གྲིབ་གཟུགས།
དོགས་པས་གཡོགས་པའི་སེམས་པ་དེ།།
གོར་མོ་རྡོ་དང་ཁྱད་པར་ཅི།།
འཛུམ་པའི་མེ་ཏོག་བསིལ་བའི་རླུང་།།
དེ་ལ་ཚོར་སྣང་གང་ཡང་མེད།།
ང་ནི་ཁྱོད་ལ་དགའ་བ་ཡི།།
སེམས་པ་ཁུར་བའི་མི་ཞིག་ཡིན།།
འཛུམ་གྱིས་བསུ་བའི་བདེ་བ་ཞིག།
སེམས་ཀྱི་ཁོང་ནས་མྱོང་འདོད་ཙམ།།
ཁྱོད་ལ་རྒྱུས་ལོན་མེད་ཀྱང་རུང་།།
ཁྱོད་ཀྱི་རིགས་རུས་མི་ཤེས་རུང་།།
སྤྲོ་སྣང་དོད་པའི་སེམས་པ་དེ།།
ཁོ་བོའི་ཡིད་ཀྱི་རྒྱན་དུ་གྱུར།།
འཛུམ་པའི་བཞིན་ལ་མ་བལྟས་ཀྱང་།།
དགོད་པའི་ཚེམས་ལ་མ་མཇལ་རུང་།།
སྒྱུ་རྩལ་བུ་མོར་ཞེན་པ་ཡི།།
མི་སེམས་དེ་ཡིས་བདག་ཡིད་འཕྲོགས།།
དགའ་བའི་དངོས་པོར་ཞེན་པ་དང་།།
དེ་ཡི་རྗེས་སུ་བསྙེགས་པ་ནི།།
སྐྱེས་བུ་ཀུན་གྱི་ཆོས་ཉིད་ཕྱིར།།
བདག་ཀྱང་ལུགས་དང་འགལ་བ་མིན།།
ཁྱོད་ཀྱི་སྐྲ་ལོའི་དྲི་ངད་དེ།།
མི་སེམས་སོད་པའི་གཤེད་མར་ཤོག།
ཁྱོད་ཀྱི་སེམས་པ་དམར་པོ་དེ།།
བདག་གི་སྐེ་ཐག་ཏུ་འགྱུར་ཤོག།
ང་ནི་ཁྱེད་ལ་དགའ་ས་ཏེ།།
ཁྱེད་ཀྱི་སྐྲ་ལོ་མིན་པར་ཤོག།
དུང་ལས་དཀར་པོའི་ནུ་ཟུང་དེ།།
ལན་གཅིག་རག་ན་དེ་བས་ཆོག།
བག་ཡང་རྩེན་པའི་སྤྱི་ཚོགས་འདིར།
འཇོན་མིན་ཙམ་གྱི་དབྱེ་བ་ལས།
དྲན་པས་སུ་ཡང་མི་བགྱིད་པར།
གཅིག་ཀྱང་མི་སྲིད་གནས་འདི་རུ།
བདག་གི་སྨོན་ཚིག
ཤང་ཤང་འབབ་པའི་ཆུ་མོ་དེ།།
ཁྱོད་ཀྱི་མིག་ཆུ་མིན་པར་ཤོག།
ཚེར་མ་ཅན་གྱི་ནགས་ཀླུང་དེ།།
ཁྱོད་ཀྱི་སྐྲ་ལོ་མིན་པར་ཤོག།
ཚོར་བ་མེད་པའི་ཕ་བོང་དེ།།
ཁྱོད་ཀྱི་ནུ་འབུར་མིན་པར་ཤོག།
རླངས་འཁོར་རྒྱུ་སའི་ནག་ལམ་དེ།།
ཁྱོད་ཀྱི་བྲང་གཞུང་མིན་པར་ཤོག།
འདོད་བརྩེས་ཡིད་ནི་མྱོས་པ་ན།།
ལུས་ནི་འཁྲི་ཤིང་འདར་བ་བཞིན།།
སྙིང་ནི་རླུང་ཁའི་མར་མེ་བཞིན།།
མིག་ནི་རྒས་ཆག་ཤེལ་མིག་བཞིན།།
ཡུལ་ནི་རབ་རིབ་འཛིན་པར་བྱེད།།