ཨ་དམར་པོ།
བྲན་དང་གཡོག་ཅེས་པའི་གོ་དོན་ནི་དེང་དུས་ཀྱི་འཚོ་བའི་གཞི་ནས་སྤང་དོར་གཡུགས་གསུམ་བྱེད་འོས་པ་ཞིག་ལས་བླང་འཛིན་ཉར་གསུམ་བྱེད་མི་ཆོག དེ་ནི་དངོས་ཡོད་འཚོ་བའི་ཤུགས་ཀྱིས་བསྟན་པའི་བསམ་བློ་རེད་ལ། འགྲོ་མིའི་ཐོབ་ཐང་གི་བླ་སྲོག་ཀྱང་རེད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་བྱུང་འཕེལ་དང་བསྟུན་ཏེ་རིག་གནས་རྣམ་པ་དང་། ལེགས་བྱང་སྣ་ཚོགས་པ་རིམ་ཅན་དུ་བརྡོལ། འཚོ་པའང་རྣམ་པ་ཅན་དང་སྒྲིག་གཞི་ཅན། ལམ་སྲོལ་ཅན། རྒྱུ་མཚན་ཅན་གྱི་ངོར་འཕོ་འགྱུར་བླ་ལྷག་ཏུ་བྱུང་། མིའི་རིགས་ཀྱི་རིག་གནས་དང་། ལེགས་བྱང་། སྐད་ཡིག་གོམས་གཤིས་སོགས་ཐ་དད་ལས་གཅིག་གྱུར་རང་བཞིན་མ་བྱུང་བས་ཁྱུ་དང་ཁྱུར་དབྱེ་ནས་འཚོ་གནས་པའི་ཚོ་ཁག་རེ་རེ་བར་གྱུར། རང་ལྟ་དང་། རང་ལུགས། རང་གཤིས་ཨ་འཐས་སུ་བཟུང་སྟེ། རང་གི་ཕུགས་སེམས་ཀྱི་ཞིང་ཁམས་བསྙེགས་ཤིང་། རང་བཙན་ནམ་རང་རྒྱལ་བའི་མཚན་མ་ངོམ་སོ་བྱས། རྒྱལ་འབངས་ལམ་ལུགས་ཀྱི་དུས་རབས་གཞི་ཚུགས་པ་ནས་བྲན་གཡོག་གྲལ་རིམ་རང་བཞིན་གྱི་ངོ་གདོང་ཚད་ངེས་ཅན་དུ་བསླེབས། བྲན་གཤིས་རང་བཞིན་གྱི་བསམ་བློའི་འདུ་ཤེས་དེས་རང་རྒྱུད་ཀྱི་བློ་གྲོས་དང་། སྤོབས་པ། སྙིང་སྟོབས། རང་རྒྱལ་སོགས་ཀྱི་སེམས་བྱུང་ལ་བཙན་གནོན་བཤུ་གཞོག་བགྱིས་ཏེ། ཉམ་ཆུང་ནུས་ཞན་གྱི་མགོ་བོ་བྲང་ནས་དགྱེར་མ་བཅུག མི་ལོར་སྟོང་ཕྲག་མང་པོར་གུས་གུས་ཞུམ་ཞུམ་ངང་བྲན་གཤིས་ལ་སེམས་པ་གླན་དགོས་བྱུང་། ད་དུང་ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེར་དམག་ཤུགས་དང་ཆོས་ཤུགས་ག་གེ་མོའི་དབང་སྒྱུར་གྱིས་བྲན་གཡོག་གི་ལས་དབང་ལ་ཉིན་རེ་ནས་ཉིན་རེར་སྡང་ཟུག་དང་བརྙས་བཅོས། ཁྱད་གསོོད། མནར་གཅོད་བཏང་བའི་བཞུར་རྒྱུན་མཚམས་ཆད་མ་བཅུག། རླབས་ཤུགས་ཀྱང་མཐོ་ནས་མཐོ་རུ་བཏེགས་པས་རྒྱལ་འབངས་ཞེས་པའི་ཐ་སྙད་གོ་དོན་ཀྱང་བདེ་སྡུག་རང་བཞིན་ཅན་དུ་གྱུར། བཙན་གཉོམ་དང་། མཐོ་དམའ། དབུལ་ཕྱུག དཔོན་གཡོག་སྟེ་བཙན་དང་མཐོ། ཕྱུག དཔོན་སོགས་ནི་བདེ་སྐྱིད་ཡིན་ལ། གཉོམ་དང་དམའ། དབུལ། བྲན་སོགས་ནི་སྡུག་བསྔལ་ཁོ་ན་རེད། གལ་སྲིད་བྲན་གྱི་སྡུག་བསྔལ་འདི་དག་གཞི་མེད་དུ་སོང་ཚེ། དཔོན་གྱི་བདེ་སྐྱིད་ཀྱང་དེ་ག་ནས་བརླག་ངེས་པ་དང་མཚུངས། ཆ་མི་སྙོམས་པའི་འཚོ་བ་དྲན་སྐུལ་ ཉིན་ཞིག་བྲན་གཤིས་ཅན་གྱི་མི་ཚོགས་ལ་རང་དབང་གི་རིག་པ་རྙེད། འདྲ་མཉམ་གྱི་གོ་རྟོགས་སད། མི་བུའི་ཐོབ་ཐང་གི་འདུ་ཤེས་འཁྲུངས། གསར་བརྗེའི་སེམས་ཤུགས་རྒྱས་ཏེ་རང་གཅེས། རང་བདག རང་རྒྱལ་ཆེད་རང་དབང་འཐབ་རྩོད་ལས་འགུལ་གྱི་རླབས་ཕྲེང་དྲག་པོས་སྐྱུག་བྲོ་བ་དང་སྐྱི་གཡའ་བའི་རྒྱལ་འབངས་གྲལ་རིམ་ལམ་ལུགས་ཀྱི་རྨང་རྟིང་རྩད་ནས་བསློགས་ཏེ། རང་དབང་། འདྲ་མཉམ། དམངས་གཙོ་སོགས་ཀྱི་མཛད་སྒོ་ཆེན་མོ་དབུ་འབྱེད་བགྱིས། དུས་འདི་ནི་མི་ལ་མིའི་རིན་ཐང་རྙེད་པའི་ཉིན་མོ་རེད། དུས་དེ་ནས་བཟུང་ཡོངས་ཁྱབ་རིན་ཐང་ལྡན་པའི་རིག་གནས་ལ་རིན་ཐང་རྙེད་པའི་ལོ་རྒྱུས་ཀྱི་རྐང་རྗེས་དམར་པོ་ས་གཞི་ལ་བརྐོས་པ་རེད། ཅི་འདྲའི་དགའ་འོས་པ་ཞིག་ཨང་། ངས་ལོ་རྒྱུས་ཀྱི་དུས་རབས་གང་ཞིག་རོ་ལངས་བྱེད་སྲིད་པའི་དོགས་སློང་མིན་མོད། བསམ་གཞིགས་བྱེད་སྟངས་ཤིག་གིས་ང་བྲན་དང་གཡོག་ཅེས་པའི་ཐ་སྙད་ལ་ཞེན་པ་གཏིང་ནས་ལོག་སོང་། དཔལ་འབྱོར་བྲན་གཡོག་དུས་རབས་སུ་འགྱུར་ཀྱིན་པའི་ད་ལྟ་བ་འདི་ལ་བློ་འཚབ་ཁོང་ནས་སྐྱེས་སོང་། ཆ་སྙོམས་དང་སྤྱི་སྙོམས། བཏང་སྙོམས་སོགས་ཀྱི་མ་འོངས་པ་ལ་སྨོན་པ་སྙིང་ནས་ཐལ་འགྲོ། བློ་འཚབ་དང་ཞེན་ལོག སྨོན་པ་འདི་ནི་ང་ལ་མཚོན་ན་རང་དབང་རང་བཙན་དང་། འདྲ་མཉམ་དོ་མཉམ། སྤྱི་སྙོམས་དྲང་བཞག འགྲོ་མིའི་ཐོབ་ཐང་སོགས་ཀྱི་རྟོགས་སད་ཡིན་ལ་དམ་བཅའ་འང་ཅི་ལ་མིན།
དུས་རབས་ཉེར་གཅིག་པའི་དེང་རབས་སྤྱི་ཚོགས་འཚོ་བའི་མཐར་ཐུག་དང་དགོས་མཁོའི་འདུན་མ་ནི་འཆར་ཡན་བསམ་བློའི་རོལ་རྩེད་ཅིག་རེད། རོལ་རྩེད་དེ་ཁྲོམ་རའི་དཔལ་འབྱོར་གྱི་དཀྱིལ་སྙིང་དུ་ཞུགས་ཞིང་། སྒོར་མོའི་འཛའ་ཐང་གི་ངོ་བོར་བསྡུས། དཔལ་འབྱོར་ལ་ཁྱད་ནུས་རླབས་ཆེན་སྐྲུན་པའི་མིག་རྒྱང་བསླུ་བྲིད་ཀྱིས་རང་ཉིད་རང་མགོན་དུ་འགྱུར་བའི་ཕུགས་བསམ་ནི་དཔལ་འབྱོར་ངོ་བོར་བསྒྱུར། འགྲོ་མིའི་འཚོ་སྡོད་མཐར་ཐུག་ནི་དཔལ་འབྱོར་འགྲན་རྩོད་ལམ་ལུགས་དང་འདྲེས་ནས་ཁ་ཕྱི་ལྟོས་ཀྱི་གཞན་དབང་དུ་ཤོར་། ནམ་ཡང་ཁ་ནང་ལྟོས་ཀྱི་རང་དབང་དགོས་མཁོ་དང་མཐར་ཐུག་ཡང་དག་གི་ངོར་འགུགས་མ་ཐུབ་པར་ལུས། དཔལ་འབྱོར་ལ་རྗེ་དཔོན་རྒྱལ་གསུམ་གྱི་གོ་ཐོབ་བསྩལ། དཔལ་འབྱོར་ནི་ཡོད་ཚད་ཀྱི་དཀོན་མཆོག་ཏུ་བཀུར་ཏེ་རང་ཉིད་ཀྱི་ཕུགས་བསམ་གང་ཞིག་ཡིན་པ་དང་། རང་ཉིད་ཀྱི་གཏན་བདེ་ཅི་ཞིག་ཡིན་པ། རང་ཉིད་ཀྱིས་དོན་དངོས་སུ་ཅི་ཞིག་འཚོལ་གྱིན་ཡོད་པ་སོགས་རབ་རིབ་སབ་སིབ་ཏུ་གྱུར། རང་ཉིད་དཔལ་འབྱོར་བྲན་གཡོག་དང་ངག་གཞུགས་པ་རྣལ་མ་ཞིག་གི་གོ་སར་ལྷག ད་དུང་ནོར་འཛོལ་གྱི་མཚན་མ་ཤིན་ཏུ་ལྐོག་གྱུར་ལ་བྱིངས་བས་མུ་ནས་མུ་མཐུད་དེ་དཔལ་འབྱོར་བྲན་གཡོག་གི་མི་ལུས་བརྗེ་བསྒྱུར་བྱེད་པའི་རྟོགས་པ་རྙེད་མི་འདུག སྦྱོར་བ་དེ་བས་ཀྱང་རྩོམ་ག་ལ་སྲིད། ཅི་འདྲའི་ཡིད་ཕངས་པ་ཤིག་ཨང་།
ནམ་རྒྱུན་འགྲོ་མིས་རང་ལ་འུར་བསྟོད་དང་། ངོ་བསྟོད་རྐྱང་རྐྱང་གིས་རང་ཉིད་ལ་བདེན་ཁ་སྤྲད་དེ། རང་ཉིད་སྲོག་ཆགས་གཞན་དང་ཞིབ་བསྡུར་ཟོལ་གྱིས“ཆེས་མཐོའི་སྲོག་ཆགས”ཞེས་པའི་མིང་གིས་མངོན་པར་བརྗོད་ཅིང་། སའི་གོ་ལ་དབང་སྒྱུར་མཁན་གྱི་ང་རྒྱལ་རི་ལས་ཆེ་བ་ཞིག་བསྣམས་ཡོད། དགོད་བྲོ་བ་ཞིག་ལ། མིས་འཇིག་རྟེན་ཀྱི་ཡོད་ཚད་ཕར་དབང་སྒྱུར་བ་ལས་ལྡོག་ཏེ། སྒོར་མོའི་འཛའ་ཐང་གིས་ཚུར་དབང་སྒྱུར་ཡོད། དེང་སང་སྒོར་མོ་ལ“ཀུན་དགའ་དོན་འགྲུབ”ཟེར་བ་དང་། “ཡོད་ཚད་སྒོར་མོ་ལ་ཐུག་ཡོད”ཅེས་པ། དེང་གི་དུས་ནི“དཔལ་འབྱོར་དུས་རབས”ཞེས་པ་སོགས་སྒོར་མོའི་རྩིས་ཐང་མཚོན་པའི་བརྡ་རྟགས་རེ་རེ་རེད་ལ་འདུ་ཤེས་རེ་རེའང་རེད། གནམ་ས་བླ་འོག་སྒྱུར་ཐུབ་པའི་སྟོབས་ཤུགས་ནི་ཨ་རི་བར་ཡོད་ཅེས་ཨ་རི་བ་ནི་དམིགས་དཔེར་འོས་པའི་སྔོན་ཐོན་རྒྱལ་ཁབ་ཏུ་ངོས་འཛིན་དང་། དམིགས་དཔེར་མ་བཟུང་བའི་རྒྱལ་ཁབ་དང་མི་རིགས་ཧ་ཅང་དཀོན། དེའང་མཐར་གཏུགས་ནས་བཤད་ན། ཨ་རི་བའི་སྒོར་མོའི་འཛའ་ཐང་གི་བྲན་གཡོག་ཏུ་གྱུར་བ་ལས་ཨ་རི་བའི་བྲན་གཡོག་མིན། ཨ་རི་བའི་ལག་ན་སྒྲོ་ལོ་སྔོན་པོའི་འཛའ་ཐང་མེད་ཚེ་ཁྱེད་ཅག་གིས་ནམ་ཡང་བཀུར་མི་སྲིད། ཨ་རི་བས་ཀྱང་སྒྲོ་ལོ་སྔོན་པོའི་འཛའ་ཐང་ལ་དབང་སྒྱུར་ཤེད་སྟོབས་ཀྱི་རིན་ཐང་བསྐྲུན་མ་ཐུབ་ན་ནམ་ཡང་སའི་གོ་ལའི་མགོ་ཐོག་ནས་འཕུར་མི་ཐུབ། ངས་འདི་ནས་འགྲོ་བ་མི་ནི་དཔལ་འབྱོར་གྱི་བྲན་གཡོག་ཏུ་གྱུར་བས་ན་རང་ཉིད་ཀྱི་མཐར་ཐུག་འཕྱུགས་སོང་བ་རེད། རང་ཉིད་ཀྱི་རིན་ཐང་བརླགས་སོང་པ་རེད་ཅེས་བརྗོད་ན་འདོད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་ངེས་ན། འུ་ཚོའི་འཚོ་སྡོད་ཀྱི་མཐར་ཐུག་དང་། དགོས་མཁོའི་དཀྱིལ་སྙིང་། མི་སྐྱེས་རིན་ཐང་། ཆེས་མཐོའི་སྲོག་ཆགས་ཀྱི་ཁྱད་ཆོས། ལྟ་བ་དང་ལམ་ལུགས། ཀུན་སྤྱོད་དང་སྒྲིག་ཁྲིམས་སོགས་གཏན་གྱི་བདེ་སྐྱིད་གཅིག་གི་ངོ་བོར་བསྟིམ་དགོས། གཏན་བདེ་ལས་ལོག་པའི་འཆར་ཡན་བསམ་བློའི་རོལ་རྩེད་ཀྱི་བདེ་སྐྱིད་ནི་བསླུ་བྲིད་གཅིག་གི་བསྡུས་གཟུགས་ཡིན། མིའི་མཐར་ཐུག་མིན་ལ། འཚོ་བའི་སྙིང་བོ་དེ་བས་ཀྱང་ག་ལ་ཡིན་སྲིད། དེར་བརྟེན་རང་ཉིད་རང་གི་མགོན་ཏུ་འགྱུར་དགོས་པ་ལས་སུ་ཞིག་དང་། གང་ཞིག་གི་བྲན་དང་གཡོག་གི་ལས་དབང་ལ་ཅིས་ཀྱང་མགོ་བོ་སྒུར་མི་ཆོག དེ་ནི་རིག་གནས་གང་གི་ཡང་སྙིང་དང་། མི་བུའི་ཐོབ་ཐང་། རང་དབང་གི་རང་བཞིན། བདེ་སྐྱིད་ཀྱི་མ་རྩ། རྒྱུ་འབྲས་ཀྱི་བློ་མིག གནས་ལུགས་ཀྱི་གོང་བུ་ཡིན་པས་སྤང་བླང་སོ་མཚམས་འཁྲུལ་མི་ཉེན་པ་བདེན་པ་བརྒྱ་བརྩེགས་ཀྱི་སྙིང་བོའོ།