ཨ་འདུས་མིག་ཆུ།
ཆུ་འཛིན་སྤྲིན་དཀར་ཚོམ་བུ་དེ།།
འཛུམ་པའི་ཞལ་མདངས་མི་མངོན་སར།།
རྒྱུ་སྐར་འོད་ཚོགས་ཆེམ་ཆེམ་བཞིན།།
བཞུར་བའི་སྙན་ངག་ཡིད་དུ་འོང་།།
རྙོག་བྲལ་གསེར་མིག་ཉ་ཆུང་ཚོགས།།
དགའ་བ་རྩེན་པའི་གནས་མཆོག་ཏུ།།
ཨུཏྤལ་འཛུམ་ཆུང་གྲོལ་བ་བཞིན།།
བཞུར་བའི་སྙན་ངག་མཛེས་སྡུག་ལྡན།།
ཤིང་གི་ལོ་འདབ་སྣོལ་བའི་གནས།།
ལྗོན་ཚལ་མཐུག་པའི་ཡུལ་ལྗོངས་སུ།།
ཁུ་བྱུག་མགྲིན་གླུ་གྱེར་བ་བཞིན།།
བཞུར་བའི་སྙན་ངག་འགྱུར་ཁུཊ་ལྡན།།
རི་གཟར་རྦབ་རྡོ་ཆེན་པོ་ལས།།
ཤག་ཤག་ལྷུང་བའི་ཆུ་ཕྲན་དེ།།
འགོག་མེད་རང་དབང་ཆེན་པོ་བཞིན།།
བཞུར་བའི་སྙན་ངག་སྒེག་འགྲོས་ལྡན།།
རྙོག་མའི་རྡུལ་དང་བྲལ་བ་ཡི།།
རིན་ཆེན་མཛོད་འཛིན་མཚོ་མོ་ལས།།
ཟླ་འོད་གཟུགས་བརྙན་འཆར་བ་བཞིན།།
བཞུར་བའི་སྙན་ངག་སྙིང་ལ་སིམ།།
གྲག་མེད་རྡུལ་བྲལ་དྭངས་གཙང་གི།
དལ་བསྐྱོད་ཆུ་བོའི་གཏེར་མཛོད་ཀྱིས།།
མེ་ཏོག་འདབ་མ་ཁུར་བ་བཞིན།།
བཞུར་བའི་སྙན་ངག་སྙིང་ལ་སྡུག།
ཟླ་འོད་ཟུར་མིག་འཕེན་པའི་ཚེ།།
ཀུ་མུད་ཞལ་རས་འཛུམ་པ་བཞིན།།
བཞུར་བའི་སྙན་ངག་བཀླགས་པ་ན།།
སེམས་ཀྱི་སྤྲོ་བ་བཞད་ནས་འོང་།།
མེ་ཏོག་དྲི་ངད་ལྡང་བའི་ཚེ།།
བུང་བ་འདབ་གཤོག་བསྒྱུར་བ་བཞིན།།
བཞུར་བའི་སྙན་ངག་ཉན་པའི་ཚེ།།
ཀློག་འདོད་མོས་པ་དྲངས་ནས་འགྲོ།
ཆར་སྡོད་བྱིའུ་ཆུང་གླུ་སྙན་དེས།།
འཇོལ་མོའི་ཡིད་སེམས་གསོ་བ་བཞིན།།
བཞུར་བའི་སྙན་ངག་དབྱངས་འགྲོས་ཀྱིས།།
ཡིད་ལ་བདེ་བའི་ངལ་གསོ་སྦྱིན།།
སྐར་ཆེན་བཀྲག་མདངས་འཚེར་ན་ཡང་།།
ཉ་གང་དོ་ཟླར་མི་འོང་བཞིན།།
བཙིར་བའི་སྙན་ངག་སྙན་ན་ཡང་།།
བཞུར་བའི་སྙན་ངག་བསྡུར་ཐབས་བྲལ།།
འགྱིག་བཟོས་མེ་ཏོག་མཛེས་གྱུར་ཀྱང་།།
མཚོ་སྐྱེས་པདྨོར་འགྲན་མེད་ལྟར།།
བཙན་བསྒྲིགས་སྙན་ངག་ལེགས་་ན་ཡང་།།
བཞུར་བའི་སྙན་ངག་གཤིབ་ཏུ་མེད།།
བཞུར་བའི་སྙན་ངག་ཡིད་དུ་འོང་།།
ཀློག་གི་དཀའ་ངལ་ཡོངས་བྲལ་ཞིང་།།
སྒྱུ་རྩལ་ཐབས་ཀྱིས་དོན་ཀུན་སྟོན།།
སྙན་ངག་འདི་འདྲ་ཤིན་ཏུ་དཀོན།།
ཕན་མེད་རྩྭ་ཡི་ལོ་མ་བཞིན།།
བཙིར་བའི་སྙན་ངག་ཤིན་ཏུ་མང་།།
བཅུད་ལྡན་ཤིང་ཏོག་མངར་མོ་བཞིན།།
བཞུར་བའི་སྙན་ངག་ཧ་ཅང་དཀོན།།
ས་ཁའི་རྡུལ་ཕྲན་དང་མཚུངས་པར།།
ཕན་མེད་སྙན་ངག་ས་གཞིར་ཁེངས།།
མུ་ཏིག་རྡོག་གཅིག་དང་མཚུངས་པར།།
སྒྱུ་རྩལ་སྙན་ངག་དཀོན་པ་ལ།།
སྙན་ངག་ཆུ་བཞུར་མ།
སྙན་ངག་བཙན་བཙིར་མ།
སྙན་ངག་བཙན་བསྒྲིགས་མ།
སྙན་ངག་རྐང་ཆག་མ།
སྙན་ངག་དོན་སྟོང་མ།
སྙན་ངག་ཕན་མེད་མ།
སྙན་ངག་སྡེབ་མེད་མ།
སྙན་ངག་ཁེར་འདུག་མ།
སྙན་ངག་སྒྲ་ལོག་མ།
སྙན་ངག་མ་ཡིན་མ།
ཨོ། ད་ཆུད་ཚོད་གཏོང་སྤྱད་མང་གི་ཡ།