ཆོས་ཉིད་འོད་ཟེར། དྷ་ས།
(༧གོང་ས་མཆོག་གི་བཀའ་སློབ་སྐོར་དེ་ཚོགས་ཆེན་སྔོན་ནས་བཀའ་སྤྱི་གཉིས་ཀྱིས་གསལ་བཤད་མ་གནང་བ་དེ་དྲི་བ་ཞིག་རེད།)
འདི་ལོར་དམིགས་བསལ་ཚོགས་ཆེན་འདི་འཚོག་ལ་ཉེ་བའི་སྐབས་བཙན་བྱོལ་སྤྱི་ཚོགས་ནང་བཤད་ཡམས་ཤིག་ཁྱབ་པ་ནི། བོད་མི་ཚང་མ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་པ་ལས། རང་བཙན་བཤད་ན་མི་འགྲིག་པ་དང་། ༧གོང་ས་མཆོག་ཀྱང་རང་བཙན་བཤད་ནས་ཐུགས་ཕམ་བྱུང་ཡོད་སྐོར་ཁྱབ་པ་མ་ཟད། ཚོགས་སྡེ་རེ་ཟུང་གིས་རང་བཙན་ཚོགས་འདུ་ལ་འགྲོ་མཁན་སྤྱི་འཐུས་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགོངས་པ་ཞུ་དགོས་སྐོར་དང་འབྲེལ་བའི་ཡི་གེ་ཡང་སྤྱི་འཐུས་ལྷན་ཚོགས་སུ་བཏང་ཡོད་འདུག དེ་ལ་བརྟེན་ནས་མི་མང་པོ་ཞིག་མགོ་འཐོམ་སྟེ་དམིགས་བསལ་ཚོགས་ཆེན་ཐོག་བསམ་ཚུལ་ལྷུག་པོ་བཤད་རྒྱུར་བཀག་རྒྱ་ཐེབས་ཡོད་པར་སྙམ། མི་མང་ཁྲོད་༧གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་རེད་སྙམ་ནས་སེམས་ཁྲལ་ཆེན་པོ་བྱུང་བ་དང་། བསམ་ཚུལ་ཡང་དམིགས་བསལ་བཤད་མ་ཐུབ་པར་ལྷག ཡིན་ཡང་མང་ཚོགས་ཁྲོད་བསམ་ཚུལ་ནོར་བ་ཞིག་ཁྱབ་གདལ་དུ་སོང་བ་ལ་གཞུང་ངོས་ནས་ཀྱང་དེ་ཡིན་པ་ལྟ་བུ་ལས། གསལ་བཤད་གང་ཡང་མ་གནང་བ་དང། གྲོས་ཚོགས་ནང་དུ་ཡང་༧གོང་ས་མཆོག་ལ་བཟོད་གསོལ་ཞུ་དགོས་སྐོར་གྱིས་གྲོས་ཆོད་བཞག་པ་ལས། ༧གོང་ས་མཆོག་ཐུགས་ཕམ་བྱུང་རྐྱེན་སྐོར་མི་མང་ནང་གསལ་བཤད་གང་ཡང་མ་གནང་བར། དམིགས་བསལ་ཚོགས་ཆེན་དེ་འཚོགས་སོང་། ཚོགས་ཆེན་ཐོག་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་མཁན་ཚོའི་སྐོར་ལ་རྒྱབ་སྐྱོར་གྱི་བསམ་ཚུལ་ཙམ་ཡང་ཐ་མའི་གྲོས་ཆོད་ནང་སླེབས་མེད་ལ། གྲོས་ཚོགས་འཚོག་བཞིན་པའི་སྐབས་གཞོན་ལྷན་གྱི་དབུས་རྒྱུན་གསུམ་གྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་ནའང། གྲོས་ཚོགས་ནང་གླེང་སློང་ཙམ་བྱུང་མ་སོང། དངོས་གནས་བཤད་ན་གཞུང་དང་གཞུང་གི་འབྲེལ་ལམ་དང་། ལས་དོན་ལ་འཆར་གཞི་སོགས་གཞུང་ངོས་ནས་བྱས་ན་ཤུགས་ཆེ་བ་ཡོད་པ་བཤད་མ་དགོས་ཀྱང། བོད་ནང་གི་ཛ་དྲག་གནས་བབས་དང། བོད་མིའི་མངོན་འདོད་ཁག་ཁྱབ་བསྒྲགས་བྱེད་རྒྱུར་གཞུང་འབྲེལ་མིན་པའི་ཚོགས་པ་ཚོར་གཞུང་ལས་ནུས་པ་ཆེ་བ་ཡོད་ཀྱང། དམིགས་བསལ་རྒྱབ་སྐྱོར་དགོས་སྐོར་གང་ཡང་སླེབས་མེད།
རང་ལུས་མེར་སྲེག་གཏོང་མཁན་ཚོར་མྱ་ངན་མཚོན་ཆེད་ཚོགས་ཁང་ནང་རྒྱལ་དར་༥༡ བསྒྲེངས་འཛུགས་བྱས་པའི་ཁྲོད། ཡ་མཚན་པ་ཞིག་ལ་བཙན་བྱོལ་ནང་བོད་དོན་ཆེད་སྲོག་ཤོར་བ་དེ་སྲོག་མ་ཡིན་ལྟ་བུར་བརྩིས་འདུག སྐུ་མ་གྲོངས་མཁན་ཚོ་ལ་མཚོན་ན་བཙན་བྱོལ་ནང་སྨན་བཅོས་སོགས་ཕྱོགས་གང་ཐད་ནས་མཐུན་རྐྱེན་བོད་ནང་ལས་ཡག་པོ་རག་ཡོད་པས། དོ་སྣང་མ་སྤྲད་ཀྱང་། ཁོང་ཚོས་བསམ་ཤེས་བྱེད་ངེས་ཀྱང། དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་། འཇམ་དཔལ་ཡེ་ཤེས་གཉིས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཏེ། སྐུ་གྲོངས་ཡོད་པ་ལས། གཞན་ཞིག་གི་ཆེད་དུ་སྲོག་ཤོར་བ་མིན་པ་གསལ་པོ་མཁྱེན་དགོས། དེ་བཞིན་དྲིལ་བསྒྲགས་ལས་ཁུངས་ནས་བོད་མིའི་རང་ལུས་མེར་སྲེག་གཏོང་མཁན་གྱི་གནས་ཚུལ་སྐོར་ལ་ཟེར་སྡེར་ཞིག་བཟོས་འདུག་ཀྱང་། བཙན་བྱོལ་ནང་རང་སྲེག་མཁན་ཚོ་བོད་པ་མ་ཡིན་པ་ལྟ་བུ་བྱས་ཏེ་དེའི་ནང་དུ་ཡང་བཅུག་མི་འདུག རྒྱལ་སྤྱིའི་ཐོག་ནས་བོད་དོན་གླེང་སློང་ཅུང་ཡོང་བ་དང། དྷ་སའི་གངས་ཅན་སྐྱིད་གཤོངས་སུ་དོ་སྣང་ཅུང་སྤྲད་པ་དེར་གཞུང་འབྲེལ་གཅིག་པུ་མ་ཡིན་པར། མི་མང་གི་ལས་འགུལ་གྱིས་ཀྱང་ཕན་ཐོགས་ངེས་ཅན་བྱུང་ཡོད།
ཚོགས་ཆེན་དེ་༢༠༠༨ ལོ་དང་བསྡུར་ན་ཧ་ཅང་ནུས་མེད་ཅིག་རེད་འདུག ཚོགས་ཐོག་ཏུ་འཛུལ་ཞུགས་པ་ཡང་སྔོན་དང་བསྡུར་ན་སྐྱོ་པོ་རེད་འདུག་ལ། བརྗོད་གཞི་ཡང་སྔོན་དང་བསྡུར་ན་གུ་དོགས་པ་དང་། སྐད་ཆ་ཡང་སྔར་བཞིན་འཁྲུག་ཆ་དོད་པོ་མེད་པ། མཐའ་མའི་ཐག་གཅོད་ཀྱང། གཞུང་གི་སྲིད་ཇུས་ཐོག་ཤར་བསྐྱོད་དང། གཞུང་ངོས་ནས་གང་གནང་ན་དེར་རྒྱབ་སྐྱོར་ཡོད་སྐོར་ཙམ་ལས། སྲིད་ཇུས་འགྲིག་མིན་དང་། ལས་ཀ་བྱེད་ཕྱོགས་འགྲིག་མིན་གྱི་སྐོར་གང་ཡང་མེད་པ་མ་ཟད། བོད་ནང་གི་ཛ་དྲག་ཆེད་དུ་དེ་དང་འདི་བྱེད་དགོས་ཞེས་རྒྱ་ལ་ཁ་གཏད་གཅོག་ཐབས་ལྟ་བུའི་བསམ་ཚུལ་དམིགས་བསལ་གང་ཡང་མེད་པ་རེད། ༢༠༠༨ ལོའི་གྲོས་ཆོད་ཁག་ཅིག་ལ་བསྐྱར་ཞིབ་ཅིག་དགོས་ངེས་ཡིན་ཡང། ཟུར་ཙམ་གླེང་མི་འདུག ༢༠༠༨ ལོར་དམིགས་སུ་བཀར་ནས་ཚོགས་བཅར་བ་ཚོས་ས་གནས་གང་སར་མི་མང་ཁྲོད་བསམ་ཚུལ་བསྡུ་ལེན་བྱས་ཏེ། ཚོགས་ཐོག་ཏུ་ཡང་ཕྱོགས་གང་ཐད་ནས་བསམ་ཚུལ་ལྷུག་པོ་བྱུང་ཡོད་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་སྔ་གཞུག་ཏུ་བལྟས་ན་ཧ་ཅང་གུ་དོགས་པོ་ལྟ་བུ་ལས། སྔར་ལྟར་སྤོབས་པའི་ཐོག་ནས་ཚོགས་ཞུགས་པ་སླེབས་མཁན་དང་། གཏམ་བཤད་བྱེད་མཁན། བསམ་ཚུལ་བསྡུ་ལེན་བྱེད་མཁན་སོགས་གང་ཡང་བྱུང་མེད་པར། ཚོགས་ཞུགས་པ་ཚོ་ཁུ་སིམ་པོར་འཛོམས་པ་རེད། ཚོགས་ཆེན་གྱི་ཉིན་མཐའ་མའི་མཇུག་བསྡོམས་སྐབས་དང་། ཕྱི་ཟླ་༩ ཚེས་༢༩ ཉིན་གྱི་ལས་འགུལ་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཀྱིས་༧གོང་ས་མཆོག་བོད་རང་བཙན་བཤད་ནས་ཐུགས་ཕམ་བྱུང་བ་མིན་སྐོར་དང་། དབུ་མའི་ལམ་གྱི་སྲིད་ཇུས་དང། རང་བཙན་བར་གྱི་དོན་དག་གང་ཡང་མིན་སྐོར་སོགས་ཚོགས་བཅར་བར་གསལ་བཤད་གནང་བ་དང་། དེ་མ་ཐག་ཚོགས་བཅར་ཚང་མས་ད་འགྲིག་སོང་ཞེས་དབུགས་རིང་པོ་ཞིག་གཏོང་ཐུབ་ཡོད་ལ། མགོ་ཡར་བཀྱག་ཏེ་བསམ་བློ་ཞིག་གཏོང་དུས། དམིགས་བསལ་ཚོགས་ཆེན་གྲོལ་ཟིན་པ་རེད། ཚོགས་ཆེན་སྔོན་ནས་བཀའ་སྤྱི་གཉིས་ཀྱིས་མང་ཚོགས་ཁྲོད་གསལ་བཤད་མ་གནང་བའི་རྒྱུ་མཚན་དེ་འདྲི་རྟགས་ཤིག་རེད་ལ། ཅིག་བྱས་ན་དབུ་མའི་ལམ་གྱི་སྲིད་ཇུས་ལ་དོ་ཕོགས་མི་ཡོང་ཆེད་དུ་ཡང་ཡིན་སྲིད་པ་རེད། དེ་དང་མཉམ་དུ་ཚོགས་ཆེན་སྔོན་ལ་གསལ་བཤད་མ་གནང་བ་དེས་བཀའ་དགོངས་ཁ་ལ་ཁྱེར་ཏེ། ཧོལ་རྒྱུག་བྱེད་མཁན་ཁག་ཅིག་གི་གདོང་པ་ཡང་ས་ལ་ཐེངས་གཅིག་བརྡབ་པ་རེད། བཀའ་སྤྱི་གཉིས་ཀྱིས་གསལ་བཤད་རྗེས་སུ་དོགས་པ་བྱེད་དགོས་ས་སུ་ཡིན་དང་། ཡིད་ཆེས་བྱེད་དགོས་ས་སུ་ཡིན་མི་མང་ནང་གསལ་པོ་ཆགས་པ་རེད།།
བོད་ཀྱི་ཆབ་སྲིད་པའི་གཏམ་བཤད་ལ་དགེ་སྐྱོན་གྱི་བགྲོ་གླེང་ལྷུག་པོར་མི་བྱེད་པ་ནི་བཙན་བྱོལ་དམངས་གཙོའི་སྤྱི་ཚོགས་ཀྱི་གཞན་ཆ་གཅིག་རེད།
གཞན་དེ་༼ཞན་ཆ།༽བྲིས་ཁུལ་ཡིན།
དོགས་པ་བྱེད་དགོས་ས་སུ་ཡིན་དང་། ཡིད་ཆེས་བྱེད་དགོས་ས་སུ་ཡིན་མི་མང་ནང་གསལ་པོ་ཆགས་སྟངས་དེ་སྲིད་སྐྱོང་བ་དང་ཚོགས་གཙོའི་གཏམ་བཤད་ཀྱིས་ཤུགས་ལས་བྱུང་བར་གླེང་ན་ཧ་ཅང་ནོངས་ཏེ། དེ་ལྟར་ན་ཚོགས་ཞུགས་པ་བརྒྱ་ཕྲག་བརྒལ་བ་རྣམས་གླེང་པ་ཁྱུ་གཅིག་གམ། སུ་ཞིག་གི་འཇིགས་སྐུལ་འོག་སྡོད་པའི་སྡར་མ་རྐྱང་རྐྱང་ཡིན་ནམ། ངས་ནི་ཚོགས་ཆེན་ལ་གྲུབ་འབྲས་ཅི་ཡང་བྱུང་མེད་པར་གླེང་མཁན་པོ་གོ་ལྡོག་པར་མཐོང་ལ། ཀུན་སློང་འདིའི་ཕག་ན་ད་དུང་མི་མངོན་པའི་ལག་པ་ཆེན་པོ་ཞིག་རུམ་ན་བཅུག་སྟེ་བཞག་མེད་དམ་སྙམ། གཅིག་བྱས་ན་ཀུན་སློང་ལ་སྐྱོན་ཡོད་མི་སྲིད་ཀྱང་འདི་ལྟར་ཤོད་མཁན་ནི་པེ་ཅིང་ནས་ཡིན་འོས་པ་ལས་བོད་པ་ཞིག་གིས་བཤད་ན་ཅུང་མི་འཛའ་བར་མཐོང་། དོན་དམ་པར་བཙན་བྱོལ་བའི་ཁོར་ཡུག་ཆུང་ཆུང་འདིར་ཆབ་སྲིད་ཁ་ལ་ཁྱེར་ཏེ་རང་གི་འཚོ་འཚིས་སྒྲུབ་མི་མང་དུ་བདོག་ལ། ཅི་ཞིག་ལ་བསྙད་དེ་གཞན་ཞིག་ལ་རྡུང་རྡེག་གཏོང་མི་ཡང་མང་དུ་ཡོད་མོད། བོད་དོན་ལ་ཤ་ཚ་ཞིང་ལྷད་མེད་པའི་ལས་འགུལ་ཚོས་སྤེལ་རུང་། དབུ་མའི་ལམ་དང་གཞོན་ནུ་སོགས་སུ་ཡིན་ལ་མི་ལྟོས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ནི་བཙན་བྱོལ་མི་དམངས་ཀྱི་ངོམས་སུ་རུང་བའི་སྤྱོད་བཟང་ཞིག་ཏུ་ཀུན་གྱི་དྲན་ལམ་ན་ཡོད་དགོས་ངེས་ཡིན། ༸གོང་ས་མཆོག་བཀའ་དགོངས་འགལ་དོན་ཡང་གཞོན་ནུའི་མིང་འཁྱེར་ཏེ་རང་དོན་ནམ་རང་འདོད་བྱུང་རྒྱལ་དུ་སྨྲ་བའི་མི་ངན་དག་གི་བྱེད་སྤྱོད་ངན་པ་ལས་བྱུང་བ་ཡིན་ཞིང་། དེ་ལ་ཐར་པར་མི་གཏོང་བའང་མགོ་ནག་བོད་ཚང་མའི་མ་གྲོས་གཅིག་མཐུན་གྱི་དམ་བཅའ་ཡིན་འོས་པ་ལས། དེ་ལ་རང་བཙན་དང་དབུ་མའི་ལྟ་སྤྱོད་བར་གྱི་འགལ་ཟླ་ཡིན་ཞེས་མི་སྨྲ། ད་དུང་དབུ་མར་འདོད་པའི་སྐབས་འཚོལ་བ་ལ་ལས་ཀྱང་༸རྒྱལ་བའི་བཀའ་འདི་འཕྱར་དེ་རང་གི་རྐུབ་སྟེགས་ལ་རྒྱབ་སྙེས་ཐོལ་པ་བཅུག་སོང་བའང་ཀུན་གྱི་མཐོང་ལམ་དུ་གྱུར་ཚོད་ཡིན། དེ་བས་ངས་འདིར་སྨྲ་འདོད་པ་ནི་གང་ཟག་བྲེ་བྲག་པ་དང་ཚོགས་པ་བྲེ་བྲག་གི་བྱེད་སྤྱོད་དེ་བོད་མིའི་སྒྲིག་འཛུགས་དང་གཞུང་འཛིན་པ་དག་གི་དབུ་ཐོག་ཏུ་མ་གཡོག་རོགས་ཞེས་ཞུ་བ་ཡིན། དེ་ལྟར་ཞུ་དོན་ནི་དྲྭ་ལམ་གྱི་སྐད་ཆ་དེ་ཁྱོད་གཅིག་བུའི་ཁོར་ཡུག་ཆུང་ཆུང་དུ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་པའི་མིག་ལམ་དུ་འགྲོ་བས། ངེས་པར་གཟབ་དགོས་པ་མ་ཡིན་ནམ།།
་་་་་་ དེ་ལྟར་ཞུ་དོན་ནི་དྲྭ་ལམ་གྱི་སྐད་ཆ་དེ་ཁྱོད་གཅིག་བུའི་ཁོར་ཡུག་ཆུང་ཆུང་དུ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་པའི་མིག་ལམ་དུ་འགྲོ་བས། ངེས་པར་གཟབ་དགོས་པ་མ་ཡིན་ནམ།། ཟེར།
ཆོས་ཉིད་འོད་ཟེེར་ལགས་ཀྱིས་གསུངས་པར་བདེན་བདེན་འདྲ་ཞིག་རེད། མཆན་ཞབས་པ་གྲ་ཕྱི་བུ་ལགས་ཀྱིས་ཀྱང་གཟུ་བོར་གནས་ཁུལ་གྱི་གཏམ་དེ་ཡང་བདེན་བདེན་འདྲ་ཞིག་སྣང་ཡང་གཞུང་དང་གཞུང་འཛིན་མི་སྣའི་ཞན་ཆ་གླེང་མི་ཆོག་ཟེར་ན་དམངས་གཙོའི་ལྟ་གྲུབ་དང་ལམ་ལུགས་ནང་འགྲོ་མདོག་ཁ་པོ་མ་རེད། དམིགས་བསལ་ཚོགས་ཆེན་མཇུག་སྒྲིལ་བ་རེད་ལ་གྲོས་ཆོད་ཀྱང་མང་མང་ཞིག་བཞག་ཡོད་པ་རེད། ད་ནི་འདས་སོང་གི་ཉམས་མྱོང་དང་མཐུས་ཤོར་ལ་གཟིགས་ཀྱིན་གཟིགས་ཀྱིན་འབྱུང་འགྱུར་ལ་ཞལ་ཕྱོགས་པར་བྱས་ཏེས་གྲོས་ཆོད་ཁག་ཕྱག་བསྟར་རང་བཞིན་ལྡན་པར་འབད་དགོས་པ་རེད་ལ། ཕྱག་བསྟར་རང་བཞིན་ལྡན་པའི་དོན་འཁྱོལ་མ་བྱུང་བ་རྣམས་རྟིང་བསྐུལ་ཡང་བསྐུལ་དང་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་དེ་གནད་ཀྱི་དོན་པོ་རེད།
དམིགས་བསལ་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་དེར་གསལ་བཤད་དང་གླེང་སློང་ཞིག་ཞུ་འདོད་བྱུང་། མ་གཞི་བྱས་ན་དེ་སྔོན་གྱི་ཚོགས་འདུའི་ཉམས་མྱོང་ལས་ད་རེས་ཚོགས་འདུར་འགྲོ་ནའང་ཕན་ཐོགས་ཡོང་གི་མ་རེད་བསམ་ནས་འགྲོ་རྩིས་བྱས་མེད་ཟེར་མཁན་ང་རང་ལའང་རེ་གཉིས་ཐུག་སོང་། ཚོགས་འདུའི་སྐབས་ལ་( བརྗོད་གཞི་གུ་དོག་པ་དང་། སྐད་ཆ་ཡང་སྔར་བཞིན་འཁྲུག་ཆ་དོད་པོ་མེད་པ། ) ཞེས་གསུངས་པར་ཚོགས་ཆུང་བཅུ་པོའི་སྙན་ཐོ་དེ་དག་ལ་བལྟས་ན། གང་ཙམ་གྱི་ཕུན་སུམ་ཚོགས་པོ་འདུག་བསམ་པ་དྲན་ལ་ངས་ཀྱང་ཚོགས་ཆུང་དང་པོའི་སྙན་ཐོ་དུས་བབ་ཟིན་བྲིས་སྟེང་བཞག་ཡོད། གཞན་རྣམས་ཀྱང་འབྲེལ་ཡོད་རྣམས་པས་རིམ་བཞིན་དྲ་ཐོག་ལ་བཞག་ནས། ཀློག་པ་པོར་སྤྱན་སྟར་ཞུ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་དྲན་ཡོད། (མཐའ་མའི་ཐག་གཅོད་ཀྱང་གཞུང་གི་སྲིད་བྱུས་ཐོག་ཤར་བསྐྱོད་དང་) ཞེས་པར་ཚོགས་ཆུང་ཁག་གི་སྙན་ཐོ་དེ་དག་རྒྱལ་ཁབ་དང་། ས་གནས་འདྲ་མིན་གྱི་མི་མང་བརྒྱ་ཕྲག་གམ་སྟོང་ཕྲག་གི་བསམ་ཚུལ་བསྡུས་ནས་ཚོགས་བཞུགས་པ་ཚོས་འཁྱེར་འདུག མཇུག་བསྡོམས་གྱི་སྙན་ཐོ་བྲི་མཁན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་རྨོག་རུ་བརྟན་པ་ལགས། སྤྱི་འཐུས་སྨན་པ་མཁྱེན་རབས་ལགས་བཅས་མི་བཞིས་དུས་ཐུང་ཞིག་ནང་ཚ་ཚ་འུར་འུར་གྱིས་ཕྱོགས་བསྡོམས་གནང་བ་ཞིག་ཡིན་པ་དང་། དེར་ཚོགས་གཙོ་མཆོག་ནས་གཟིགས་ཞིབ་དང་གོ་བསྡུར་ལྷུག་པོ་གནང་ཁོམས་བྱུང་མེད་པས་མི་མང་གི་བསམ་ཚུལ་ཆ་ཚང་སླེབས་མ་ཐུབ་པ་ངེས་བརྟན་རེད། འབྱུང་འགྱུར་ལས་ཀྱི་སྣེ་མོ་བ་ཚོས་ཚོགས་ཆུང་བཅུ་པོའི་སྙན་ཐོར་གཞིགས་ནས་ལས་འགུལ་སྤེལ་རྒྱུ་རེད་གསུང་སོང་ལ། དེ་ལྟར་གནང་བའི་རེ་བ་དང་ཡིད་ཆེས་ཀྱང་བྱེད་བཞིན་ཡོད།
བསམ་གླིང་ལགས་དང་གྲ་ཕྱི་བུ་གཉིས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད།།
དྲ་གྲོགས་ཆོས་ཉིད་འོད་ཟེར་ལགས་ཀྱིས་ཕྱོགས་སྡོམ་ཡིད་ལ་འབབ་པ་ཞིག་བྱས་འདུག སྤྱིར་ན་ངས་མཆན་འདེབས་སྐབས་ཡང་ན་འདོད་པར་ཆེར་མ་སོང་དང་། ཡང་ན་ཡིད་ལ་ཆེར་འཐད་པ་གང་རུང་ལས་བཏང་སྙོམས་དག་ལ་མཆན་འདེབས་ཀྱི་མེད། ད་ལན་གྱི་མཆན་འདི་ནི་ཕྱི་མའི་ཁོངས་སུ་བཏོགས་པ་རེད། ང་རང་ས་ཁད་ཀྱིས་ཕྱེས་ན་ཚོགས་ཆེན་ལས་རིང་དུ་གནས་ཡོད་ཀྱང་ང་ལ་ཚོར་སྣང་དེ་འདྲ་ཞིག་བྱུང་། ད་དུང་གནད་དོན་འདི་འདྲ་བ་མང་ཙམ་ལུས་མེད་དམ་སྙམ།
ཚོགས་ཆེན་ལ་ཕེབས་དགོས་པའི་གྲས་སུ་གཏོགས་ཀྱང་ཕེབས་མེད་པ་དག་ལ་རིགས་གཉིས་ཡོད་པ་རེད་སྙམ།
གཅིག་ནི་ང་ཆེ་ང་ཡིན་བསམ་པའི་ང་རྒྱལ་ཅན་དག་འགན་དབང་གཉིས་ལྡན་གྱི་མི་རབས་གསར་པ་ཚོས་གོ་སྒྲིག་བྱས་པའི་ཚོགས་འདུ་ལ་ཡོང་འདོད་མ་སྐྱེས་པ་རེད་འདོད། ངས་བསམ་ན་གནད་དོན་འདིའི་ཁོངས་སུ་གཏོགས་པའི་མི་སྣ་གང་འཚམ་ཡོད་ངེས་རེད་སྙམ་བཞིན་ཡོད་ལ། འདི་དག་གིས་ཁ་ནས་བཤད་དུས་རང་ནུས་གང་ཡོད་ཀྱིས་བོད་པའི་རྩ་དོན་ལ་འགན་ཁུར་རྒྱུ་དང་། མི་རབས་གསར་པ་རྣམས་ལ་དུས་ནས་དུས་སུ་བསམ་བློས་རྒྱབ་སྐྱོར་བྱེད་མདོག་སྟོན་གྱི་ཡོད་པ་གོར་མ་ཆགས་ཀྱང་། དོན་ལ་གནས་མེད་པ་འདི་རེད།
གཉིས་པ་དེ་ཚོགས་འདུའི་དོན་སྙིང་དང་རིན་ཐང་གིས་ཐུགས་མ་ཚིམས་ནས་མ་ཕེབས་པ་ཡིན་ངེས་པ་དག་ནི་རྩོམ་པ་པོས་བཤད་པ་དག་དང་ཧ་ཅང་ཉེ་བའི་ཕྱོགས་གཏོགས་རེད། འོན་ཀྱང་འདི་དག་ཀྱང་མཐར་དེད་ན་འགན་མ་ཁུར་བའི་གྲས་སུ་གཏོགས་སོང་བ་རེད་འདོད།
སྲིད་སྐྱོང་དང་ཚོགས་གཙོས་གསལ་བཤད་གནང་མིན་ཙམ་ལ་དེ་འདྲའི་ལྟོས་ཚབས་ཆེན་པོ་ཡོད་ན་ནི། ཚོགས་བཅར་བ་ཚོ་ཐབས་སྐྱོ་དྲགས་པ་མ་རེད་དམ། གསལ་བཤད་དེ་ནི་མི་མང་ཕལ་བའི་ཕལ་བ་དག་ལ་དགོས་ངེས་ཀྱི་གསལ་བཤད་ཙམ་ལས། ལས་ཀྱི་སྣེ་མོ་བ་དག་ལ་ནི་དེ་འདྲའི་གོ་རྟོགས་མེད་པ་ཁྱོད་ཀྱིས་ཇི་ལྟར་བཤད་ཀི་ཡོད།
ཆོས་ཉིད་འོད་ཟེར་ཟེར་བ་འདིའི་གླེང་བ་ལ་བདེན་པ་ནམ་ཡང་མེད། ཁོང་ཉིད་སྤྱི་འཐུས་སུ་ལངས་ཏེ་མ་ཐུབ་པར་བརྟེན་སྐབས་བཅུ་དྲུག་པའི་གོ་གནས་འཚོལ་ཕྱིར་དང་། བཀའ་སྤྱི་གཉིས་ལ་འཁོན་ལན་གྱི་རྣམ་འགྱུར་ཙམ་རེད། རྩོམ་ཉོག་འདི་ལྟ་བུ་ཀློག་པ་ལས་མ་ཎི་ཚར་གཅིག་བཏོན་ན་ཁེ་བཟང་ཆེ།
ཆོས་ཉིད་ཀྱིས་བཤད་པ་བདེན་པ་རེད། ལྷག་པར་ད་ཐེངས་ཀྱི་གྲོས་ཆོད་འདི་ཚོ་འཇོག་པར་འབུམ་བདུན་ཅུ་འགྲོ་སོང་གཏོང་། རྒྱལ་ཁབ་ཉེར་དྲུག་ནས་མི་བསྡུ། ཚོགས་མི་བཞི་བརྒྱ་སོ་གཉོས་འཚོགས་དགོས་པ་དེ་འདྲ་ཅི་གང་མི་འདུག གྲོས་ཆོད་ཡ་ཡུད་ལྡན་དགོས་པ་རེད། དེ་མིན་བོད་འདི་ཚར་ས་རེད། མགོ་ཁྲི་ཐོག་བླ་མ་དང་གདན་ཐོག་དཔོན་པོ་བཅས་ཚང་མ་ཞི་བའི་ངང་བོད་དུ་གོམ་བགྲོད་བྱེད་དགོས་པ་རེད། མི་ཁྲི་བཅོ་ལྔ་པོ་ཚང་མ་ལེབ་ལེབ་བྱས་ནས་གོམ་བགྲོད་འགྲོ་དགོས་པ་རེད།