ་བོས་གནས་ལུགས་གཞལ་བ་ཞེས།།
ད་ལྟའི་དུས་རབས་གསར་པའི་ཡོ་ལང་འདི།།
ན་བ་སེམས་ཀྱི་གཅེས་སྐད་འདྲེ་བརྡར་བཅོལ།།
པ་སངས་ལྟར་དཀར་གངས་རིའི་ལྗོངས་སུ་ནི།།
ཕ་རོལ་དགྲ་བོ་བཞག་ནས་གཞན་ཡུལ་འདིར།།
བ་གླང་ལྟ་བུའི་བརྟུལ་ཞུགས་བསྐྱངས་པ་ལས།།
མ་དག་སེམས་ཅན་ལས་ལ་བསམ་མཁན་དཀོན།།
ཙ་རི་གནས་སྐོར་ཕྱོགས་ལ་མྱོང་བ་མེད།།
ཚ་བོ་ཚ་མོ་སེམས་ཀྱི་ཡུལ་ན་མེད།།
ཛ་རེ་ཛོ་རེའི་ཆ་ལུགས་ཡ་མ་བརླ།།
ཝ་ལེར་བསམ་ན་ཞེ་སེམས་གཏིང་ནས་སྐྱོ།།
ཞ་ར་འོན་པ་མང་བའི་སྤྱི་ཚོགས་འདིར།།
ཟ་འཐུང་ཁ་ལག་ཙམ་ལ་ངལ་བ་ལས།།
འ་རི་འུ་རེ་མེད་པའི་དྲང་གཏམ་ཞིག།
ཡ་ཆུང་སེམས་པ་བསྟན་ནས་གླེང་མཁན་དཀོན།།
ར་སྐད་འདྲེ་སྐད་བསྲེས་ནས་ཡི་གེ་འབྲི།།
ལ་ལུང་ཡུལ་སྐད་དྲངས་ནས་འགྲེལ་བ་རྩོམ།།
ཤ་ཚ་ཏིལ་ཙམ་མེད་པར་གང་བྱུང་དམོད།།
ས་སྟེང་འདི་ན་མང་ནས་མང་དུ་སྣང་།།
ཧ་ཧ་གད་མོ་མ་ཡིན་བདེན་གཏམ་འདི།།
ཨ་མའི་བུ་རྒོད་དག་ལ་འཕྲིན་དུ་བསྐུར།།
ཧ་ནེ་ཧོན་ནེའི་ཀླད་མེད་རྐྱལ་སྟོང་ལ།།
ཨ་མ་ལྟ་བུའི་འདུ་ཤེས་འཁྲུངས་པར་ཤོག།
ལས་དབང་ཡིན་ན་གནས་སྐབས་བཅོས་སུ་མེད།།
ལྐུགས་པ་ཡིན་ན་སྐབས་ཅིག་བརྡ་མི་འཕྲོད།།
གང་དུ་གང་བཤད་འཐེན་འཁྱེར་ཡིན་གྱུར་ན།།
སོ་སོའི་སྐད་ཅ་ས་ོསོར་མཁོ་བར་ངེས།།