སྤྲུལ་སྐུ་དབང་ཆེན།
ཀ་བ་ལྟར་དྲང་གཡོ་མེད་བདག་གི་གཤིས།
ཁ་ཁོག་མེད་པར་བདེན་པའི་རྒྱབ་ལ་ལོངས།
ག་ཤེད་ལོ་མང་སྔོན་ནས་ངོ་ཤེས་ཙམ།
ང་གཉིས་དེ་རིང་གློ་བུར་ལམ་ནས་འཕྲད། །
ཅ་ག་དོག་པོས་འཕྲོད་རྟེན་བདོག་མེད་ཅིང་།
ཆ་ག་བཟང་པོས་གོས་ཡང་གྱོན་མེད་པར།
ཇ་རུལ་སྐམ་བཞིན་ལུས་པོའི་མདངས་ཤོར་ཞིང་།
ཉ་པ་རྒན་བཞིན་གདོང་མདོག་ཉམས་ནས་འདུག །
ཏ་ཀུ་ཐུང་ཙམ་ལག་རྟེན་ཁུར་བྱས་ཏེ།
ཐ་ན་གནས་ཁང་སྡོད་ས་ཡང་མེད་པར།
ད་ལྟ་ལྟོགས་གྲིར་ཤི་ཐེབས་མ་བྱུང་ཙམ།
ན་ཚ་ལྕིད་མོ་ཞིག་གིས་བཅོམ་སོང་ཟེར། །
པ་ཡག་སྨན་རྩི་སྦྱར་བས་གློ་ནད་ལྟར།
ཕ་རོལ་བདག་མཐོང་གློ་བ་དགོད་བཞིན་གདའ།
བ་ཐག་རྒྱ་ལ་ཚུད་པའི་སྦྲང་མ་བཞིན།
མ་ཁོམ་ཞིང་འདིར་སླེབས་ལ་དཀའ་ངལ་མང་། །
ཙ་ཀོ་ར་བཞིན་རི་གསེབ་འགྲིམ་པ་མེད།
ཚ་གྲང་ཁྱད་བསད་གཅེར་བུར་བུད་པ་མེད།
ཛ་ཡ་ལྟ་བུར་སྒོམ་ལ་བཞུགས་པ་མེད།
ཝ་སྐྱེས་དམོད་པའི་ལུས་ལ་མཐུ་བྱད་མང་། །
ཞ་འཐེང་འགྲོ་ལུགས་མིག་ལ་མི་བཟོད་ཅིང་།
ཟ་བཏུང་མཐུ་མེད་འབྱོར་བ་དཀོན་པ་ལ།
འ་ཅག་རིགས་མཐུན་གཅིག་པའི་བརྩེ་སེམས་ཀྱིས།
ཡ་ལན་རེ་མེད་སྒོར་མོ་བླངས་ནས་སྤྲད། །
ར་ལྟར་གྱོང་བས་སྤྱོད་པ་མཁྲེག་པོ་ཞིག
ལ་མོར་རོགས་སྐྱོར་ཁང་ལ་ཁྲིད་བྱས་པས།
ཤ་ཉེ་ས་ཕྱོགས་གཞན་ལ་འགྲོ་གི་ཡིན།
ས་ཆ་འཕྲོད་ཚོད་མེད་ནས་ཡིན་ཚོད་ཟེར། །
ཧ་ཅང་ཆུང་མིན་རོགས་སྐྱོར་ཙམ་ཞིག་ལ།
ཨ་སྒོར་གཅིག་སྟོང་ལག་ལ་བཞག་པ་ཡིན།
ཧ་ལམ་སུ་ཡིན་དེ་འདྲ་བྱེད་པ་ཞིག
ཨ་ཙི་སླ་པོ་ཡིན་གྱི་མ་རེད་དྲན། །
སྤྲུལ་སྐུའི་ཁ་ངག་རྒོད་པོ་ཆགས་སྲེད་རེད།
སྤྲུལ་སྐུའི་ཐུགས་སེམས་ལྷ་རྗེ་བྱམས་པ་རེད།
སྤྲུལ་སྐུའི་འཇིག་རྟེན་ཟང་ཟིང་ལིང་ལིང་རེད།
སྤྲུལ་སྐུའི་ཀ་ཕྲེང་སྤྲུལ་སྐུ་ངོ་སྤྲོད་རེད།
ཁ་བརྡ་ནང་དེ་རིང་ཀ་རྩོམ་ཞིག་མཐོང་སོང་། ཡག་པོ་བཀླགས་པ་ཡིན། ལྷག་བསམ་ཅན་གྱི་བླ་མ་དཉ་འདྲ་ཅིག་ཡིན་ན་དངོས་པོ་བྱུང་། ཐུགས་རྗེ་ཆེ།
འཕྲོད་རྟེན་ལས་འཕྲོད་བསྟེན་གྱི་ཚིག་འདི་མི་བཟང་ངམ་།
སྤྲུལ་སྐུ་དབང་ཐང་ཆེ་བའི་འཁོར་རྒྱལ་གཤིས།
སྤྲུལ་སྐུ་སྤྱོད་པ་བཟང་བའི་མར་དཀར་གཤིས།
སྤྲུལ་སྐུ་ཐུགས་རྒྱ་ཆེ་བའི་ནམ་མཁའི་གཤིས།
སྤྲུལ་སྐུ་གསུང་སྟང་ལེགས་པའི་མགྲིན་དབྱངས་གཤིས།
སྤྲུལ་སྐུ་སྐུ་གཟུགས་མཚར་བའིམཚན་དཔེའི་གཤིས།
སྤྲུལ་སྐུ་གཙང་ཉམས་དོད་པ་བྲམ་ཟེའི་གཤིས།
སྤྲུལ་སྐུ་དངུལ་ལོར་མང་བའི་ནོར་ལྷའི་གཤིས།
སྤྲུལ་སྐུ་རྩེད་འདོད་ཆེ་བས་བྱིས་པའི་གཤིས།
སྤྲུལ་སྐུ་བློ་སྣ་རྒོད་པ་གྱ་གྱུའི་གཤིས།
སྤྲུལ་སྐུ་ཁ་སྤོབས་གར་འཕང་ཐོག་་གིགཤིས།
སྤྲུལ་སྐུ་འགྲོ་འདུག་འབེལ་པ་ཨ་ཙར་གཤིས།
སྤྲུལ་སྐུ་ཅི་བསམ་འགྲུབ་པ་ལྷ་ཡི་གཤིས།
སྤྲུལ་སྐུ་གང་དྲན་བྱེད་པ་རྒྱལ་སྲས་གཤིས།
སྤྲུལ་སྐུ་གྲོགས་མཆོག་མང་བ་ཕོ་རྒོད་གཤིས།
སྤྲུལ་སྐུ་དངོས་སློབ་མང་བ་འཕགས་པའི་གཤིས།
སྤྲུལ་སྐུ་ཕྱག་ལས་མང་བ་སླ་མའི་གཤིས།
སྤྲུལ་སྐུ་འདོད་ཆགས་དཀོན་པའི་དགེ་འདུན་གཤིས།
སྤྲུལ་སྐུ་ཞེ་སྡང་དཀོན་པའི་སེམས་དཔེའི་གཤིས།
སྤྲུལ་སྐུ་གཏི་མུག་དཀོན་པའི་དགྲ་བཅོམ་གཤིས།
གཤིས་ལ་དཀོན་གསུམ་ལ་ལྡན་སྤྲུལ་སྐུ་རྨད།