རེབ་ཐོག་མདའ
ཀ་ཁ་སུམ་ཅུའི་བདག་པོ་མ་ཉན་ཡང་།།
ཁ་བ་ཅན་ལ་ཞེན་ཁོག་དོར་གི་མིན།།
ག་ས་གང་ལ་འགྲོ་དགོས་བྱུང་ན་ཡང་།།
ཕ་མ་བླ་མའི་དྲིན་ལན་བརྗེ་གི་མིན།།
ཅ་ལག་མང་པོ་འཁྱེར་རྒྱུ་མེད་ན་ཡང་།།
ཆ་ཡོད་གྲོགས་ཀྱི་བརྩེ་བ་ཉར་གི་ཡིན།།
ཇ་ཁང་ཞིག་གི་སྦྱིན་བདག་མ་ཉན་ཡང་།།
ཉ་ཉོག་ལས་ཀ་བདག་གི་ལས་ཀི་མིན།།
ཏ་ལེན་འཁུར་བའི་ཕོ་ལོ་དྲིན་ཆེན་པོར།།
ཐ་ན་ཚིག་འཇམ་ཞིག་ཀྱང་བཤད་མ་མྱོང་།།
ད་ལྟ་རྒྱང་རིང་ཡུལ་ན་གནས་དུས་སུ།།
ན་ཚོད་རྒས་པའི་ཕ་ལོར་ཞེ་རེ་ཐོག།
པ་སངས་ལྟ་བུའི་ཨ་ཁུ་སེམས་བཟང་དང་།།
ཕ་མ་གཉི་ཀའི་ཕྱིར་ལ་ལོག་ཟེར་ཡང་།།
བ་གམ་ལྟ་བུའི་རི་ལུང་བརྒྱུད་དུས་ནས།།
མ་རྩ་མེད་པར་མི་ལོག་དམ་བཅའ་ཡོད།།
ཙ་རི་གནས་རི་འགྲིམ་པའི་ཨ་ཁུ་དང་།།
ཚ་བོ་ཚ་མོས་བསྐོར་བའི་ཨ་མ་སོགས།།
ཛ་དྲག་གནས་སྟངས་ཅི་ཡོད་མི་ཤེས་ཀྱང་།།
ཝ་ལེར་བསམ་ན་སྐྱོན་ཞིག་མེད་དམ་སྙམ།།
ཞྭ་གོས་ཡག་པ་མ་གོན་བུ་ཆུང་ཞེས།།
ཟ་འཐུང་ཞིམ་དུས་མིག་ཆུ་གཏོང་གིན་པ།
འ་རོགས་ཁ་སང་ཁ་པར་གཏོང་དུས་སུ།།
ཡ་མཚན་ངང་ནས་ནུ་མོའི་ང་ལ་བཤད།།
ར་ལུག་མང་པོའི་རྗེས་ན་འདུར་གྱིན་པའི།།
ལ་དགུ་ལུང་དགུ་འགྲིམ་པའི་ནུ་མོ་ཁྱོད།།
ཤ་ཚའི་ངང་ནས་དྲིན་ཆེན་ཕ་མ་ལ།།
ས་མཐའི་ཕུ་བོའི་ཚབ་ལ་སྲི་ཞུ་བསྒྲུབས།།
ཧ་ཅང་རྒྱང་རིང་ཞིག་གི་ཕུ་བོ་ཡིས།།
ཨ་ལ་ཕ་མ་བཟའ་མིའི་བཀའ་དྲིན་དེ།།
ཧ་ལམ་མ་མཇལ་ལོ་ཟླ་རིང་ན་ཡང་།།
ཨ་ལ་གང་མགྱོགས་མཇལ་བའི་སྨོན་ལམ་ཡོད།།
ཕྱི་ལོ ༢༠༡༢ ལོའི་ ༡༠ བའི་ ༡༠ ལ་རྡ་ས་ནས།
ཀ་ཁ་ག་ང་ཤེས་བའི་ཤེས་རབ་ཅན།
ཁ་ལ་ཟ་རྒྱུ་རྒྱབ་ལ་གོན་རྒྱུ་དཀོན།
ག་ས་ག་ལ་ལྡོམ་པའི་སྤྲང་འཁྱམ་ཚོས །།
ང་ལ་མེད་པ་ཡོད་པའི་རྨི་ལམ་འཁོར།།
ཀ་ཁ་བསླབ་པ་སྡུག་གི་གནོན་པ་ཞིག།
ཁ་བར་དུང་བ་སྐྱོ་བ་ལྷག་མ་ཞིག།
ག་བར་བལྟས་ཀྱང་སྐྱིད་པའི་གླིང་ག་ཞིག།
ང་དང་ཁྱོད་ལ་མེད་པའང་འདྲ་འདྲ་ཉིད།།
ཀ་བ་མེད་པའི་སེམས་ཁང་སྟོང་པ་ནས།། ཁ་དོག་སྣ་ལྔས་རང་མདངས་སྟོན་པ་འདི།། ག་བག་ཅན་ལ་དབྱིབ་ནས་སྡོད་པའི་ཚེ།། ང་ཡིན་ཟེར་བཞིན་དཔའ་གཏམ་བཤད་འདི་མཚར།།
ཀ་བ་མེད་པའི་སེམས་ཁང་ནས།། ཁ་བཤད་ཆུ་ཡི་སྦུ་བ་བཞིན།། ག་གེ་མེད་པའི་མི་རིག་ཞིག། ང་རྒྱལ་ཁྱོད་ཕམ་ནང་ལ་སླང་།།
ཀ་ཡེ་བོད་རིགས་ཚོ།། ཁ་རོགས་མ་བཞུགས་པར།། ག་ལེར་བསམ་བློ་ཐོང་།། ང་ཅག་ཡུལ་ལུང་ནི།། ཅ་ག་དབང་མེད་པར།། ཆ་བྱད་ངན་པའི་རྒྱས།། ཇ་ཡུན་ཙམ་གྱི་དུས།།ཉ་མོ་བཟུང་འདྲ་བྱས།།
ཀ་ཁ་ཡོད་སའི་ཡུལ་དུ་སྐྱེས། །
ཁ་ཡོད་ལག་ཡོད་བོད་ཡིག་སྦྱངས། །
ག་ས་གང་དུ་བསྡད་ན་ཡང་། །
ང་ངོ་མི་བརྗེད་ཐག་གཅོད་ཡིན། །