རེབ་ཐོག་མདའ།
ཀ་ངོ་ཡིག་ངོ་མི་ཤེས་གྲོགས་པོ་ཞིག།
ཁ་སང་ཞིག་ལ་བོད་ནས་སླེབས་དང་ཐལ།།
ག་བར་བསྡད་ཡོད་གསལ་བོ་ཤེས་རྗེས་སུ།།
ང་ཡིས་མཐོང་བ་དེ་རིང་འདིར་བྲིས་ཡོད།།
ཅ་ལག་མང་པོ་མེད་པའི་ཁང་ཁྱིམ་ནང་།།
ཆ་ཡོད་གྲོགས་དེ་ཟླ་འགའ་བསྡད་པའི་རྗེས།།
ཇ་དང་ཚ་ཁུ་ཚང་མ་རྗོགས་ནས་འདུག།།
ཉལ་ས་དེ་ཡང་རྫོབ་ཀྱིས་ཁེངས་ནས་འདུག།
ཏ་རེའི་སྐུ་འདྲ་བཀལ་བའི་འོག་དེ་ལ།།
ཐ་མག་སྒམ་དང་ཆང་དམ་ཁེངས་ནས་འདུག།
ད་རིང་ཁ་སང་བཟོས་པའི་ཐུག་ལྷག་ཀྱང་།།
ན་ར་ནུ་རེ་ཁ་དོག་འགྱུར་ནས་འདུག།།
པ་ཕས་ཉོས་པའི་ཀོ་ལྷམ་གསར་པ་དང་།།
ཕ་མས་སྤྲད་པའི་གསེར་གྱི་མཛུབ་དཀྲིས་ལས།།
བ་མ་མ་གཏོགས་སྣོད་ཆས་གཙང་མ་ཞིག།།
མ་གསང་དྲང་མོས་ཅི་ཡང་མེད་རབས་ཟེར།།
ཙ་ར་ཙ་རོར་བསྡད་པའི་འབྲས་བུ་ལ།།
ཚ་དམ་ཆུང་ཆུང་དེ་ཡང་ལྟེབས་ནས་འདུག།
ཛ་ར་ཛོ་རོ་མང་པོ་མེད་ན་ཡང་།།
ཝ་ལ་ཝ་ལེ་མི་ཚེ་བསྐྱལ་བ་ཤེས།།
ཞྭ་མོ་དཀར་པོ་ལུས་རྩལ་རྟགས་ཅན་ཞིག།།
ཟ་མ་བཟོ་སའི་ཐབ་ཚང་གྲུ་ལ་གཡུག།།
འ་འུར་མེད་པའི་མི་རྐྱང་ཁང་པའི་ནང་།།
ཡ་མཚན་ཅན་ཀྱི་སྒྲ་ཞིག་གྲག་གི་འདུག།།
ར་ཤ་ལུག་ཤ་ཟོས་པའི་རུས་པ་དག།།
ལ་ལར་ནང་དང་ལ་ལར་སྒོ་ལ་འདུག།
ཤ་ཟོས་ཆང་འཐུང་མཚན་མོའི་སྐད་ཅོར་གྱིས།།
ས་ཁང་བདག་པོ་ཡོངས་ནས་གནས་སྤོར་ཟེར།།
ཧ་ལམ་རྒྱུན་རིང་མ་མཐོང་གྲོགས་པོ་ཁོང་།།
ཨ་ལ་འདི་འདྲའི་སྐྱོ་དོན་ཅི་ཞིག་ཡིན།།
ཨ་རོགས་ཁོང་གི་གནས་སྟངས་མཐོང་དུས་སུ།།
ཧ་ཅང་སྐྱོ་བའི་ཡིད་སེམས་ཅུང་ཙམ་གཟེར།།
ཕྱི་ལོ་ ༢༠༡༢ ལོའི་ ༡༠ ཚེས་ ༤ ལ་བྲིས།
འཚོ་བ་འདི་ནི་ཁོ་རང་གཅིག་པོ་མིན།
ཨ་མདོའི་གྲོང་ན་ཕལ་ཆེར་འདི་འདྲ་རེད།
ཆང་དང་དུ་བ་སྐྱོ་དུས་སྐྱོ་རོགས་རེད།
འབྲས་རྐྱང་ཕྱེ་རྐྱང་འཐུང་རྒྱུ་མེད་དུས་ཡོད།
དབྱིན་མི་དགའ་ལྡན་ཞིག་གིས་མ་སྐྱབས་ན།།
ཁང་བདག་ཚང་གི་འཇིགས་སྐུལ་ཡང་ཡང་ཡོད།
གཞི་ཆགས་ཚང་གི་མཐོང་ཆུང་ཡང་ཡང་ཡོད།
སྐུ་ངོ་བརྒྱགས་པའི་མིག་ལོག་ཡང་ཡང་ཡོད།
ཕྱི་རྒྱལ་ཞིག་ལ་འགྲོ་ཐབས་མ་བདེ་ན།
རེ་བ་རྒྱག་ས་མེད་པའི་གཞུང་ཞིག་ཡོད།
བདག་པོ་རྒྱག་ནི་མེད་པའི་གཞུང་ཞིག་ཡོད།
འཆི་ས་རྟེན་ས་མེད་པའི་སྡུག་ཞིག་ཡོད།
རྒྱུ་ཆེན་ཕྱག་མཛོད་ཡོད་ན་ལྟ་འི་ཤོག།
ཐུགས་ཆེན་སྤྲུལ་སྐུ་ཡོད་ན་ལྟ་འི་ཤོག།
དཔོན་ཆེན་དམངས་མྱི་ཡོད་ན་ལྟ་འི་ཤོག།
ཨ་མདོའི་གྲོང་ན་ཆོལ་གསུམ་མྱང་མྱང་རེད།
ཁྱེད་གཉིས་ཀས་བདེན་པ་བདེན་རྐྱང་གསུངས་ཤག་་་་ཡག་པོ་རེད།
ང་ཡང་འཚོ་བ་འདིའི་ནང་ནས་ཡོང་བ་རེད་་་་ངོ་མ་བདེན་པ་རེད་་་་་དཀའ་ངལ་ཐུག་དུས་་་རང་གཞུང་གིས་ག་བ་་ག་བ་་་་་ཐ་ན་གྲོགས་པོས་ཀྱང་་་་་
ཧ་ཧ་མི་དེ་ཚོ་ག་ཚད་ཡར་བསྐྱོར་ན་འང་མ་ལང་མཁན་དེ་འདྲ་ཡིན་གྱི་རེད།
ཕྱི་ཡི་གཟུགས་གཞི་བདེ་ཐང་ཡོད་དང་གཅིག།
ནང་གི་སེམས་ལ་སྨྱོན་རྟགས་མེད་དང་གཉིས།།
མདུན་གྱི་ལམ་ལ་བརྩོན་འགྲུས་ལྡན་དང་གསུམ།།
འདི་གསུམ་འཛོམས་ཡང་ད་དུང་འདི་ཅི་རེད།། །།