རྩོམ་པ་པོ། དྲེལ་དཀར་མི་ཕམ་བོད་སྨན་སྡེབ་སྦྱོར་ཁང་གི་སྨན་རྩིས་དགེ་རྒན་སྨན་པ་པདྨ་འོད་ཟེར།
ཁ་བརྡར་འོས་སྦྱོར་མཁནཿ རྫ་ཚེ་རིང་བཀྲ་ཤིས།
སྤྱིར་བོད་ཡུལ་གྱི་འབྲུ་རིགས་དང་སྔོ་ཚོད་སོགས་འཁོར་ཡུག་འབག་བཙོག་བྱེད་པའི་རྫས་ངན་གྱིས་ཆེར་མ་བསླད་པས་གཙང་མ་ཡིན་པས་གཟུགས་པོ་ལ་གནོད་སྐྱོན་ཤིན་ཏུ་ཆུང་། མི་རིགས་གཞན་གྱི་ཟས་རིགས་ལ་མཚོན་ན་ང་ཚོ་བོད་ཀྱི་ཟས་རིགས་དེ་ཤིན་ཏུ་གཙང་མ་ཡིན། འོན་ཀྱང་། དེང་དུས་བོད་ཀྱི་གྲོང་ཁྱེར་མང་པོར་མི་རིགས་གཞན་གྱིས་སྦལ་སྦྲུལ་དང་འབུ་སྲིན་བཟའ་བའི་ཟས་ཁང་བསྐྲུན། བོད་མི་བསམ་མེད་འགའ་དེར་སོང་ནས་འཛེམ་བག་མེད་པར་ཟོས་མཐར་རང་གི་ཕོ་བ་རང་གི་བཏེག་མི་ཐུབ་པ་ལྟ་བུ་དང་། སྨན་གཞུང་གང་གིས་ཡང་ངོ་འཛིན་མི་ཐུབ་པའི་ནད་ཀྱིས་ཟིན་ཏེ་ཚེ་ཕྱི་མར་འགྲོ་བ་དུ་མ་ཡོད།
དེ་རིང་ངས་བརྗོད་འདོད་པ་ནི། སྤྱིར་དམར་ཟས་ཟ་བ་དང་མི་ཟ་བ་གཉིས་ཀྱི་ནད་ལ་བརྟག་དཔྱད་བྱས་ཚེ་དམར་ཟས་མི་ཟ་བ་དེ་ནད་ཚབ་ཇི་ལྟར་ཆེ་ཡང་ངོ་འཛིན་དང་གསོ་བ་སླ་ལ། དམར་ཟས་ཟ་མཁན་དེའི་ནད་སྟོབས་ཆུང་ཡང་ངོ་འཛིན་དཀའ་བ་དང་གསོ་དཀའ་བ་ཉམས་མྱོང་དུ་གྲུབ།
ཁྱད་པར་དུ། འཁྱགས་ཤ་དང་ཤ་རློན་རྒྱུན་ཟ་བྱེད་པ་དག་གི་ནད་སྟོབས་ཤིན་དུ་ཆེ་བར་མ་ཟད་སྨན་བཅོས་ཡང་ཤིན་དུ་དཀའ་བར་སེམས། ཉེ་བའི་ལོ་འགའི་རིང་ལ་བོད་ཡུལ་གྱི་རོང་འབྲོག་པའི་མང་ཚོགས་ཁ་ཤས་ལ་སྨན་བཅོས་ཅུང་ཙམ་བྱས་པས་མཆིན་ནད་ཅན་གྱི་ནད་པ་ཤིན་ཏུ་མང་བས་སྨན་བཅོས་ཇི་ལྟར་བྱས་ཀྱང་ཕན་ཐབས་མ་བྱུང་། དེ་ནས་ངས་ཁོ་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བཟའ་བཏུང་སྐོར་ལ་ཞིབ་འཇུག་ཅུང་ཙམ་བྱས། ཡུལ་དེས་དམར་ཟས་ཤིན་ཏུ་ཟ་བར་མ་ཟད་འཁྱགས་ཤ་དང་ཤ་རློན་དེ་ལས་ཀྱང་ཟ། ངས་མཆིན་ནད་ཅན་ཞིག་ལ་ཟླ་གསུམ་གྱིས་བར་དུ་འཁྱགས་ཤ་དང་ཤ་རློན་ཟ་རུ་མ་བཅུག་པར་མཆིན་སྨན་འགའ་བཏང་བས་ནད་དེ་རིམ་གྱིས་ཞི། ནད་དེ་ཞི་བ་དང་དུས་མཉམ་དུ་ཁོས་ཤ་རློན་མི་མཐུད་དུ་ཟོས་པས་ཡང་སྔར་གྱི་ནད་དེས་ཟིན། དེ་ནས་བཟུང་ངས་ཁོ་ལ་རློན་ཤ་གཏན་འགོག་བཟོ་དགོས་པའི་བསྐུལ་མ་མཛད་པས་ཁོས་ངས་བགོ་བ་ལྟར་བགྱིས་པས་ནད་དེ་ཞི་ནས་ད་ལྟ་ན་ཟུག་ཅི་ཡང་མེད།
སྤྱིར་ཤ་རིགས་མང་པོ་རྒྱུན་ལྡན་འཚོ་བའི་ཁྲོད་དུ་བསྟེན་པ་དག་ནི་རིམ་གྱིས་ཁྲག་ནད་ཅན་འབའ་ཞིག་འགྱུར་བཞིན་ཡོད་པར་སེམས། རྒྱུ་མཚན་ནི། སྦལ་སྦྲུལ་སྡིག་སྲིན་སོགས་ཤ་རིགས་ལ་ཆེར་རྔམ་པ་དག་ན་ཚོད་ཅུང་ཙམ་ཡོལ་བ་ན་ཁྲག་ནད་ཅན་དུ་འགྱུར་བཞིན་འདུག་པ་མངོན་གསལ་ཡིན་ལ། རོང་འབྲོག་ས་ཁུལ་གྱིས་འཚོ་བའི་ནང་ཤ་རིགས་རྒྱུན་དུ་བསྟེན་པ་དག་ཀྱང་གོང་བཞིན་ཡོད་པ་དུ་མ་ཡོད། སྤྱིར་ཤའི་རིགས་དག་གི་ནུས་པ་ལྕི་སྣུམ་དྲོད་ཀྱི་རང་བཞིན་ཡིན་པས་དེ་བསྟེན་དྲགས་པས་ལྕི་བའི་ནུས་པས་ཕོ་བའི་མེ་དྲོད་ཀྱི་ནུས་པ་ཉམ་པ་དང་།སྣུམ་དྲོད་ཀྱི་ནུས་པས་རྟེན་ཁྲག་དང་བརྟེན་པ་མཁྲིས་པའི་མེ་དྲོད་ཚད་ཐིག་ལས་ལྷག་པའི་རྐྱེན་དུ་འགྱུར་བས་སེམས། ཤ་རིགས་དེ་མིད་པའི་ལམ་བརྒྱུད་དེ་ཕོ་བར་སླེབས་པ་དང་ཡང་ན་ལྕི་བའི་ནུས་པས་མེ་དྲོད་ཉམས་ནས་དྭངས་མ་སྐྱོན་ཅན་དུ་བསྒྱུར་བ་དང་། ཡང་ན་སྣུམ་དྲོད་ཀྱི་ནུས་པས་མེ་དྲོད་རྒྱུན་ལྡན་གྱི་ཚད་ལས་བརྒལ་ནས་དྭངས་མ་སྐྱོན་ཅན་དུ་བསྒྱུར་བཞིན་ཡོད། རིམ་བཞིན་དྭངས་མ་དྭངས་མ་ལེན་པའི་རྩ་ལམ་བརྒྱུད་དེ་མཆིན་པའི་གནས་སུ་སླེབས་པ་དང་། མཆིན་གནས་སུ་ཡུན་རིང་བསགས་ནས་ལུས་ཟུངས་གཉིས་པར་སྨིན་མ་ནུས་པར་མཆིན་ནད་ལེབ་རྒན་སོགས་མཆིན་ནད་ཕལ་ཆེར་འདིའི་བསྐྱེད་བཞིན་ཡོད། ཡང་གོང་གི་མཆིན་གནས་སུ་བསགས་པའི་དྭངས་མ་སྐྱོན་ཅན་དེ་ལུས་ཟུང་གཉིས་པ་ཁྲག་དང་འདྲེས་ནས་མི་འཕར་བའི་སྡོད་རྩ་དང་རིམ་བཞིན་རླུང་ཁྲག་གཉིས་འདོམ་ཀྱི་འཕར་རྩའི་ནང་རྒྱུན་ལྡན་དུ་རྒྱུ་མི་ནུས་པར་སྐ་བའམ་སླ་བའི་ཉམས་ཅན་དུ་གྱུར་ནས་ཁྲག་ནད་ཕལ་ཆེར་བསྐྱེད་བཞིན་ཡོད། འདི་ཚབ་ཆེ་བའི་རིགས་ཕྱི་རོལ་གྱི་རྐྱེན་ཅུང་ཙམ་དང་འཕྲད་པས་ཁྲག་རྩ་རྡོལ་དེ་འཆི་བ་དང་། ཡང་ན་ཡན་ལག་གི་ཚོར་བ་ཉམས་ནས་ངག་ལྐུགས་པ་སོགས་འབྱུང་བཞིན་ཡོད་དོ།།
འདི་དེང་དུས་གཟའ་ནད་དང་ནད་གསར་སོགས་ཀྱི་མིང་དུ་བཏགས་ཀྱང་རྒྱུ་རྐྱེན་དང་བྱུང་རིམ་འདི་ལྟ་ཡིན་པར་སེམས། དེས་ན་རྒྱ་ཆེ་བའི་མང་ཚོགས་ཡོངས་ལ་སོར་བཅུའི་ཐར་མོ་སྙིང་ཀར་སྦྱར་དེ་ཞུ་བ་ནི་མིའི་ལུས་རྟེན་འདི་རྙེད་དཀའ་བ་ཡིད་བཞིན་གྱི་ནོར་བུ་དང་མཚུངས་པ་རྙེད་ན་དོན་ཆེ་བ་དང་རྙེད་པའི་སྙིང་བོ་ལེན་དགོས་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ན། ལུས་རྟེན་དེ་ཉ་མོ་རོ་ལ་སྲེད་པས་ལྕགས་ཀྱུར་དྲང་ཞེས་པའི་དཔེ་ལྟར། ཁ་ལ་ཅུང་ཙམ་ཞིམ་པ་ཁོ་ན་ལ་ཆགས་ནས་འདི་ཕྱི་གཏན་མེད་མི་བྱེད་པར་མཁྱེན་ཞུ་བ་ཡིན།
གལ་སྲིད་ཁྱེད་ཀྱི་ཅེས་ཀྱང་ཤ་བཞེས་དགོས་ཚེ་རློན་ཤ་མི་བཞེས་པར་ཆུ་ཁོལ་ནང་སྐར་མ་དྲུག་བཅུ་ཡས་མས་ལ་བཙོས་ནས་གཟོད་བཞེས་དང་ལུས་ལ་དེ་འདྲའི་ནད་ཆེན་པོ་འབྱུང་བའི་ཉེན་ཁ་ཅུང་ཆུང་བར་སེམས།
༢༠༡༢ལོ་ཟླ་༨ཚེས༨ལ། དྲེལ་དཀར་བོད་སྨན་སྡེབ་སྦྱོར་ཁང་གི་སྨན་རྩིས་དགེ་རྒན་སྨན་པ་པདྨ་འོད་ཟེར་ནས།
ལགས་སོ།། རང་ཉིད་ཤ་ཟས་སྤངས་ཟིན་ལ་ད་ལྟ་རྩ་ཟ་གིན་ཡོད།
གཞན་ཕན་དུ་འགྱུར་བའི་རེ་སྐུལ་འདིར་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད།
ཤ་མེད་ན་ཁ་ལག་ལ་བྲོ་བ་མི་འདུག
ཤ་ཟ་བ་ནི་ཉེས་པ་ཁོ་ནར་འདོད་མི་རུང། གང་ཞེ་ན། བོད་ཀྱི་གསོ་བ་རིག་པའི་གཞུང་དུ། དེ་ལྟར་གསུངས་ཡོད་དེ། མི་ཤས་འབྲས་འདུལ་རླུང་དུག་གཉན་ནད་འཇོམས། །སྦྲུལ་ཤས་འདྲིལ་བཤིག་འགགས་འབྱིན་མིག་ལ་ཕན། །བྱ་རྒོད་ཤ་ཡིས་དྲོད་སྐྱེད་ལྦ་བ་འཇིག །རྨ་བྱའི་ཤ་ཡིས་མཁྲིས་པ་དུག་ནད་འཇོམས། །ད་བྱིད་ཤ་ཡིས་མཁལ་རྐེད་གྲང་བ་སེལ། །སྲམ་གྱི་མཆིན་པས་ཆུ་འགགས་སེལ་བར་བྱེད། །འཕྱི་བའི་མཆིན་པས་རུས་པ་གས་པ་སྦྱོར། །ར་ཡི་མཆིན་པས་མིག་ལ་མཆོག་ཏུ་ཕན། །གློ་སྙིང་མཆིན་མཆེར་མཁལ་ཤས་རང་ནད་སེལ། །སྤྱང་ཀིའི་ཕོ་བས་དྲོད་སྐྱེད་མ་ཞུ་འཇུ། །སྤྱང་ཀིའི་ལྕེ་ཡིས་ལྕེ་སྐྲངས་འཇོམས། །ཕག་པའི་ལྕེ་ཡིས་རུས་མཛེར་འགོགས། །ཁྱི་ཡི་ལྕེ་ཡིས་རྨ་རྣམས་འདྲུབ། །བོང་བུའི་ལྕེ་ཡིས་འཁྲུ་བ་གཅོད། །ཐུག་འབྲས་རོ་ཙ་ཁྱི་རླིག་བུ་རོགས་འབྱིན། །ཝ་དང་ཁུག་རྟའི་གློ་བས་གློ་རྡོལ་གཅོད། །བྱ་ཝང་ཤ་ཡིས་སྐྱུག་པ་གཅོད་པར་བྱེད། །མཆིལ་པ་ནས་ཟན་རྩངས་པས་ཁུ་བ་སྐྱེད། །ངུར་པའི་ཤ་ཡིས་ཉྭ་ལོག་སེལ་བར་བྱེད། །ཤ་བའི་ཁྲག་གིས་སྲིན་སེལ་མངལ་ཁྲག་གཅོད། །ར་ཡི་ཁྲག་གིས་རེག་དུག་འབྲུམ་ནད་སེལ། །གཡག་རྒོད་ཁྲག་དང་གཙོད་ཁྲག་འཁྲུ་བ་གཅོད། །ཅེས་སོགས་སྲོག་ཆགས་ལས་བྱུང་རྭ་དང་རུས་པ། ཤ། ཁྲག ཚིལ། ཀླད་པ། ལྤགས་སེན་སྤུ་སོགས་པའི་ཕན་ཡོན་དུ་མ་གསུངས་པའི་དགོངས་དོན་དེ་དག་ནི་བོད་ཀྱི་མཁས་པ་བྱང་ཆུབ་སེམས་དཔའ་ཚོས་སེམས་ཅན་བློས་མི་གཏོང་བའི་མཚོན་བྱེད་བཟང་པོའི་སྒོ་ནས་གསུངས་པ་ཤ་སྟག་མ་ཡིན་ནམ།
ཚལ་དང་འབྲུ་ཡིས་འཇིག་རྟེན་མི་ཁེབས་པ།།
སྨན་དགེ་འདི་ཡིས་ད་དུང་མ་ཤེས་བར།།
དགེ་བར་དམིགས་ནས་བཤད་པའི་གཏམ་ཆག་འདི།
དོན་ལ་ཐོས་བ་མེད་པའི་ཅ་ཅོ་རེད།།
དེ་ཚོ་ཚང་མ་རྫུན་རེད། ཤ་ཟོས་ན་མ་ཟོས་ན་ལོ་བརྒྱད་ཅུ་དགུ་བཅུ་ཟིན་ན་ཚང་མ་སྔ་ཕྱི་བྱས་ནས་འགྲོ་དགོས། ཤ་མ་ཟོས་ན་ཡང་བསྡད་ས་མེད། སྔོ་ཁོ་ན་ཟ་མཁན་འབྲི་གཡག་དང་རི་དགས་ཕལ་ཆེ་བ་ཡང་ལོ་བཅོ་ལྔ་ཉི་ཤུ་ལས་མི་སྡོད། བོད་ཀྱི་རང་བྱུང་གི་སྔོ་ཚལ་ཁོ་ན་ཟ་བའི་སྔོ་འབུ་འགའ་ཞིག་ཉིན་གཅིག་ལས་ཚེ་མེད། དེ་ལ་འབུ་ཉིན་ཚེ་མ་ཟེར། ཤ་དང་རུས་པ་ཁོ་ན་ཟ་བའི་བྱ་རྒོད་དེ་ཚོ་ལོ་སྟོང་ཙམ་ཐུབ། ད་དུང་ཉ་ཤ་ཁོ་ན་ཟ་བའི་ཉ་ཆེན་འགའ་ཞིག་ལོ་ས་ཡ་ཐུབ་པ་ཚན་རིག་པས་བཤད།
རང་དབང་ནི་རང་རང་དབང་རེད། ཤ་ཟོ། ཁྲག་འཐུང་། རུས་པ་འཆའ། རྩེད་མོ་ཡིན། ཤ་ཟ་དང་མ་ཟ་སྒེར་གྱིས་ཐག་གཅོད་དགོས་པ་ཞིག ཤ་དང་སྔོ་ག་རེ་ཡིན་ནའང་སྤྱོད་ཤེས་ན་སྨན་ལ་མ་ཤེས་ན་དུག་གི་ངོ་བོར་འགྱུར་སླ་བ་རེད།
རང་དབང་གིས་མཉན་མོ་ཅིག་བཤད་འདུག མདོར་ན་ང་ཚོ་ནང་པ་ཡིན་པའི་ཆ་ནས་སྙིང་རྗེའི་སྒོ་ནས་ཤ་སྤོང་ན་ཡག་ཤོས་རེད། ཡིད་རངས་ཡོད། དེ་མིན་ང་ན་ཡོང་ཚ་ཡོང་དྲན་ནས་ཤ་སྤོང་བ་ནི་བདག་འཛིན་ཆེ་དྲག་ནས་ཟས་ཡང་ཟ་མ་ཕོད་པ་རེད། དེ་ལ་ཡག་པོ་གལ་མཐོང་གི་མེད། རང་ལ་ཕན་པའི་ཆེད་ཡིན་ན་ཤ་ཟ་བ་ཡང་རང་ལ་ཕན་པའི་ཆེད་ཟ་གི་ཡོད་རེད།
ལུས་རྒྱས་འཚོ་བྱེད་ཤ་འདྲ་གང་ཡང་མེད།།
ཅེས་པའི་སྡོམ་ཚིག་འདི་གཅིག་པུས་ཀྱང་ཤ་ལ་ནུས་པ་ག་འདྲ་ཞིག་ཡོད་མིན་གསལ་བཤད་བྱས་པ་མ་ཡིན་ནམ།
བཟའ་བཏུང་གི་སློབ་གསོ་འདི་གལ་ཆེ། སྟོན་པས་ཀྱང་རྣམ་གསུམ་དག་པའི་ཤ་འཚལ་བར་རུང་གསུངས་ཡོད་པ་རེད། དེ་ནི་སྨན་ལ་དགོངས་ཡོད་པ་རེད། འོན་ཀྱང་སྟོན་པ་མྱ་ངན་ལས་འདའ་ཁར་དགེ་སློང་གིས་ཤ་བཟའ་བར་མི་རུང་གསུངས་ཡོད་པ་རེད། དེ་ནི་འཕྲོད་བསྟེན་ལ་དགོངས་པ་རེད། སྙིང་རྗེ་མེད་པས་ཉེས་པ་འབྱུང་བ་ལ་དགོངས་པ་རེད། བྱ་རྒོད་ཚེ་ཚད་ལོ་སྟོང་ཐུབ་པ་དང་ལོ་ས་ཡ་ཐུབ་པའི་ཉ་དེ་འདྲ་ཞིག་ཡོད་ན་ཚན་རིག་པས་ཟིན་ཐོར་འགོད་ངེས་རེད། ཡིན་ཡང་འཛམ་གླིང་འདིར་དེ་འདྲ་ཞིག་ཡོད་པ་མ་རེད།
མཁས་ཤིང་དད་དང་ལྡན་བཅས་ན།
ལས་རྣམས་བདག་གིས་རྟག་ཏུ་བྱ།
ལས་རྣམས་ཀུན་ལ་སུ་ལ་ཡང་།
བལྟོས་པར་བྱ་བ་མ་ཡིན་ནོ།།
ཞེས་དང་།
མི་འོ་ཅོག་གི་ལུས་འདི་ནི།
བཀོལ་བར་བྱ་བ་ཉིད་དུ་ཟད།།
ཅེས་སྤྱོད་འཇུག་ལས་གསུངས་པ་བཞིན་དུ། ལུས་པོ་འདི་བཀོལ་དགོས་པ་གནད་ཆེ་བར་མཐོང་། མཆོད་རྟེན་ལ་བསྐོར་བ་དང་། དགོན་པ་ལ་བསྐོར་བ་སོགས་བྱེད་ན། མཆོད་རྟེན་དང་། དགོན་པའི་བྱིན་རླབས་ཀྱིས་གཟུགས་ཐང་པོ་འབྱུང་ཞེས་བོད་ལ་བཤད་པ་ཐོས། མོས་པ་ཡོད་ན། བྱིན་རླབས་ཀྱིས་ཕན། ནུབ་ཕྱོགས་སུ་མི་ཞིག་སྨན་ཁང་ལ་ཡོད་ཐུགས་སྨོན། མཛོད་ཅེས་བཅོལ་མཁན་མང་། དེ་དག་ཡིད་ཆེས་གཞིར་བཟུང་། གཟུགས་པོ་འདི་ལ་གཡོ་འགུལ་བྱེད་པ་ཤིན་ཏུ་གལ་ཆེ། རང་ཉིད་གཟུགས་མ་བདེ་བར་སྨན་ཁང་དུ་སླེབས་ན། སྨན་པས་ཁྲག་ལ་བརྟག་དཔྱད་བྱེད། ཁྲག་ལེགས་པ་འབྱུང་བ་ལ་མཐུན་རྐྱེན་མང་དུ་ཡོད་པའི་ནང་ན། ལུས་ལ་གཡོ་འགུལ་བྱེད་པ་དེ་ཕན་པ་ཆེ་ཤོས་ཡིན་འདུག །འདི་ཡིས་ཁྲག་བཟང་པོ་ཆགས། ཆུ་རྒྱུག་པ་དང་མ་རྒྱུག་པ་གཉིས་ལས་རྒྱུག་པ་དེ་བཟང་། དེ་ཞིན་དུ་ལུས་ཀྱི་རྒྱུག་པ་དང་མ་རྒྱུག་པ་གཉིས་ལས་རྒྱུག་པ་དེ་བཟང་། སྣོད་ཆས་ཤིག་སྒུལ་ན། དེའི་ནང་གི་ཆུ་ཡང་འགུལ་ནས་བཟང་པོར་ཆགས་པ་བཞིན་དུ། ལུས་པོ་སྒུལ་ན་ལུས་ནང་གི་ཁྲག་ཀྱང་འགུལ་ནས་ཟས་འཇུ་བ་སོགས་ལ་ཕན་ཐོགས་ཆེན་པོ་འབྱུང་ངོ་།།
དེ་ཞིན་དུ་ལུས་ཀྱི་རྒྱུག་པ་དང་མ་རྒྱུག་པ་གཉིས་ལས་རྒྱུག་པ་དེ་བཟང་། ཞེས་པར། དེ་ཞིན་དུ་ལུས་རྒྱུག་པ་དང་མ་རྒྱུག་པའི་ཁྲག་གཉིས་ལས་རྒྱུག་པ་དེ་བཟང་། ཞེས་བཅོས་སོ།།
ཤ་ཟ་ཁྲག་འཐུང་བོད་པའི་གོམས་སྲོལ་རེད།།
མ་ཎི་ཡིག་དྲུག་བོད་པའི་དབྱངས་རྟ་རེད།།
ཟ་རྒྱུ་བྱུང་ན་འཕྲོད་བསྟེན་མི་དགོས་པ།།
འདི་ཡང་རང་རེའི་བོད་པའི་གཤིས་ཀ་རེད།།
ཐུགས་རྗེ་ཆེ། བོད་རྣམས་འཕྲོད་བསྟེན་གྱི་ཤེས་བྱར་དོ་སྣང་ཤིན་ཏུ་ཆུང་ལ། སྨན་པ་བཟང་པོས་དཔྱད་ཅིང་དག་པ་ལས་གསུངས་པའི་གསུང་རྣམ་དག་ལའང་རྒོལ་བར་བྱེད། ང་དགུ་ལོའི་གོང་དུ་བོད་རྣམས་ཀྱི་ཆ་སྙོམས་ཚེ་ཚད་བརྒྱ་ཆ་སོ་ལྔ་ཡང་མ་ཟིན་པར་གླེང་། དེང་སྤྱི་ཚོགས་ཡར་རྒྱས་ཕྱིན་པ་ལས་ཅུང་ཟད་རིང་དུ་ཕྱིན་ཡོད་མོད། ཤ་ཚིལ་དང་། རྙིང་པ། ཆང་རག་སོགས་ཤས་ཆེར་སྤྱོད་པ་ནི་རྒྱུན་གཏན་ཡིན་ཞིང་། ཁ་ནས་མ་ཎི་འདྲེན། ནམ་ཞར་ཞར་དུ་སྙིང་རྗེ་ཞེས་གླེང་ཁུལ་བྱེད་མོད། སེམས་ཅན་གྱི་ཤ་ཁྲག་ལ་ནི་སྤྱང་ལྟོགས་ལས་ཀྱང་རྔམས་ཆེ། འདི་ལྟར་ཆོས་མི་ཆོས་ལ་ཤིན་ཏུ་རྨོངས་ཤིང་། སེམས་ཅན་གྱི་ཤ་ཁྲག་ལས་བསྐྱེད་པའི་ནད་ནི་ཤིན་ཏུ་མོད་དེ། མཆིན་ནད་དང་། ཕོ་ནད། མཁྲིས་ནད། ཁྲག་ནད། གཅིན་པ་མངར་སྐྱུར་གྱི་ནད་སོགས་གྲངས་ཉུང་བའི་བོད་པས་འགན་གཙང་བླངས་པ་ལྟར་དུ་ཡོད། ནུབ་ཕྱོགས་པ་རྣམས་མི་ལོ་དྲུག་ཅུར་སླེབས་ཚེ་ཡང་དར་མར་གླེང་། ཆང་ས་རྒྱག མི་ཚེ་གསར་པའི་འགོ་འཛུགས་བྱེད། བོད་རྣམས་ནི་ལོ་བཞི་བཅུ་ཙམ་ནས་ཧ་ཅང་རྒས་ཤིང་འཁོགས། གདོང་ཡོངས་གཉེར་མས་བཟུང་། སྟོད་སྒུར་ཞིང་བྱིན་པ་ལྷོད། གློ་ལུ་ཞིང་ཉམས་ཤིན་ཏུ་དམན་པར་རྒྱུ། འདི་དག་གི་རྒྱུར་མི་དཔྱད་ལ། དཔྱད་པོ་འགའ་ཞིག་བྱུང་བ་དག་ལའང་དངོས་ཤུགས་ཀྱིས་འགོག་པར་བྱེད། འདི་དག་ལས་བོད་རྣམས་ད་དུང་ཡང་ཆེས་རྗེས་ལུས་ཡིན་པའི་དན་རྟགས་ངོ་མ་བསྟན་པ་ཙམ་ལགས། སྔོན་ཁོ་བོར་ཁེ་ན་ཊ་ནས་དབྱིན་དགེ་ཞིག་ཡོད་པ་དེས། བོད་ཇ་འཐུང་བར་ཤིན་ཏུ་རྒོལ་བར་བྱེད་ལ། ཁོ་བོས་བོད་ཇ་འཐུང་ཐེངས་རེར། ཁོ་མོའི་གདོང་འགྱུར་ཞིང་དཔུང་པ་གསིག་པར་བྱེད། དེ་ལྟར་ན་ཁྱེད་ཀྱི་མཆིན་པ་མགྱོགས་པོ་འཕྲོ་བརླག་འགྲོ་ཟེར། ངེས་པར་འཐུང་དགོས་ན་ཡང་ཇ་ཕོར་ཆུང་ངུ་གང་འཐུང་བ་ཆོག་གསུངས། ངས་ནི་ངེད་བོད་རྣམས་ཀྱི་གོམས་གཤིས་སུ་གླེང་སྟེ་ཁས་མ་བླངས། ལོ་བཅོ་ལྔ་ཙམ་སོང་ཟིན། ད་ཆ་ནི་སྐབས་དེའི་ཁོང་མོའི་གསུང་ནི་ལེགས་བཤད་རྨད་བྱུང་ཞིག་རེད་བསམ། འདིར་སྐབས་དོན་གླེང་བ་ནི་བོད་རྣམས་ཀྱིས་འཕྲོད་བསྟེན་ལ་ཐུགས་སྣང་མང་ཙམ་མཛོད་ཞུའོ།། །།