ལྟིར་མྱིག
༡
རྟུལ་ཕོད་རུས་པར་བརྒྱུས་པའི་གངས་རི་བ། །
བྲང་སྙིང་ཐང་ལ་བསྒོར་པས་ཨ་ཚ་ཚ། །
ས་མཐོའི་ལྗོངས་སུ་སྡོད་པའི་གདོང་དམར་བ། །
ཤ་ལྤགས་གས་འཐོར་སོང་པས་ཨ་ཚ་ཚ། །
ས་ཆེན་གོམ་པས་གཞལ་བའི་ཐུ་བྷོད་པ། །
དབུ་ལོ་གཏུན་ཤིང་བྱས་པས་ཨ་ན་ན། །
རང་ས་གཡུལ་ལས་བསྒྲལ་པའི་སྤུར་རྒྱལ་བ། །
དམར་ཆུང་སྲོག་ལ་གཏུགས་པས་ཨ་ན་ན། །
འཚེ་མེད་ཞི་བ་བསྟེན་པའི་བོད་འབངས་བ། །
ཡན་ལག་ཕྱོགས་ཆར་སྟོར་པས་ཨ་ཆུ་ཆུ། །
དྲང་བདེན་རྐང་དུ་ལྟ་བའི་མགོ་ནག་པ། །
དམར་པོ་ཁྲག་ལ་སྒྲེས་པས་ཨ་ཆུ་ཆུ། །
བོད་ཆེན་ཁ་བ་ཅན་གྱི་དཔའ་བོ་ཅག །
མགོ་བོ་བྲང་ལ་སྦྱར་ཀྱང་ཨ་ཙ་མེད། །
དུས་ཀྱི་གདོང་ཀ་ལེན་པར་ཚོད་ཅིག་མེད། །
སྙིང་ཁམས་གདོན་གྱིས་བརླན་པ་ཨེ་རེད་དམ། །
རྒྱལ་ཞེན་མེ་ལ་ཚ་བོའི་ཧེབ་སྣང་གིས། །
བཙན་པོའི་གཉའ་ལྕགས་འོག་ནས་བསད་ཅིང་ལངས། །
ཁྲིམས་བཙུད་སྡུག་ཡུས་ངོགས་ནས་འཕག་འཚག་བརྒྱབ། །
གློ་སྙིང་ཆང་གིས་བཙོས་པ་ཨེ་རེད་དམ། །
སྒང་དྲུག་རི་བོའི་མགོ་བོ་དགྱེ་དགོས་ཞེས། །
ཚེ་སྲོག་གཏའ་མར་བཞག་སྟེ་སྐད་སྒྲ་བཏོན། །
ལུས་ཀྱི་དབང་ལྔ་ཞ་ཡང་མི་སྐྱུར་ཞེས། །
མེ་དང་དུ་བའི་དཀྱིལ་ལ་ཧར་གྱིས་མཆོངས། །
ཡུལ་མིའི་རེ་བ་མིག་ཆུས་སྦངས་ནས་ཡོད། །
འབངས་མིའི་གསོལ་འདེབས་སྡུག་གིས་བཞུར་ནས་ཡོད། །
ནང་མིའི་ཤ་རུས་སྟ་གྲིས་གསིལ་ནས་ཡོད། །
གཞིས་མིའི་ལུས་སེམས་ན་ཚས་གདུང་ནས་ཡོད། །
བཙན་པོའི་ཉེས་འགེལ་ཐེབས་པའི་མི་སེར་ཚོས། །
ཕྱག་རྒྱ་དབྱིངས་སུ་སྦྱར་ནས་བླ་མ་བོས། །
ཁྲིམས་མུན་དོང་དུ་གཅུན་པའི་ན་གཞོན་ཚོས། །
སྙིང་གི་ཨམ་གཙིགས་བསྡམས་ནས་སྤུན་ཟླ་བོས། །
དམག་མིའི་བོའུ་ཁར་ཚུད་པའི་སེར་མོ་བས། །
བྲང་གཞུང་དགྲ་ལ་གཏད་དེ་མི་རིགས་སྲུང་། །
སྐུ་ཕུང་བརྡུལ་དུ་འཐག་པའི་ང་རོ་ཡིས། །
མི་འཇིག་བསྐལ་བའི་རྫ་རྒན་འགུལ་དུ་བཏང་། །
རྐང་སྟབས་མེ་ནང་སྤོས་པའི་ཐྲིག་སྒྲ་ཡིས། །
བར་སྣང་སྟོང་བའི་ཁམས་ཀྱང་བརྒྱལ་བར་བྱས། །
༢
རང་དབང་ཁམས་ན་གནས་སྡོད་བཙན་བྱོལ་ལགས། །
ཡུལ་མིའི་སྦྱིན་བསྲེགས་དེ་དག་ག་རེ་བྱེད། །
ཡན་ལག་གྲི་ཡིས་བཅད་པ་ག་རེ་བྱེད། །
མཁུར་མགོའི་གཤེར་ཁུ་དེ་དག་ག་རེ་བྱེད། །
ཞེ་སྡང་སོག་སོག་འགུལ་པའི་ཡུལ་གྱར་ལགས། །
དཔའ་བོ་མེ་ལྕེབས་དེ་དག་ག་རེ་བྱེད། །
མེ་དཀྱིལ་ཀི་སྒྲ་བརྒྱབ་པ་ག་རེ་བྱེད། །
མྱི་ལུས་ཚིག་རོ་དེ་དག་ག་རེ་བྱེད། །
བཙན་པོའི་མིང་བྱང་ཁུར་པའི་བྱེས་གྱར་ལགས། །
སྐུ་སྲོག་ཞུགས་འབུལ་བྱས་བ་ག་རེ་བྱེད། །
འཐབ་རྩོད་མེ་ལ་བསྐྱིལ་པ་ག་རེ་བྱེད། །
ཤུལ་བཞག་ཁ་ཆེམས་ཡི་གེ་ག་རེ་བྱེད། །
བཙན་པོའི་གདོང་རྒྱུད་གྲགས་པའི་རི་ཤོར་ལགས། །
རང་ལུས་མཆོད་འབུལ་བྱས་པ་ག་རེ་བྱེད། །
གཟུགས་སྐུར་གཞོབ་དྲི་འཐུལ་པ་ག་རེ་བྱེད། །
གློ་སྙིང་མེ་ཡིས་བཀད་པ་ག་རེ་བྱེད། །
ཚ་ཞིང་སྲེག་པའི་དབྱིངས་སུ་གཤེགས་སོང་པའི། །
རྒྱལ་སྐྱོབ་དྲིན་ཆེན་ཁོང་ཚོ་ག་རེ་བྱེད། །
ཚེ་དང་སྲོག་གི་འཕེན་པ་རྫོགས་སོང་པའི། །
ཕུ་ནུ་མིང་སྲིང་ཁོང་ཚོ་ག་རེ་བྱེད། །
ལས་ཀྱི་ཁུར་ཙ་གཅིག་པའི་ཕྱིར་སྡོད་ལགས། །
དྲན་བདེན་རྒྱལ་ཁ་བརྩད་དེ་གྱེས་སོང་པའི། །
དཔའ་བོ་དཔའ་མོའི་ཚོགས་ཞིང་ག་རེར་བསྔོ། །
ང་དང་ཁྱོད་ཀྱི་ཆེད་དུ་འབར་སོང་པའི། །
རྟུལ་ཞུགས་གདེང་ཅན་ཁོང་ཚོ་ག་རེ་བྱེད། །
གངས་དང་བུ་ཡུག་བརྒལ་བའི་བཙན་བྱོལ་ལགས། །
དཔའ་དང་དཔུངས་རོགས་བྱ་ན་རན་ཚོད་ལ། །
ཕྱི་ཐག་ཁྲེལ་གཞུང་ཡོད་ན་སྟོན་རན་ལ། །
ཞི་བ་སྒོམ་འདས་བྲག་ནས་སད་རན་ལ། །
གཞུང་དང་གཞུང་མིན་ཀུན་གྱི་ཁ་མིག་གིས། །
ཅིག་དང་ཉིག་གི་ཁྲིམས་ལ་མི་འགལ་བཤད། །
ཞི་བ་འཚེ་མེད་ནམ་ཡང་གཙི་དགོས་ཟེར། །
ཁྲོ་བ་སེམས་ཀྱི་མཐིལ་ནས་བཅད་བཞག་གམ། །
རང་དབང་དམངས་གཙོ་འབའ་ཞིག་བརྩད་འདོད་ན། །
དྲག་པོའི་མཉམ་སྒྲོག་རོལ་དབྱངས་བཅས་ཀྱང་ཁྲོལ། །
བདག་དབང་རྩིས་ཐང་དྲུང་ནས་ཕྱུང་འདོད་ན། །
ལག་རྡང་དམ་དུ་སྦྲེལ་བར་དྲེད་དགོས་ཡོད། །
ཡུལ་བྱོལ་ཐེ་ཇུས་ཁུར་པའི་གནས་དབྱུང་པ། །
ཙག་རླུང་གངས་འཚུབ་ཁྲོད་ཀྱི་སྡུག་བསྔལ་པ། །
རེ་སྒུག་བྱེ་མ་བཞུར་བའི་ཀློང་དུ་འཕྱན། །
དུས་ཀྱི་བྱ་སྐད་ཁྲོད་ནས་བག་ལ་ཉལ། །
དཔའ་བོའི་བྲང་ཁ་གདང་གདང་འཕག་ན་རེད། །
མཛངས་མིའི་ཁ་ལྕེ་འཁྱུག་གིན་བརྩད་ན་རེད། །
བསྐལ་བའི་དུས་ཆར་དྲག་མ་དབབ་ན་རེད། །
ཉི་ཟླའི་ཟོ་ཆུན་ཁོལ་མ་བྲུག་ན་རེད། །