ངས་པོ་རྒྱལ་མཚན།
རྒྱལ་གཅེས་དཔའ་མོ་ཨ་མ་ཀུན་བཟང་མཆོག་ནི་དོན་དངོས་ཐོག་རྒྱ་མིའི་བཙོན་ཁང་ནས་སེམས་ཤུགས་དང་ལྷག་བསམ་འགྲན་ཟླ་བྲལ་བའི་རང་རེའི་བོད་ཀྱི་ཆེས་ཕུལ་བྱུང་གི་བུད་མེད་རྩེར་སོན་པ་ཞིག་ཡིན་ལ། དེང་སྐབས་བོད་རྒྱལ་ཡོངས་ཀྱིས་དྲན་གསོ་བྱེད་བཞིན་པའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་དེའི་རྐང་འཛིན་སྣེ་འཁྲིད་པ་དེ་ཡང་ཡིན། གསུམ་པའི་བཅུ་གཉིས་ཀྱི་སྣེ་ཁྲིད་པ་རྒྱལ་གཅེས་དཔའ་མོ་གུར་སྟེང་ཨ་མ་ཀུན་བཟང་མཆོག་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ཕྱོགས་ཀུན་བདེ་གླིང་ལ་སྐུ་འཁྲུངས་སོ། རྒྱ་དམར་གྱིས་བོད་དྲག་པོའི་བཙན་འཛུལ་སྐབས། རྒྱ་དམར་གྱིས་༸རྒྱལ་བ་རིན་པོ་ཆེ་ཁོང་ཚོའི་དམག་སྒར་ལ་གཟིགས་མོར་ཆིབས་སྒྱུར་གནང་རྒྱུའི་གདན་འདྲེན་ཞུས་པ་ལྟར་ཞལ་བཞེས་གནང་ཡང་རྒྱ་དམར་གྱིས་སྐུ་སྲུང་མདའ་དཔོན་ལ་༸གོང་ས་མཆོག་གི་སྐུ་སྲུང་དམག་མི་འཁྲིད་ན་འགྲིག་གི་མ་རེད་ཅེས་དང་ཡང་ན་མཉམ་དུ་འཁྲིད་ཡང་མཚོན་ཆ་གཏན་ནས་འཁྱེར་མི་ཆོག་ཅེས་བཤད་པ་དང་། སྤྱི་ཟླ་ ༣ ཚེས་ ༩ སྐུ་སྲུང་མདའ་དཔོན་རྒྱ་མིའི་དམག་སྒར་ལ་དམིགས་བསལ་གྲ་སྒྲིག་གང་བྱས་ཡོད་མེད་ལྟ་རུ་འགྲོ་སྐབས་གྲ་སྒྲིག་གང་ཡང་མེད། རྒྱ་དམར་གྱིས་བོད་མི་རིགས་ཀྱི་བླ་སྲོག་༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཚེ་གཏོང་འདོད་ཡོད་པ་གསལ་པོར་ཤེས་རྟོགས་བྱུང་ནས། སྤྱི་ཟླ་ ༣ པའི་ཚེས་ ༡༠ ལྷ་ལྡན་བོད་ཡོངས་ཀྱིས་རྒྱ་དམར་གྱི་གཡོ་ཇུས་ཞི་བའི་ངོ་རྒོལ་བྱས་པ་དང་། ཚེས་ ༡༢ ཉིན་བོད་རྒྱལ་ཁབ་ཆགས་འཇིག་འགྲོ་བའི་ཛ་དྲག་ཅི་ཆེའི་སྐབས་སུ་རང་རེའི་བུད་མེད་རྒྱལ་གཅེས་དཔའ་མོ་ཀུན་བདེ་གླིང་གུར་སྟེང་ཀུན་བཟང་མཆོག་དང་། དགའ་གླིང་ཤར་ཆོས་ལགས། སྤེ་ཀོང་སྤེན་པ་སྒྲོན་དཀར། སྤེལ་གོང་ཕྱག་མཛོད་ཀྱི་བུ་མོ་སྤེན་སྒྲོན། ཞོད་ཤར་ལྕམ་སྐུ་ཞབས། གཞིས་གྲོ་སྒང་གི་ལྕམ། སྣེའུ་ཤར་ཁང་གཉེན་ཚིགས་སྒྲོལ། རམ་པའི་ཁང་གཉེར་ཚེ་བརྟན། རྟའུ་ཚང་སྒྲོལ་དཀར་སོགས་ནས་ཁུར་རྐང་ལེན་གྱིས་ཞོལ་འབྲས་བུ་གླིང་ཐང་དུ་རྒྱལ་གཅེས་དཔའ་མོ་སྟོང་ཁྲག་མང་པོ་འཛོམས་ཏེ་ཚོགས་འདུ་གནང་། གྲོས་ཆོད་སྙིང་དོན་ནི། ༡༽ རྒྱ་དམག་ཕྱིར་ལོག་འགྲོ་དགོས། ༢༽ བོད་ཀྱི་བདག་པོ་བོད་མི་ཡིན། ༣༽ བོད་ཀྱི་འཛིན་སྐྱོང་ཚང་མ་བོད་མི་རང་གིས་བྱེད་ཐུབ་ཀྱི་ཡོད། ༤༽ རྒྱ་དམར་བོད་ནང་དུ་འཛིན་སྐྱོང་བྱེད་རྒྱུའི་དབང་ཆ་གང་ཡང་མེད། ༥༽ དེ་ལྟར་མཚམས་འཇོག་མ་བྱུང་བར་འཐབ་རྩོད་མུ་མཐུད་བྱ་རྒྱུའི་སེམས་ཐག་གཙང་བཅད་ཀྱིས་དམ་བཅའ་བཞག དེ་བཞིན་རྒྱ་མིས་བོད་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་རྒྱུའི་ཐོབ་ཐང་མེད་ཅེས་སོགས་འཁོད་པའི་ཡི་གེ་རྒྱ་དམར་ལ་སྤྲད་ཡོད། དཔའ་མོ་གུར་སྟེང་ཀུན་བཟང་མཆོག་གིས་དབུ་ཁྲིད་ནས་རྒྱ་དམར་གྱི་གདུག་རྩུབ་རྒྱ་གཅེས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཁྲོམ་སྐོར་གཟི་བརྗིད་ལྡན་པ་གནང་ཡོད་པ་མ་ཟད། དེའི་ཉིན་ལྷ་ས་བདེ་སྐྱིད་གླིང་ཁར་རྒྱ་གར་སྐུ་ཚབ་དང༌། ལྷ་སར་བལ་པོ། འབྲུག་པ། ཁ་ཆེའི་དཔོན་པོ་བཅས་ཁག་སོ་སོར་ངོ་བཅར་གྱིས་རྒྱ་མིས་ང་ཚོའི་སྐྱབས་མགོན་རིན་པོ་ཆེ་དམག་སྒར་དུ་གདན་ཞུ་བྱེད་རྩིས་ལ་ང་ཚོས་བོད་མི་མང་ཚོགས་ནས་ངོ་རྒོལ་བྱེད་ཀྱི་ཡོད། གནད་དོན་འདི་དག་སྐོར་ལ་ཁྱེད་ཚོས་དཔང་པོ་བྱེད་དགོས་ཞེས་བདེན་པའི་རྒྱབ་སྐྱོར་ཡོང་བའི་སྙན་ཞུ་འཕུལ། བོད་ཀྱི་ཉག་ཕྲ་དུས་སྐབས་སུ་རྒྱལ་གཅེས་དཔའ་མོ་ཀུན་བཟང་མཆོག་གི་དབུས་པའི་དཔའ་མོ་གོང་མ་རྣམས་ནས་བོད་རང་བཙན་དོན་དུ་བསྟན་དགྲ་རྒྱ་དམར་ལ་ཞི་བའི་སྒེར་ལངས་བྱས་པར། རྒྱ་དམར་གྱིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་མི་ཆོས་ལས་འདས་པའི་དྲག་གནོན་གྱིས་རྒྱལ་གཅེས་དཔའ་མོ་སྟོང་ཕྲག་མང་པོ་དྲག་པོའི་མཚོན་ཆས་དམར་བསད་བཏང་ནས་དེ་ལས་མང་བ་མུན་པའི་བཙོན་ཁང་ལ་བཅུག་ཀྱང་། དེ་ཁྲོད་དཔའ་མོ་ཀུན་བཟང་མཆོག་ལ་རྒྱ་དམར་གྱིས་ཞི་དྲག་གི་དྲི་རྩད་ཐེངས་མང་བྱས་ཀྱང་ངོས་ལེན་མ་བྱས་སྟབས། ཁོང་ཚོར་དེ་དང་དེ་ཡིན་དཔང་རྟགས་གསལ་པོ་ཞིག་སྟོན་རྒྱུ་མེད། དཔའ་མོ་ཁོང་གི་དགྲ་བོའི་བཙན་འོག་ཏུ་ནམ་ཡང་མགོ་མ་སྒུར་བར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་སྲོག་ཤོར་ཡང་འགྱོད་པ་མེད་སྐོར་དང་། བཙོན་ཁང་དུ་སྡོད་རིང་རང་ཉིད་ཀྱི་བོད་རང་བཙན་དང་སངས་རྒྱས་ཀྱི་བསྟན་པ་སླར་གསོ་ཡོང་རྒྱུའི་དམིགས་ཡུལ་དང་ལངས་ཕྱོགས་ནི་ཤི་སྲོག་ལ་ཐུགས་ཀྱང་འགྱུར་བ་མེད་ཅེས་ཡང་ཡང་གསུངས་ཀྱི་ཡོད། སྤྱི་ལོ་ ༡༩༦༤ ལོར་རིག་གནས་གསར་བརྗེའི་སྐབས་དཔའ་མོ་ཀུན་བཟང་མཆོག་ནས་བཙོན་ཁང་ནང་བཙོན་རོགས་ཚོར་བསྐུལ་སློང་གིས་ངོ་རྒོལ་བྱེད་པའི་ཉེས་མིང་འོག དགྲ་བོས་རྒྱུན་དུ་ཉེས་རྡུང་ཚད་མེད་བཏང་། སྤྱི་ལོ་ ༡༩༧༠ ཀུན་གླིང་དཔའ་མོ་ཀུན་བཟང་མཆོག་དང་འགོ་འཛིན་འགའ་ཤས་སེ་ར་དགོན་པའི་ཤར་ཕྱོགས་སུ་དམར་བསད་བཏང་བ་རེད། སྐབས་དེ་དུས་ཁོང་ཚོའི་མདུན་དུ་ས་དོང་བྲུས་ནས་དེའི་འགྲམ་དུ་བཞག་པ་མ་ཟད། ཁོང་ཚོའི་མགོ་སྐྲ་བཅད་དེ་མགོ་རིལ་བཟོས་ནས་མི་གཞན་གྱིས་ངོ་ཤེས་ཐབས་མེད་པ་ཞིག་བཟོས་པ་དང་། བཙོན་ཁང་གི་ལྕགས་རིའི་ཐོག་དང་རུ་ཁག་ཡོངས་ཀྱི་སྒོ་རའི་གཡས་གཡོན་ཚང་མར་མེ་མདའ་བཟུང་བའི་དམག་མི་འབོར་ཆེན་བཀྲམ་པ་དང་དུས་མཚུངས་བཙོན་ཁང་ཧྲིལ་པོ་ལས་མཚམས་བཞག་སྟེ་བཙོན་པ་ཡོངས་རྫོགས་བསྐོངས་པའི་ཚོགས་ཆེན་ཐོག་བཅད་ཁྲ་ཡོངས་བསྒྲགས་ཀྱི་ཁྲིམས་ར་དེ་གྲྭ་བཞི་བཙོན་ཁང་དུ་ཚུགས། ཁྲིམས་བསྒྲགས་ཀྱི་ཚོགས་ཆེན་དེའི་ཐོག་དཔའ་མོ་ཨ་མ་ཀུན་བཟང་མཆོག་དང་། གསང་སྔགས་ཆོས་སྒྲོན་ལགས། རྟ་མཆོག་བུ་ཁྲིད་བཅས་བོད་རིགས་བཙོན་པ་དཔའ་མོ་ཁ་ཤས་རྩ་ཐག་དཀར་པོ་ཞིག་གིས་ལག་པ་གཉིས་རྒྱབ་ཏུ་དམ་པོར་བསྡམས་པ་མ་ཟད། ཐ་ན་ཁོང་ཚོས་ཁྲིམས་རའི་ཐོག་སྐད་རྒྱག་དོགས་ཀྱིས་ཁོང་ཚོའི་མིད་ཚིགས་ཀྱང་རྩ་ཐག་བསྡམས་ཏེ་གཡས་གཡོན་གཉིས་ཀ་རྒྱ་དམག་གིས་བཟུང་སྟེ་འགྲེང་འགྲེང་དུ་བཞག དེ་ནས་ཁྲིམས་དཔོན་གྱིས་བཙོན་དམངས་འདུས་པའི་ཁྲིམས་རའི་ཐོག་ནས། “ཀུན་བཟང་སོགས་ཀྱི་ཀླད་རྙིང་མཁྲེགས་བཟུང་གིས་དོན་དངོས་ལ་མ་ལྟོས་པར་མེས་རྒྱལ་ཁ་བྲལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་ངན་ཚབས་ཆེན་སྤེལ་ཏེ་ཆོས་སྲིད་གཉིས་ལྡན་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱས་ནས་བོད་མི་དམངས་སླར་ཡང་སྡུག་བསྔལ་གྱི་མེ་དོང་ནང་གཡུག་རྒྱུའི་རེ་ངན་བཅངས་པ་དེ་ནི་རྒྱལ་ཁབ་དང་གསར་བརྗེའི་བྱ་གཞག་ལ་རྒྱབ་གཏོད་བྱས་པ་ཞིག་དང་། རྒྱལ་ཁབ་དང་མི་དམངས་ལ་གསབ་ཐབས་བྲལ་ཞིང་ནམ་མཁར་མི་གཤོང་བའི་སྡིག་ཉེས་ཚབས་ཆེན་བསགས་ཡོད་ཅེས་དང་། ཡང་བསྐྱར་ཁྲིམས་དཔོན་དེས་ཀུན་བཟང་གིས་རིག་གནས་གསར་བརྗེའི་ལས་འགུལ་ལ་སྨྱོ་བ་ལྟར་གུང་ཁྲན་ཏང་གི་ཡང་དག་པའི་སྲིད་ཇུས་ལ་ཚིག་མཚོན་བཏབ་ནས་ངོ་རྒོལ་བྱས་པ། གསང་སྔགས་ཆོས་སྒྲོན་དང་། རྟ་མཆོག་བུ་ཁྲིད་གཉིས་ནི་མོའི་རྒྱུག་ཁྱི་རྩེར་སོན་པ་ཞིག་རེད་”ཅེས་བརྗོད་ནས་དགྲ་བོས་ཁོང་ཚོའི་ཉེ་འགྲམ་དུ་མེ་མདའ་གང་སར་བརྒྱབ་སྟེ་དྲི་བ་མང་པོ་བྱས་ཀྱང་། དཔའ་མོ་རྣམས་ནས་དཔའ་ངར་རྩ་བ་ནས་མི་ཞུམ་པར་ངོ་རྒོལ་མཐའ་གཅིག་ཏུ་གནང་སྐབས། སྤྱི་ལོ་ ༡༩༧༠ ལོར་རྒྱ་དམར་གྱིས་དཔའ་མོ་མཆོག་གི་རྒྱབ་ནས་མེ་མདའ་བརྒྱབ་སྟེ་ཤི་མ་གསོན་གྱི་སྐབས་སུ་ས་དོང་བྲུས་པ་དེའི་ནང་ཁ་སྦུབས་ཏེ་ས་སྦས་བཏང་ཡོད། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་མགོན་པོས། ཨ་མ་ཀུན་བཟང་ལགས་ནི་ང་ཚོ་བོད་རིགས་མི་དམངས་ཀྱི་ཆེས་ཕུལ་བྱུང་གི་དཔའ་མོ་ཞིག་ཡིན་ང་ཚོས་སྲོག་སྐྱོབ་ཐབས་མ་བྱུང་ཅེས་བློ་ཕམ་ཆེན་པོའི་ཐོག་ནས་གསུངས། ཁོང་ཡང་གོང་གི་ཚིག་དེའི་རྐྱེན་པས་སྲོག་ཐོག་བཏང་ཡོད། གདུག་རྩུབ་ཤིན་ཏུ་ཆེ་བའི་བཙོན་ཁང་ནང་དཔའ་བོ་དང་དཔའ་མོ་སྟོང་ཁྲག་ལྷག་གི་སྐུ་སྲོག་ཤོར་ཡོད། དཔར་ངར་ཅན་གྱི་དཔའ་མོ་ཀུན་བཟང་གི་བཙོས་བོད་ཀྱི་བུད་མེད་དེ་རྣམས་ལ་རྗེས་སུ་ཡི་རངས་ཞུ་བ་དང་མ་འོངས་པར་བུད་མེད་གཞོན་སྐྱེས་ཚོས་ཁོང་རྣམ་པའི་བློས་བཏང་རྣམས་མ་བརྗེ་བར་སློབ་སྦྱོང་དང་རང་འཁྲིད་ལས་འགན་ལ་ཞུམ་པ་མེད་པར་རྒྱལ་ཁབ་དང་མི་རིགས་ཀྱི་དོན་ངོ་གནོང་མི་དགོས་པ་ཞིག་བྱ་གལ་ཆེ།།
༄༅།། ངས་པོ་རྒྱལ་མཚན་ལགས། ཁྱེད་ནས་དེ་ལྟ་བུའི་གནས་ཚུལ་ཁ་གསལ་ལ་གོ་བདེ་བ་་ཆེས་རིན་ཐང་ཅན་འདི་འདྲ་དྲ་ཐོག་ཏུ་རྒྱ་ཆེའི་མི་དམངས་རྣམས་ཀྱི་མིག་ལམ་དུ་གཤམ་པར་ཐུགས་རྗེ་ཆེ་དང་རྗེས་སུ་ཡིད་རངས་ཞུ། འདི་ལྟ་བུའི་གསར་གནས་ངོ་མཚར་ཅན་འདི་འདྲ་བ་ནི་ད་ལྟ་བར་བཙན་བྱོལ་བོད་མི་སུས་ཀྱང་བཤད་མ་མྱོང་ལ་ཕལ་ཆེར་རྣ་བས་གོ་བ་ཡང་ཐེངས་དང་པོ་ཡིན་སྲིད། གངས་ལྗོངས་ཀྱི་ལ་རྒྱ་དང་། མི་རིགས་ཀྱི་བརྩེ་གདུང་། མེས་པོའི་བཀའ་དྲིན་བསམ་ཤེས་སོགས་གོ་རྟོགས་ཐུབ་པའི་བོད་མི་ཞིག་ཡིན་ཕྱིན་ལོ་རྒྱུས་འདི་དག་ཤེས་དགོས་པ་ཙམ་དུ་ཟད་། ལོ་རྒྱུས་ཀྱི་དེབ་ཐེར་སྟེང་དུ་ངེས་པར་དུ་འཁོད་དགོས་པ་ཞིག་ཡིན་ཀྱང་ད་བར་དེ་ལྟར་བྱུང་མེད་པ་དེ་ག་རེས་ལན་པ་རེད་དམ།
ངས་པོ་རྒྱལ་མཚན་ལགས། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འདི་ལྟར་ལོ་རྒྱུས་ནི་ད་བར་བཙན་བྱོལ་ནང་མཐོང་དཀོན་པ་ཞིག་རེད། སྤྱིར་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ངུ་འདིའི་ནང་འདི་ལྟར་ཤེས་མཁན་ཀྱང་དཀོན་པོ་རེད། དེང་དུས་ཀྱི་ལོ་ཆུང་རྣམས་ཧིན་རྡིའི་ལྟད་མོ་དང་གཞས་སོགས་ལ་དོ་སྣང་ལས་གཞན་མེད། དེ་བས་ཀྱང་བོད་ཡིག་གི་ཤེས་ཚད་ཀྱང་ཧ་ཅང་གི་སྐྱོ་པོ་རེད།
ཁོང་མོའི་སྐོར་བོད་ཕྱི་ནང་གཉིས་སུ་ཡོད་པའི་འབྲེལ་ཡོད་རྒན་པ་རྣམས་ལ་བཅར་འདྲི་བྱས་ནས་དེབ་ཅིག་འབྲི་ཐུབ་ན་བཟང་གི
དྲ་གྲོགས་ཚོས་དགོངས་ཚུལ་ལྷུག་པོ་གནང་བ་མ་ཟད། ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱི་བེུད་དཔའ་མོ་ཁོང་རྣམས་ཀྱི་བྱས་རྗེས་དང་སྙིང་སྟོབས་མ་བརྗེད་པར་དྲན་གསོ་གནང་བ་ནི་བཀའ་དྲིན་ཆེ། གུར་སྟེང་ཀུན་བཟང་ལགས་ཀྱིས་རྒྱ་ནག་ལ་ཁ་གཏད་གདོང་ལེན་བྱེད་པའི་སྙྀང་སྟོབས་དང་ལོ་རྒྱུས་ནི་བརྗོད་ན་ཡང་བཪྗོད་ཚར་རྒྱུ་ཡོད་པ་ཞིག་མ་རེད།་སྐབས་དེ་དུས་ཁོང་གི་ལུས་སེམས་ལ་མནར་གཅོད་དང་སྡུགས་བསྔལ་མི་བཟོད་པ་བཟོས་ཡོད་པའི་ཁར་ཁོང་ལ་བོུ་ཆུང་ཆུང་གཅིག་ཡོད་པ་དེ་ཡང་བལྟ་རྟོགས་བྱེད་མཁན་ཡོད་མེད་ཀྱི་སེམས་ཁྲལ་ཇི་ཙམ་བྱུང་ཡོད་པ་ཚོད་དཔགས་བྱེད་ཐུབ་པ་ཞིག་རེད།་གནས་ཚུལ་གོ་ཐོས་ལ་གཞིགས་ན།་བོུ་ཆུང་ཆུང་དེ་དུས་ལོ་བདུན་ཙམ་ཡིན་པ་དང་ཁྱིམ་ཚང་དུ་བལྟ་རྟོགས་བྱེད་མཁན་མེད་པའི་རྐྱེན་གྱིས་བཙོན་ཁང་ནང་མཉམ་དུ་ཁྲིད་པའི་གནས་ཚུལ་བྱུང་འདུག གུར་སྟེང་ཀུན་བཟང་ལགས་སྲོག་ཐོག་གཏོང་རྒྱུའི་ཚོགས་རར་ཁྲིད་ཡོང་དུས་ནས་ཧ་ལམ་ཤི་མིན་རོ་མིན་བཟོས་ཟིན་པ་མི་དམངས་ཀྱི་མཐོང་འདུག
ད་དུང་བེུད་དཔའ་མོ་སྙི་མོའི་ཨ་ནི་འཕྲིན་ལས་ཆོས་སྒྲོན་ཡོད་པ་རེད།་ཁོང་ནི་དགུང་ལོ་ཆུང་ཡང་བོད་ཀྱི་ལ་རྒྱ་དམ་པོ་འཛིན་མཁན་གྱི་བཙུན་མ་བློ་སྟོབས་ཅན་ཞིག་ཡིན་པ་དང།་ཁོང་གིས་སྙི་མའི་ཁུལ་དུ་མི་དམངས་ཀུན་སློང་བྱས་ཏེ་རྒྱ་དམག་དང་དམར་འཛིངས་བྱས་པའི་བློ་སྟོབས་བོད་རྒྱ་ཁྱབ་ཏུ་གྲགས་པར་གྱུར་ཡོད། འོན་ཀྱང་ཁོང་མཐཪ་རྒྱ་དམར་གྱི་ལག་ཏུ་ཐེབས་ནས་ལྷ་སའི་བྱེ་རགས་ནང་དམར་གསོད་བཏང་བའི་གནས་ཚུལ་བྱུང་འདུག
དཔའ་མོ་ཁོང་རྣམས་ལ་གུས་འདུད་དང་འབྲི་མཁན་ལ་ཐུགས་རྗེ་ཆེ།
ལྷག་བློ་ཡངས་པའི་ངས་པོ་རྒྱལ་མཚན་ལགས་ཀྱི་ངལ་བར་མ་འཛེམས་པར་ཆེས་འབྲི་བར་འོས་པའི་དཔའ་བོ་ཀུན་བཟང་ལགས་ཁོང་གི་ལོ་རྒྱུས་འབྲི་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ང་ཚོས་སྔོན་བྱོན་མེས་པོ་སྤྱི་དང་ལྷག་པར་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་ཀློད་གཏོང་གནང་མཁན་གྱི་བྱས་པ་ཅན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ལོ་རྒྱུས་འབྲི་བ་དང་།ཀློག་པ།སྦྱངས་པ་བཅས་རྒྱུས་ནས་ཕྱིས་རབས་པའི་རྒྱལ་གཞེན་གྱི་ལར་རྒྱ་སྤེལ་རྒྱུ་གལ་ཆེན་པོ་མཐོང་ངོ།
བོད་ཀྱི་བཙན་པོ་ལགས་ཁྱེད་ཀྱིས་དཔའ་བོ་མཆོག་དང་ཁོང་གི་བུ་མོའི་སྐོར་དེ་ལས་གསལ་ཙམ་ཞིག་གུས་པའི་ཁ་བྱང་འདི་ཐོག་ལ་སྐུར་རོགས་ཞུ།
snowboy6@gmail.com
ལྷན་རྒྱས་ཚོ་སྐུ་ཁམས་བཟང། དགོངས་འགལ་མེད་པར་ཞིག། ངས་པོ་རྒྱལ་མཚན་མཆོག་ལ་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ཁྱེད་ནས་གསུངས་པའི་ཕ་རོལ་ཀྱི་དགྲ་དེ་སུ་རེད། ང་ཚོ་བོད་ཁ་བ་ཅན་ལ་དགྲ་ཡོད་མ་རེད། རྒྱུ་མཚན་ནི་ང་ཚོར། ལམ་དབུ་མ་ཤར་སྐྱོད་བྱེད་མཁན་གུང་ཁྲན་ཏང་གིས་མི་ཞིག་ཡིན་པ་ལས། གཞན་སུ་མ་རེད། གལ་སྲིད་ལམ་དབུ་མའི་ནང་དུ་མ་ཞུགས་ན། ཁྱེད་རང་༧གོང་ས་མཆོག་གིས་ཁ་བཏད་རེད་ད། དེ་ངས་ཞུས་པ་མིན། རྡ་སའི་དབུ་ལམ་པའི་བཀའ་རེད། དགོངས་དག། ད་དུང་བོད་རང་བཙན་ལ་འབད་ན་དེ་ཡང་༧གོང་ས་མཆོག་གིས་བཀའ་དང་འགལ་བ་མ་ཚད་རྒྱ་དགའ་རེད་ད། དེ་ཡང་ངས་ཞུས་པ་མིན། རྡ་སའི་སྒྲིག་འཛུག་གིས་བཀའ་རེད་། ལམ་དབུ་མའི་གསུངས་རེད། རྒྱ་ནག་དེ་ང་ཚོའི་དགྲ་མ་རེད། ང་ཚོ་རྒྱ་ནག་གིས་མི་སེར་རེད། རྒྱ་གཞུང་གིས་ག་རེ་གསུངས་གི་འདུག་དེ་ང་ཚོའི་སྒྲུབ་དགོས་རེད། རྒྱུ་མཚན་ནི་ང་ཚོ་ལམ་དབུ་མ་པ་རེད། དེ་ཡང་ངས་ཞུས་པ་མིན། རྡ་སའི་དབུ་ལམ་པའི་བཀའ་རེད། རྡ་སར་ཡོད་པའི་སྒྲིག་འཛུག་འདི་དཔལ་འབྱོར་འདུ་འགོད་ཀྱི་ཆེད་དུ་གཙུགས་པ་ལས། རྒྱ་གཞུང་ལ་ཁ་བཏད་བཅོག་པའི་ཆེད་དུ་དང། བོད་རང་བཙན་སླར་གསོ་ཡོང་ཆེད་དང། བོད་དེ་བཙན་འོག་ནས་ཚུར་ལེན་པའི་ཆེད་དུ་མ་རེད། ད་དུང་༧གོང་ས་མཆོག་གཙོས་པའི་བཙན་བྱོལ་བ་ཚང་མ་རྒྱ་གར་ལ་སྤྲོ་སྐྱིད་དུ་ཡོང་བ་ཡིན་པ་ལས། རང་ས་ཤོར་ནས་ཡོང་བ་ཞིག་མ་རེད། རྒྱུ་མཚན་རང་ས་ནི་ཡོད་ཡོད་པ་རེད། གང་ཡིན་ཟེར་ན་བོད་པ་ཚང་མ་རྒྱ་ཡི་མི་སེར་རེད། དེ་ཡང་ངས་ཞུས་པ་མིན། རྡ་སའི་སྒྲིག་འཛུགས་གི་དགོངས་གཞི་དང་དབུ་མའི་ལམ་གི་ལྟ་གྲུབ་ངོ་མ་དེ་རེད།