རེབ་ཐོག་མདའ།
འཛམ་གླིང་ས་ཡི་ཡང་རྩེར་གྲགས་པ་ཁ་བ་གངས་རིའི་ཡུལ་ལྗོངས་སུ།།
མདོ་སྨད་རྟ་ཡི་ཆོལ་ཁར་གྲགས་པ་ཙོང་ཁའི་སྐྱེས་རིའི་འདབས་རོལ་ནས།།
ཕལ་བའི་ཁྱིམ་དུ་མི་རུ་བལྟམས་དུས་མེ་ཏོག་ཆར་བ་མ་བབས་ཀྱང་།།
སྟོན་པ་ཞིག་གི་བསྟན་པ་སྐྱོང་བའི་སྐྱེས་ཆེན་དམ་པ་ཁྱོད་ལས་སུ།།
ལྷ་མོ་མིང་ཅན་ཕྲུ་གུ་ཁྱོད་ལ་རྟགས་དང་མཚན་མ་མ་མཆིས་ཀྱང་།།
ལྷ་མོའི་ལུང་བསྟན་མཚོ་ནས་འཆར་བའི་ངོ་མཚར་ཅན་གྱི་ཨ་ཀ་མའི།།
ལྷ་སའི་སྐུ་ངོ་སྐུ་དྲག་རྒྱགས་པ་མ་འཐད་ཨ་མདོ་མྱུལ་དུས་སུ།།
ལྟག་མཚེར་གྲོང་གི་བུ་ཆུང་ཁྱོད་ཀྱིས་སྔོན་མ་ཞིག་ནས་མཁྱེན་འདུག་ཟེར།།
སྐུ་ཕྲེང་སྔོན་མའི་ཕྱག་ཕྲེང་དང་ནི་རྟེན་རྫས་ཁྱོད་མདུན་མ་བཞག་ཀྱང་།།
སྐུ་ངོ་སྐུ་ཞོགས་དུང་བ་ཟབ་པའི་ཆུང་ཆུང་བྱིས་པ་ཡ་མཚན་ཅན།།
རྒྱལ་དབང་སྔོན་མའི་ཡང་སྲིད་ཡིན་པ་མ་བཙལ་སྔོན་ལ་བཤམས་ཡོད་ཀྱང་།།
འཁྲུལ་བ་མེད་པའི་ཕྱག་རྒྱ་དག་གིས་སྐུ་ཕྲེང་སྔོན་མ་མདུན་དུ་བཤམས།།
ཕ་ཡུལ་ལྟག་མཚེར་རི་གྲོང་སྐྱུར་ནས་རྒྱང་རིང་ལྷ་ལྡན་འགྲིམ་དུས་ཀྱང་།།
འགྲུལ་བཞུད་ལམ་ཁ་ཅི་འདྲའི་དོག་ཀྱང་ཁྱོད་ནི་མི་བུ་གཞན་དག་ལས།།
ན་ཚོད་ཆུང་བའི་བྱིས་པ་ཡིན་ཡང་གཞན་དང་མི་འདྲ་ཁྱད་འཕགས་ཞེས།།
ལོ་རྒྱུས་གསར་གྱི་གླེགས་ངོས་ན་གསལ་བོར་བྲིས་པ་བདག་གིས་མཇལ།།
བདག་མེད་བོེད་པའི་མཁར་རྫོང་བཙན་པོ་ལྷ་ས་ལྷ་ཡི་གྲོང་ཁྱེར་ལ།།
ཁྱོད་རང་སླེབས་དུས་སྐུ་དྲག་དེ་ཚོའི་ཐུགས་དགོངས་ཅུང་ཙམ་མ་དྭངས་པ།།
བདེན་རྫུན་དབྱེ་བ་གསལ་བོ་མེད་ཀྱང་དོན་དག་ལ་ལར་བསམ་དུས་སུ།།
བདེན་པ་ཨེ་ཡིན་སྙམ་པའི་བློ་དེ་མ་དྲིས་བདག་ལ་དོགས་པ་ཞིག།།
བཙན་པོའི་རྒྱལ་རྒྱུད་རེ་ཞིག་རྫོགས་ནས་གླང་དར་བདུད་དུ་མཐོང་དུས་ནས།།
བོད་ས་སྟོད་སྨད་སྐྱབས་མེད་མགོན་མེད་བདག་མེད་དྭ་ཕྲུག་ལྷག་དུས་ན།།
བདག་གིར་མཛད་པའི་དྲིན་ལྡན་རིམ་པས་གཅེས་པར་བསྐྱངས་པའི་བཀའ་དྲིན་ཟབ།།
ཤིན་ཏུ་ཉེན་ཆེའི་གཡང་ཁ་དེ་ནས་གངས་ཅན་བོད་འདི་ཁྱེད་ཀྱིས་བསྐྱབས།།
བྱིས་དུས་ལོ་ཟླ་རིམ་གྱིས་འདས་ནས་བཅུ་དྲུག་ན་ཚོད་ཟིན་དུས་སུ།།
ཤར་ཕྱོགས་རླུང་འཚུབ་བོད་ལ་ལྡིང་བའི་གཏམ་ངན་སྐུ་ངོས་ཐོས་པ་ན།།
གངས་རིའི་སྲིད་དབང་ཁྱེད་ལ་གཏད་པ་ཞུམ་མེད་སྤོབས་པའི་འདེགས་པའི་ཚེ།།
ཐུགས་ཕམ་ཞུམ་པ་མེད་པའི་གདེང་གིས་བདག་གིར་བཞེས་དེ་བཀའ་དྲིན་ལྕི།།
པོ་ཏ་ལ་ཡི་ཕོ་བྲང་སྦུག་ནས་ཁྱོད་རང་ཁེར་རྐྱང་ཡིན་ན་ཡང་།།
བོད་ཡིག་དང་ནི་དབྱིན་ཡིག་སྦྱོང་བཞིན་མ་འོངས་གངས་རིའི་མདུན་ལམ་སྣེ།།
མང་གཙོའི་ལམ་དུ་མཐུད་པའི་དགོངས་པས་ས་ཡ་དྲུག་པོ་བཅིངས་འདུག་པ།།
སྐུ་མདུན་ཅེས་པའི་གློག་བརྙན་དེ་ལས་བདག་གིས་ལན་གྲངས་དུ་མར་མཇལ།།
ནང་བའི་བསྟན་པ་བོད་ལ་དར་ནས་ལོ་ངོ་རིང་ཙམ་འགོར་རྗེས་སུ།།
རྙིང་ཞེན་ལྟ་བའི་ཕྱི་ནང་འཚོས་པའི་སྡེ་བ་གཞུང་གི་སྐུ་དྲག་ཚོར།།
ལམ་ལུགས་རྙིང་པ་མང་གཙོ་བསྒྱུར་དགོས་བསམ་ཚུལ་ལྷུག་པོར་བརྗོད་བཞིན་དུ།།
ཆོལ་ཁ་གྲུབ་མཐའ་རིས་མེད་དགོས་ཞེས་བཀའ་སློབ་གནང་མཁན་ཁྱོད་ལས་སུ།།
དམར་པོས་གོ་མཚོན་ཤུགས་ལ་བརྟེན་ནས་ཆབ་མདོའི་མཁར་གྱང་བསྒྱེལ་ན་ཡང་།།
ལྷ་ལྡན་ཞིང་ན་བཀའ་ཤག་ཐུགས་སྤྲོར་དབུ་རྨོག་བསྒྲེས་པའི་སྐུ་ངོ་ཚོས།།
དམར་བོའི་དམག་ལ་འཐབ་གྲོས་བསྐྱུར་ནས་ཐུགས་སྤྲོའི་ཀློང་ལ་སིམ་པ་ལས།།
བོད་ཀྱི་བདག་དབང་སྐྱོབ་པའི་སྟངས་སྟབས་མདུན་སྒྱུར་མ་ཐུབ་ཕྱི་ནང་མཐོང་།།
ལས་ཀྱི་བསྐོས་ཐང་རི་མོ་ཡིན་ནམ་བོད་པའི་སྐུ་ངོས་བཙོང་བ་ཡིན།།
ང་དགུའི་སྨག་རུམ་བོད་ལ་འཐིབས་པའི་ཉི་མ་ཞིག་གི་སྣེ་མོ་ནས།།
གངས་རིའི་ཕུ་ནུའི་སེམས་ཁོང་དེ་ནས་ཁྱོད་ཉིད་ཁོ་ན་གཙུག་ཏུ་བཀུར།།
ད་དུང་ཡང་ནི་མིག་ཆུ་དྲོན་མོའི་སེམས་པ་རུམ་བཞིན་སྒུག་ཅིང་གདའ།།
སྟོན་པ་འཁྲུངས་ས་བསྟན་པ་དར་ས་རྒྱ་གར་འཕགས་པའི་རི་གྲོང་ནས།།
མ་འོངས་བོད་པའི་བདེ་སྡུག་བསམ་ནས་ཤེས་རིག་སློབ་པའི་བསྟི་གནས་ཤིག།
ཀ་ཁ་སུམ་ཅུ་བོར་བར་དོགས་ནས་བོད་པ་རང་གི་སློབ་གྲྭ་ཞིག།
དེ་རིང་ད་དུང་བོད་པའི་ཕྲུ་གུས་མདུན་ལམ་འཚོལ་སའི་སྟེགས་བུ་ཡིན།།
གཞན་ཕན་སྙིང་རྗེ་བཞད་འཛུམ་གྲོལ་བའི་ཞལ་སྐྱིན་འཛུམ་པ་མངོན་བཞིན་དུ།།
ཤར་ནུབ་ཡུལ་གྲུའི་འགྲོ་བ་ཀུན་ཀྱི་སྡུག་བསྔལ་སེལ་བའི་བླ་མ་ཁྱོད།།
སུ་དང་གང་གིས་འགྲན་དུ་བྲལ་བའི་འཛམ་གླིང་ཞི་བདེའི་རྟགས་མ་དང་།།
ཨ་རི་དང་ནི་དབྱིན་ཇི་སོགས་ཀྱི་རྟགས་མའི་ཁྲི་ལ་འདེགས་འདི་རྨད།།
རྒྱུ་དང་འབྱོར་བའི་བདེ་བ་འཚོལ་བའི་ནུབ་ཕྱོགས་གྲུ་ཁའི་མི་དག་ཀྱང་།།
ཁྱོད་ཀྱི་གསུང་ལ་ཉན་ཀྱིན་ཉན་ཀྱིན་མིག་ཟུང་མཆི་མའི་བརླན་འགྲོ་གི།
ཆོས་དང་འཇིག་རྟེན་ཅི་ཡང་མི་འདོད་དུས་རབས་ཉི་ཤུའི་སྤྱི་ཚོགས་ན།།
ཁྱོད་ལ་མི་དད་ཁྱོད་རང་མི་བརྩི་རྐང་གཉིས་སྐྱེ་བོ་རེ་གཉིས་ཙམ།།
ཟླ་བའི་ཕྱི་ནང་མིག་གིས་མཐོང་བའི་ཚན་རིག་མཁས་པ་མང་ན་ཡང་།།
རྒྱུ་དང་འབྱོར་བའི་སྟོབས་དང་ལྡན་པའི་ཕྱུག་པོའི་འཚང་ཁ་ཆེ་ན་ཡང་།།
གཞན་གྱི་སྡུག་བསྔལ་སེལ་བའི་དགོངས་པས་དགྲ་གྲོགས་དབྱེ་འབྱེད་མི་བྱེད་པར།།
མགོ་སེར་མགོ་ནག་བྱམས་ཀྱིས་སྐྱོང་བའི་སྐྱབས་ཀྱི་དམ་པ་ཁྱེད་ཁོ་ན།།
སྙན་པའི་གྲགས་པ་གླིང་བཞིར་ཁྱབ་པའི་ནང་བའི་དགེ་སློང་ཉམ་ཆུང་ཞིག།།
ཞི་བདེའི་དེད་དཔོན་མཚན་སྙན་ཐོབ་པའི་ཀུན་ཕན་དགུང་གི་ཉི་མ་ཞིག།།
གང་དུ་སླེབས་ཀྱང་གཞན་དོན་གླེང་བའི་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་ཞིག།
གངས་རིའི་མགོན་པོ་བདག་གི་བླ་མ་རྐང་གཉིས་ཀུན་གྱི་གཅུག་ནོར་ཡིན།།
གཞན་ཡུལ་གྲོང་ན་རྐུབ་སྟེགས་རྩོད་དེ་ཉིན་མཚན་ཁྲག་དང་མཆི་མས་ཁེངས།།
རང་ཡུལ་ཚོགས་ན་མ་བརྩད་བླ་མའི་ཐུགས་ཀྱིས་གནང་བའི་མང་གཙོར་རོལ།།
དེང་རབས་གསར་བའི་དུས་ལ་མཁོ་བའི་མང་འདེམས་སྲིད་སྐྱོང་དམ་པ་སོགས་།།
ཁྱོད་ཀྱིས་སྤུར་རྒྱལ་བོད་ལ་སྤྲད་པའི་ལོ་རྒྱུས་གསེར་གྱི་རྡོ་རིང་ཡིན།།
རང་གཙོ་གཞན་དམན་དབུལ་ཕྱུག་ཆེ་བའི་འཇིག་རྟེན་མི་ཡི་དཀྱིལ་འཁོར་ན།།
རང་གཞན་ཀུན་ལ་ཐུགས་རྗེ་ལྕགས་ཀྱུ་ཉིན་མཚན་དུས་དྲུག་བསྲིངས་མཛད་པའི།།
གངས་རིའི་བླ་མ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཡུན་བརྟན་སྨོན་ལམ་ཞིག།
རྡ་སའི་རི་ནས་ཨ་མདོ་བུ་ངའི་སྙིང་ནས་བཏབ་པའི་གསོལ་འདེབས་ཡིན།།
ཁྱོད་ཀྱི་མཛད་པའི་ཉི་མ་སེར་བོ་གངས་རིའི་གྲོང་ལ་ཤར་བར་སྨོན།།
ཁྱོད་ཀྱི་ཐུགས་དགོང་ཟབ་མོའི་མེ་ཏོག་ཁ་བའི་རི་ལ་བཞད་པར་སྨོན།།
ཁྱོད་ཀྱི་གསུང་གི་ཆོས་དབྱིངས་ཟབ་མོ་སྤུར་རྒྱལ་བོད་ནས་གོ་བར་སྨོན།།
ཁྱོད་ཀྱིས་ཞབས་རྡུལ་ཆོལ་གསུམ་བོད་མིའི་ས་ཡི་ཐིག་ལེར་སྤོ་བར་སྨོན།།
ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་བའི་ཚེས་དྲུག་ཉིན་གོང་ས་མཆོག་གི་བཀའ་སློབ་ཞིག་ལ་ཉན་རྗེས་བྲིས།
བཟང་ངོ་། གྲོགས་པོ།
སྐད་ཆ་བཤད་ན་དངོས་ཡོད་ཤོད།།
དེ་སྔོན་ཨ་མདོས་རྒྱ་ནག་གཞུང་ལ་དཔྱ་ཁྲལ་སྤྲད་པ་ལས།།
བོད་གཞུང་ལ་དཔྱ་ཁྲལ་སྤྲད་མྱོང་མི་འདུག་ན།།
ལྷ་སའི་སྐུ་ངོ་སྐུ་དྲག་རྒྱགས་པ་ཡིན་ནའི།།
དབུས་གཅང་གི་རྒྱུ་བཟས་བ་ལས།།
ཨ་མདོའི་རྒྱུ་བཟས་མེད་པ་གསལ་རེད་ལགས།།
རེབ་ཐོག་མདའ་མཆོག་གིས། རྒྱལ་བ་རིན་པོ་ཆེར་བསྟོད་ཁུལ་གྱིས། དོན་དངོས་སྐུ་དྲག་ཏེ། གཙོ་བོ་ཆེ་བ་དབུས་གཙང་ནས་ཡོང་བའི་མི་དེ་ཚོར་རྙོག་འདྲ་བཙོང་གི་འདུག། ཁྱེད་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གཅིག་ཉན་ནས་དེ་ལྟ་བུའི་རིག་པ་གྲུང་པོ་ཞིག་ཡིན་ན། དེ་ལས་ལས་སླ་བར་ཤེས་དགོས་པ་ནི། སྐུ་དྲག་ནང་ལ་མི་བསམ་པ་རྒྱ་ཆེ་ཞིང་།། མདོ་དབུས་ཁམས་གསུམ་གྱི་ཡུལ་བཞེན་གྱི་བསམ་པ་གུ་དོག་པོ་ལས་ཡོངས་སུ་འགྲོལ་ནས། མདོ་སྨད་བོད་ཀྱི་མཐའ་མཚམས་ཀྱི་ས་ཁུལ་ནས་བོད་པའི་ཕྲུ་གུ་ཞིག་ལ་བོད་ཀྱི་ཁྲི་ལ་དབང་བསྐུར་ནུས་པའི་བསམ་བློ་ཡོད་མཁན་འདི་ཚོར་ཡང་ཞར་ལ་མཐོང་ཆུང་བྱས་པར་མི་གོ་འམ།
ཨ་མདོའི་དགོན་པ་ཆུང་ངུ་ཞིག་གི་བླ་མ་ལ་དབུས་གཙང་གི་ཕྲུ་གུ་ག་ཚོད་ངོས་འཛིན་བྱས་པ་ཤོད་ཡས་ཡོད་དམ། ཁམས་ཀྱི་དགོན་པ་བརྒྱ་ཕྲག་དེ་ཚོའི་ནང་ལ་དབུས་གཙང་གི་ཕྲུ་གུ་ཞིག་བླ་མར་ངོས་འཛིན་བྱས་པའི་ལོ་རྒྱུས་སྟོན་དང་།། རྩ་བ་ནས་མེད་པྰ། ཆོལ་ཁའི་ཞེན་ཁོག་དམ་པོ་འདིའི་འོག་ནས་མཐར་གྱི་མེད།
གཙང་གི་པན་ཆེན་ཞེས་བོད་ཡོངས་ལ་སྐད་གྲགས་ཡོད་པའི་གདན་ས་དེའི་ཁྲི་ལ་ཨ་མདོའི་ས་མཚམས་ནས་ཡིན་པའི་ཕྲུ་གུ་ཞིག་ལ་ཁྲི་སྲོལ་ཞུས་པའི་རྣམ་པ་འདིས་གཙང་པ་ཚོ་ཡང་བསམ་བློ་རྒྱ་ཆེན་པོར་མཐོང་།
ཆོས་ཀྱིས་རྟགས་ག་རེ་ཡོད་མེད་ལ་མ་ལྟོས་པར། དབུས་པ་དང་གཙང་པ་དེ་ཚོས་དཀའ་ངལ་ཆེན་པོ་འདི་ལྟ་བུར་མི་ལྟོས་པར་ཨ་མདོ་ནས་ཕྲུ་གུ་ཞིག་ལེན་ནས་བོད་ཡོངས་ཀྱི་ཆབ་སྲིད་དབང་ཆ་འབུལ་བའི་སྙིང་སྟོབས་དེ་ཚོ་སྐུ་དྲག་གི་ནང་ལ་ཡང་ཡོད་པ་འདི་ངོ་མཚར་དང་བསྟོད་འོས་པར་སྣང་། བྱས་ཙང་དབུས་གཙང་གི་གནས་ཚུལ་ཡག་པོ་མཁྱེན་གྱི་མེད་ན། རྒྱལ་བ་རིན་པོ་ཆེ་ལ་བསྟོད་པ་འདི་མུ་མཐུད་ཐོངས་། ཞར་ཞོར་ལ་གཞན་ལ་མ་ཤེས་པ་དང་ལོག་རྟོགས་ཀྱི་སྐྱོན་ཆ་དེ་ཚོ་བཞག་ན། ཁྱོད་ཀྱི་སྙན་ངག་འདི་སྙན་ངག་ཞིག་ལ་འགྲོ་བར་ཐལ།
དབུས་གཙང་མི་དེ་དག་བློ་རྒྱ་ཆེན་པོ་མེད་ན་རང་གི་འགོ་ཁྲིད་ཁམས་པ་དང་ཨ་མདོ་བཞག་མི་སྲིད། འདི་ནི་མི་རིགས་མཐུན་སྒྲིལ་དང་། ནང་བསྟན་ཡུན་དུ་གནས་པའི་ཆེད་རེད། མ་བྱུང་བ་ཚང་མ་དབུས་གཙང་འགོར་གཡོགས་པའི་ཉོག་བཤད་དེ་དག་བཤད་མཚམས་བཞག་ན་ཡག