རྔ་བ་རྒྱལ་ཁམས་པ།
————
སྤྱི་ལོ་སྔོན། 427—347
མཁས་པའི་དབང་བོ་སྐུ་ཞབས་ཕི་ལ་ཁྲོས་མཆོག་ནི། བདག་ཉིད་ཆེན་པོ་ས་ཁུར་ཁྲེ་སི་མཆོག་གི་སློབ་མའི་གཙོ་བོ་ཞིག་ཡིན་ལ། ཁོང་ཨ་ཐེན་གྲོང་ཁྱེར་གྱི་སྐུ་དྲག་ཆེན་པོ་ཞིག་རྒྱུད་དུ་སྐུ་འཁྲུངས་ཤིང་། ཡབ་གཞིས་ཀྱི་གནས་སྟངས་ལས་དཔོན་གྱི་གོ་གནས་ཤིག་ལས་སླ་བོར་རག་ཐུབ་པར་ཐེ་ཚོམ་མི་འདུག་མོད། སྐེ་གཅོད་སྣ་བྲེག་དང་། དཔྱངས་འདོག་གསོན་དུར་སོགས་སྐབས་དེའི་ཆབ་སྲིད་ཀྱི་གདུག་རྩུབ་ལག་ལེན་དེར། སྐྱོ་ཤས་ཞེན་ལོག་ངེས་འབྱུང་ངང་གིས་སྐྱེས་ཏེ། དཔོན་གནས་གང་ཡང་ཐུགས་གཉེར་གནང་མི་འདུག་ཅིང་། ཁོང་གིས་སྲིད་གཞུང་བཟང་བོ་ཞིག་གིས། མི་ཡ་རབས་སྐུ་ཞབས་ས་ཁུར་ཁྲེ་སི་ལྟ་བུ་སྐུ་སྲོག་བཀྲོངས་པ་ནི། རྒྱལ་འབངས་གཉིས་ཆར་ཕན་ཉེས་དང་། གྱོང་གུད་ཆེན་པོ་ཞིག་ཡིན་པར་ཡང་ཡང་དྲན་སྐུལ་གནང་ཞིང་། དགུ་རིག་ཨ་ཐེན་གྱི་གྲོང་ཁྱེར་ནང་། ཤེས་འཇོན་གཉིས་ལྟན་གྱི་དཔོན་རིགས་བཟང་བོ་ཞིག། ཉིན་སྐར་ལྟ་བུར་གྱུར་པ་གཟིགས་ནས། སྐབས་དེའི་སྤྱི་ཚོགས་ཀྱི་སྲོལ་ཀ་་ངན་གྲས་མཐའ་དག བཅོས་བསྒྱུར་གཏོང་རྒྱུའི་ཐུགས་དམ་རྒྱ་ཆེར་བཞེས་ཏེ། རང་ཉིད་སྐུ་སྒེར་ནས་སློབ་གྲ་ཞིག་ཆེད་གཉེར་འཛུགས་སྐྲུན་གནང་། དེ་ནས་བཟུང་ཁོང་གི་སློབ་ཁྲིད་ཀྱི་སྙིང་བོ་དེ་༼ཕུན་སུམ་ཚོགས་པའི་འཛམ་གླིང་ཞིག་ཡོད་དམ༽ཞེས་པའི་དྲི་བ་གནད་ཅན་འདི་ཉིད་ཀྱི་ཕྱོགས་སུ་གཞོལ་འདུག་པར་མངོན་ནོ།། སྐུ་ཞབས་ཕི་ལ་ཁྲོས་མཆོག་གིས་རང་གི་དགེ་རྒན་ས་ཁུར་ཁྲེ་སི་མཆོག་གི་ཞལ་རྒྱུན་ཚང་མ་ཉིན་ཐོ་ལྟར་ཟིན་བྲིས་བརྗེད་བྱང་དུ་བཏབ་ཅིང་། དོན་གནད་གང་ཞིག་ཐག་གཅོད་གནང་རུང་རང་གི་སློབ་དཔོན་གྱི་ཞལ་ཏ་ལྟར། མི་གཉིས་དང་ལྷན་དུ་གྲོས་བསྡུར་བགྲོ་གླེང་བྱེད་པ་དང་། བགྲོ་གླེང་སྐབས་ས་ཁུར་ཁྲེ་སི་མཆོག་གི་དགོངས་པ་གཞི་ལ་བཞག་སྟེ། བརྒལ་བརྟག་བྱེད་པ་རང་ལུགས་རྩོད་གྲའི་འགྲོས་དང་ཕྱོགས་མཚུངས་ལྟ་བུ་ཞིག་ཡིན་པར་སྣང་ལ། ཁོང་གིས་མཚན་ཉིད་རིག་པའི་སྐོར་གྱི་དཔྱད་གཏམ་དང་། བགྲོ་གླེང་མང་བོ་ཞིག་རྩོམ་བྲིས་གནང་བར་ཀློག་མཁན་མང་བོའི་དགའ་བསུ་ཆེན་པོ་ཐོབ་སྟབས། གཞུང་ལུགས་མུ་མཐུད་རྩོམ་བྲིས་འགྲེམས་སྤེལ་གྱི་ཐུགས་སྟོབས་དང་། འབད་བརྩོན་ཆུ་རྒྱུན་བཞིན་དུ་བསྟེན་ཅིང་། ཁོང་གི་ལྟ་གྲུབ་ཀྱི་ཁུངས་དེ་བདག་ཆེན་ས་ཁུར་ཁྲེ་སི་མཆོག་ལ་གཏུགས་ཡོད་པས། རང་ཉིད་ཀྱི་ལྟ་བ་གསར་བཞེངས་གནང་རྗེས་ཀྱང་དགེ་སློབ་དེ་གཉིས་ཀྱི་ལྟ་བའི་བཞེད་མཚམས་དངོས་སོ་སོར་འབྱེད་དཀའ་བར་གྲགས་ལ། སྐུ་ཞབས་ས་ཁུར་ཁྲེ་སི་མཆོག་གིས་དགོངས་པ་ནི། སྣང་ཡུལ་ལས་མཐོང་ཡུལ་མ་ཡིན་པའི་སེམས་ཀྱི་བྱེ་བྲག་ཤེས་རབ་དང་། དྲང་བདེན་གྱི་ཀུན་སློང་། ཆོག་ཤེས་སོགས་ཀྱི་འཕོ་འགྱུར་བྲལ་བའི་བདེན་དོན་མངོན་དུ་འགྱུར་རྒྱུ་དེ་ཡིན་ལ། སྐུ་ཞབས་ཕི་ལ་ཁྲོས་ནི་དེ་ལས་གོམ་གཅིག་མདུན་བགྲོད་ལྟ་བུས། ཆོས་ཐམས་ཅད་ཀྱི་ཕ་རོལ་ན་འཕོ་འགྱུར་བྲལ་བའི་དོན་དམ་གྱི་བདེན་པ་ཞིག་ཡོད་པར་འདོད་པ་སྟེ། དཔེར་ན། རྟ་ལ་རིགས་རྒྱུད་མང་དུ་ཡོད་མོད། དེ་དག་ཀུན་ལ་སྐྱེ་འཆི་མེད་ཅིང་ངེས་གཏན་ཡོད་པའི་རྟའི་རང་བཞིན་རེ་ཡོད་པར་བཞེད་པ་ལྟར། སེམས་ལྡན་སེམས་མེད་ཀྱི་ཆོས་གང་ལའང་སྐྱེ་འཇིག་བྲལ་ཞིང་། ལྟོས་མེད་ཕུན་ཚོགས་ཀྱི་རང་བཞིན་ལྷུན་གྲུབ་ཏུ་ཡོད་པར་འདོད་པ་སྟེ། མདོར་ན། འཇིག་རྟེན་འདིའི་ཕ་རོལ་ན་འཇིག་རྟེན་འདི་ཉིད་ཀྱི་དཔེ་གཞིར་གྱུར་བའི་འཇིག་རྟེན་གཞན་པ། སྐྱེ་འཇིག་དང་འཕོ་འགྱུར་བྲལ་ཞིང་། གཞན་ལ་ལྟོས་མེད་ཀྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པར་འདོད་པ་དེ་ཡིན། ལྟ་ཚུལ་འདི་ཁོང་གི་སློབ་དཔོན་ས་ཁུར་ཁྲེ་སི་མཆོག་གི་བདེན་པ་འཚོལ་བའི་དགོངས་པ་གཞི་ལ་བཞག་ནས་བཤད་པ་ཞིག་ཡིན་མོད། ཕི་ལ་ཁྲོས་མཆོག་གིས་བདེན་པའི་གནས་ལུགས་ཞེས་པ་ཆོས་ཐམས་ཅད་ཀྱི་སྟེང་དུ་ཡོད་པ་ཞིག་ཡིན་པར་ཞལ་གྱིས་བཞེས་པའི་ཆ་ནས། ཁོང་གི་ལྟ་བ་དེ་རང་གི་སློབ་དཔོན་ལ་ལྟོས་ན་ཁྱབ་ཧ་ཅང་ཆེ་བར་གྱུར་པ་ཡིན། ཡང་ཁོང་གིས་ཆོས་ཐམས་ཅད་ལ༼་གཟུགས་བརྙན་༽གྱི་མིང་བསྙད་ཚུལ་ལ་གཞིགས་ན། རང་ཅག་གི་སྣང་ཡུལ་དུ་གྱུར་པའི་ཆོས་འདི་དག་གཟུགས་བརྙན་ལས་གཟུགས་དངོས་མ་ཡིན་ཞིང་། གཟུགས་དངོས་ནི་ཆོས་འདི་དག་གི་དཔེ་གཞིའི་རྟག་བརྟན་གྱི་བདེན་པ་དེར་འཇོག་གི་ཡོད་པ་ཚོད་གིས་ཐུག་སླ། དེ་བཞིན་ཁོང་གིས་འཇིག་རྟེན་འདི་མི་རྟག་གྲིབ་མ་ཙམ་ལས་བདེན་པའི་འཇིག་རྟེན་དངོས་མ་ཡིན་ལ། ང་ཚོ་ཚང་མས་གྲིབ་མ་ཙམ་གྱི་འཇིག་རྟེན་འདི་བདེན་པར་བཟུང་བའི་ཉེར་ལེན་ལས། བཙོན་ཁང་ཞིག་ན་ཚུད་པའི་བཙོན་མ་ནང་བཞིན་བདེན་འཛིན་དེས་བཅིངས་ནས་དཀའ་སྡུག་སྣ་ཚོགས་མྱོང་བཞིན་ཡོད་པར་གསུངས་ཤིང་། གནས་ལུགས་དེ་དག་མི་མང་ལ་ངོ་སྤྲོད་བྱས་ཏེ། ཕུན་སུམ་ཚོགས་པའི་འཇིག་རྟེན་ངོ་མ་དེར་བགྲོད་ཐབས་རོགས་སྐྱོར་བྱ་རྒྱུ་ནི། མཚན་ཉིད་པ་རྣམས་ལ་དམིགས་བསལ་ཁུར་དུ་འཁྲི་བའི་ལས་འགན་གལ་ཆེན་ཞིག་ཡིན་པར་ནན་འདོམས་བྱས་ཡོད་པ་དང་། རྟོག་གེ་བ་ཁ་ཅིག་གིས། མི་གཉིས་བར་གྱི་བརྩེ་བ་ནི་ཐིག་ལེ་ཟླུམ་པོ་ཞིག་ཕྱེད་གཏུབ་བྱས་པ་དང་འདྲ་ཞིང་། མི་རང་རང་གིས་ཆ་ཤས་རྫོགས་པའི་བརྩེ་བའི་གོར་ཐིག་གཞན་དང་གཞན་ཡང་བསྐྱར་བཟོ་སྐྲུན་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་པར། ཁོང་གིས་དགག་པ་མཛད་ནས་བརྩེ་བ་ཞེས་པ་ཕྱི་དོན་འཇིག་རྟེན་གྱི་ཆོས་ཤིག་མིན་པར། དེ་ནི་སེམས་ལས་བྱུང་བ་ཞིག་ལས་གཟུགས་པོ་ནས་བྱུང་བ་ཞིག་གཏན་ནས་མ་ཡིན་པ་དང་། སེམས་སམ་བླ་སྲོག་གཉིས་ཀ་ ང་ཚོའི་ལུས་ཀྱི་ཕྱི་ནང་མང་བོ་ཞིག་ཏུ་གནས་ཤིང་བརྒྱུད་མྱོང་ཡོད་པར་གསུངས། ཕི་ལ་ཁྲོས་མཆོག་གི་ཆེས་སྙན་གྲགས་ཆེ་ཤོས་ཀྱི་བསམ་བློའི་དགོངས་བརྙན་གཞན་ཞིག་ནི། འགྲོ་བ་མིའི་སྤྱི་ཚོགས་ཀྱི་གནས་རིམ་ཐད་དབྱེ་འབྱེད་བྱས་པའི་བསམ་བློའི་ལྟ་བ་དེ་རེད། ཁོང་གིས་བརྩམས་པའི་གཞུང་ལུགས་མཚན་བྱང་དུ༼མི་སེར་རང་ལུགས༽ཞེས་འབོད་པ་ནི། ད་ལྟའི་ཆར་ཡང་མི་མང་བོས་ལྟ་ྐློག་སློབ་སྦྱོང་བྱེད་བཞིན་ཡོད། ཁོང་གིས་དཔེ་གཞུང་དེར་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་དང་། རང་བཞིན་ཐོག་གཟིགས་རྟོགས་དང་ཉམས་ཞིབ་གཏིང་ཟབ་གནང་སྟེ། མི་རིགས་ཚང་མ་གཞི་རྩའི་གནས་སྟངས་ཀྱི་ཆ་ནས། ལི་མདོག དངུལ། གསེར་བཅས་སྡེ་ཚན་གསུམ་གྱི་ནང་འགྲེལ་བརྗོད་དབྱེ་བསྡུས་མཛད་འདུག དེ་ནི་རྒྱ་གར་གྱི་རིགས་བཞིའི་སྲོལ་ཀ་་དང་ཕལ་ཆེར་འདྲ་སྣང་ཤར། མིའི་ཁ་མདོག་གི་ཆ་ནས་དེ་ཙམ་བརྗིད་མི་ཆེ་ལ། དོ་གལ་ཆེ་བའི་གོ་གནས་འཛིན་སྐྱོང་གི་འཁོས་ཀ་ཆུང་ངུའི་རིགས་ལ། མི་རིགས་ལིའི་བླ་སྲོག་དང་ལྡན་པ་ཞེས་བརྗོད་ལ། མི་རིགས་དེ་ལྟ་བུ་ལུས་ཀྱི་ལྷུ་ལག་དར་སྐྱེད་བྱུང་མཚམས། ཞིང་འབྲོག་གི་ལས་ལ་དབང་བར་བཤད་ཅིང་། ཕི་ལ་ཁྲོས་མཆོག་གིས་གནས་རིམ་དེ་འདྲ་བ་ལ༼དཀྱུས་མའི་མི་རིགས༽ཅེས་པའི་མིང་བྱང་བཏགས་ཡོད། ཡང་། ཡོན་ཏན་ཁ་ཤས་ལ་དབང་འབྱོར་ཞིང་། ཅུང་ཟད་དོ་གལ་ཆེ་བའི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་སྒྲུབ་པར་འཇོན་ཐང་མི་དམན་པ་ཡོད་པའི་རིགས་ལ་ནི། མི་རིགས་དངུལ་གྱི་བླ་སྲོག་དང་ལྡན་པ་ཞེས་བརྗོད་ལ། དེ་དག་ནི་མངའ་སྡེ་སྲུང་སྐྱོབ་བྱེད་པའི་སྐོར་སྲུང་དམག་མིའི་ལས་ལ་དབང་ཞིང་། ཕི་ལ་ཁྲོས་མཆོག་གིས་མི་རིགས་དེ་ལྟ་བུ་ལ༼དམག་མི༽ཞེས་འབོད་དོ།། དེ་གཉིས་ཀྱི་གོང་ན་ཡོད་པ་ནི། གསེར་གྱི་བླ་སྲོག་ཅན་རྣམས་ཡིན་ལ། རྣོ་མྱུར་གྱི་བློ་གྲོས་རྒྱས་ཤིང་། ཡོན་ཏན་གྱི་ཚད་ལོངས་པའི་མི་རིགས་ཏེ། དེ་དག་ནི་མཚན་ཉིད་ཀྱི་རིག་པ་སྨྲ་མཁན་དང་། སྤྱི་ཚོགས་ཀྱི་ལམ་མཁན་ལྟ་བུའི་དབུ་ཁྲིད་ཀྱི་ལས་ལ་དབང་ཞིང་། ཕི་ལ་ཁྲོས་མཆོག་གིས་གནས་རིམ་མཐོ་ཤོས་འདི་ལ༼ལྟ་རྟོགས་བྱེད་པོ༽ཞེས་བརྗོད་ཅིང་། མཚན་ཉིད་པ་དེ་འདྲ་བ་དག་ལ་ལེགས་ཉེས་རྣམ་འབྱེད་ཀྱི་བློ་གྲོས་ཡོད་སྟབས། རྒྱུན་མཚན་དང་མི་ལྡན་པའམ། གནས་ལུགས་དང་མི་མཐུན་པའི་བྱ་བཞག་ནང་འཇུག་པ་ཤས་ཆུང་བས། རྒྱལ་ཁབ་ཞིག་གམ། མངའ་སྡེ་ལྟ་བུའི་སྲིད་གཞུང་གི་ཆབ་སྲིད་འཛིན་སྐྱོང་གི་དབང་ནུས་སམ། ལས་འགན་གྱི་རྐང་དེ་མཚན་ཉིད་པ་རྣམས་ཀྱི་ཕྱག་ཏུ་རྒྱུན་གཏན་གནས་ཐུབ་པ་ཞིག་པྱུང་ན། དགེ་ཕན་ཆེན་པོ་ཡོད་སྐོར་ཡང་ཡང་རྩོད་སྒྲུབ་ཞུས་ཡོད། ཁོང་གིས་བསམ་བློས་དགོངས་བཞེངས་མཛད་པའི་སྤྱི་ཚོགས་ཀྱི་བཀོད་དབྱིབས་དེ་ལྟ་བུ་ནི། འགྲོ་བ་མི་རང་རང་གི་ཤེས་འཇོན་དང་། འཁོས་ཀར་དཔགས་པའི་གྲལ་རིམ་གྱི་སྤྱི་ཚོགས་ཤིག་སྟེ། ཞིང་བ་ཞིག་གིས་མངའ་སྡེའི་དབང་ཆ་འཛིན་པ་དང་། མཚན་ཉིད་པ་ཞིག་གིས་ཞིང་ལས་པྱེད་པ་མི་འོས་པ་ཞིག་ཡིན་པར་འདོད་པ་ལྟ་བུ་དེ་ཡིན་ལ། དེ་ལྟ་བུའི་དགོངས་བཞེངས་ཀྱི་སྤྱི་ཚོགས་དེའི་བརྟན་བརླིང་གི་དཀའ་རྙོག་ཆེ་ཤོས་ཤིག་ཀྱང་། དབུལ་ཕྱུག་ཆ་མི་སྙོམས་པ་དེ་ཡིན་སྟབས། སྒེར་གྱི་འབྱོར་ལྡན་གྲལ་རིམ་དེ་སྣུབ་པའམ་མེད་པར་བཟོས་ཐོག སྤྱི་ཚོགས་ཀྱི་དཔལ་འབྱོར་ཆ་སྙོམས་ཡོངས་ཐབས་བྱེད་དགོས་པ་དང་། རྒྱལ་ཁབ་བམ་སྲིད་གཞུང་དེ། རང་ཁྱིམ་ལས་གལ་ཆེར་བརྩི་སྲུང་འབྱུང་ཐབས། ཕྲུ་གུ་ཚང་མ་སྐྱེ་ཐོག་ནས་བླངས་ཏེ་དེ་དག་གི་ཕ་མ་ངོ་མ་དེ་སུ་གང་ཡིན་དུས་ནམ་ཡང་ཤེས་མི་འཇུག་པའི་ཐབས་ལམ་ལ་བརྟེན་ནས། མི་ཚང་མ་རང་ཉིད་ཀྱི་ཕ་མ་སྤུན་མཆེད་དུ་མཐོང་བའི་འདུ་ཤེས་སྐྱེ་ཐབས་ལ་སྒོ་ཀུན་ནས་ཧུར་འབད་དགོས་པ་དང་། ཕྲུ་གུ་ཚང་མ་རྒྱལ་ཁབ་བམ་མངའ་སྡེ་གཞུང་ནས་གསོ་སྐྱོང་སྐྱེད་སྲིང་བྱེད་དགོས་པ། མི་མང་རྣམས་ཀྱི་གཉེན་སྒྲིག་གི་མདུན་ལམ་ཡང་། སྲིད་གཞུང་གི་དབང་འཛིན་པའི་ངོས་ནས་འདེམས་སྒྲིག་ཐག་གཅོད་བྱེད་དགོས་པ་སོགས། མདོར་ན། ཕུ་ལ་ཁྲོས་མཆོག་གིས་དགོངས་བཞེངས་མཛད་པའི་༼ཕུན་སུན་ཚོགས་པའི་སྤྱི་ཚོགས༽ཀྱིས། འཛམ་གླིང་གི་ཆབ་སྲིད་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད། ཤུགས་རྐྱེན་ཧ་ཅང་གི་ཆེན་པོ་ཞིག་ཐེབས་འདུག་ལ། ཁོང་གི་བརྩམས་ཆོས་༼སྤྱི་མཐུན་རྒྱལ་ཁབ༽ཅེས་པའི་དཔེ་གཞུང་དེ་བཞིན་ད་ལྟའི་ཆར་ཡང་ལྟ་ྐློག་སློབ་སྦྱོང་བྱེད་མཁན་ཤིན་ཏུ་མང་བར་སྣང་ངོ་།།
གལ་སྲིད་སོ་ཁུར་ཁྲེ་ཟི་ལྷ་ཞིག་ཡིན་ན་ཕུ་ལ་ཁྲོ་མར་འཇིག་རྟེན་མི་ཡུལ་ལ་ལྷ་དེའི་བཀའ་ལུང་སྒྲོགས་མཁན་གྱི་ལྷའི་ཕོ་ཉ་ཡིན་པ་རེད།
ས྄ྤྱིར་ནུབ་ཕྱོགས་མཚན་ཉིད་རིག་པའི་ཡབ་ཆེན་སོཁིར་ཏིས་དགེ་ས྄ློབ་ཚོའི་ལོ་ར྄ྒྱུས་དང་བར྄ཙམས་ཆོས་སོགས་ངོ་ས྄ྤྲོད་བྱས་པ་སོགས་ཡིག་རིགས་གཞན་དུ་གང་མང་ཡོད་ཀྱང༌། རང་རེའི་བོད་ཡིག་ཧ་ཅང་ཉུང་ཉུང་ལས་མི་ས྄ྣང་བས། ཐེངས་འདིར་ར྄ྔ་བ་ར྄ྒྱལ་ཁམས་པས་རང་རེའི་ཕ་ས྄ྐད་ས྄ྟེང་བས྄ྒྱུར་གནང་བར་ས྄ྙིང་ནས་ཐུགས་ར྄ྗེ་ཆེ་ཞུ་ཞུ།
ཕི་ལ་ཁྲོས་ཟེར་ན་ཨམ་སྐད་རེད་དམ། རྔ་བ་ཆོས་གྲགས་ལགས།
ཤེས་རབ་ཅན་རྣམས་ནི། རང་ཉིད་ཀྱི་བསམ་སྤྱོད་གང་ཡང་རང་ཉིད་ཀྱི་གཞིགས་ལས་བྱུང་བ་ལས། དུས་རྒྱུན་གཞན་རྗེས་འབྲང་བ་ཞིག་མིན་སྟབས། ཤེས་རབ་ཀྱི་བདག་ཉིད་ཆེན་པོར་གྱུར་པའི་སྐྱེས་བུ་དེ་དག་ནམ་ཡང། འཇིག་རྟེན་འདིར་འོད་སྣང་སྐྲུན་མཁན་དང། ལམ་སྣེ་གསར་པ་ཞིག་གི་མཛྷཛུབ་སྟོན་གནང་མཁན་ཡིན་སྟབས། དཀའ་སྡུག་ཀྱང་གཞན་ལས་ལྷག་པ་མྱོང་དགོས་པ་ཡིན། དེར་བརྟེན་འཇིག་རྟེན་འདིའི་ཤར་ནུབ་ལྟོས་མེད་ཀྱི་རླབས་ཆེན་གྱི་གསར་བཏོད་པ་དང་མཁས་དབང་ཚང་མར་སྐབས་ཐོག་སྤྱི་ཚོགས་ཀྱི་གནོད་ཤུགས་མི་མེད་དུ་སྤྲད་པ་དེ་ནི། འཛམ་གླིང་འདིའི་སྐྱོ་གར་ཆེན་པོ་ཞིག་རེད། རང་རེ་བོད་སྤྱི་ཚོགས་ལ་མཚོན་ན་ཡང། རིག་པའི་དཔའ་བོ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་དང། མདོ་སྨད་པ་དཔལ་དོན་གྲུབ་རྒྱལ་སོགས་སུ་དཀའ་སྡུག་བསམ་ཡུལ་ལས་འདས་པ་
བསྐྲུན་ཡོད་པ་དེ་ནི། དཔེ་མཚོན་ཡག་ཤོས་ཤིག་རེད། སྤྱི་ཚོགས་ནང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཧ་ཅང་ཟབ་སྟབས། སྤྱི་ཚོགས་འདི་ཉིད་ཆོས་ལུགས་ཀྱི་དབང་བསྒྱུར་ནས་རང་ཉིད་ཀྱི་བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས་ཡར་ལང་དགོས་ཕྱིར། འཛམ་གླིང་གི་སྤྱི་ཚོགས་ཆེན་པོ་འདིའི་ནང་གི་གནས་སྟངས་གང་ཅི་གསལ་རྟོགས་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་འདུག
གནའ་སྔོན་མ་ཞིག་ནས་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་འགྲེལ་བཤད་བྱེད་པ་ལས། སྤྱི་ཚོགས་ཀྱིས་ཆོས་ལུགས་ལ་འགྲེལ་བཤད་ཅིག་ཡོང་རྒྱུར་བསམ་གཞིགས་གཏན་ནས་བྱས་མྱོང་མེད། དེ་བས་ཀྱང་དཀོན་མཆོག་གིས་འགྲོ་བ་མིའི་བརྩེ་དུངས་དང་རང་དབང། འཚོ་བའི་རྣམ་གཞག་མང་པོར་སྒོ་གང་ས་ནས་འགྲེལ་ལོག་དང་ངོས་འཛིན་གྲང་ཤུར་ཤུར་ཞིག་དང་། གོ་སྐབས་གང་ཡོད་ནས་དཀོན་མཆོག་གི་སྲས་དག་གིས་ཀྱང་ཁ་སུ་མཁས་དང་རིག་པ་སུ་བཟང་བྱས་ནས། འཇིག་རྟེན་ལའང་རིན་ཐང་གཏན་ནས་མེད་པའི་སྡོམ་ཚིག་ནག་པོ་ཞིག་འཇོག་རྒྱུའི་རེ་བ་ཞིག་བཟུང་བ་དང། དཀོན་མཆོག་ནི་འཇིག་རྟེན་གྱི་བདེན་པ་ཡང་དག་པ་ཞིག་ཏུ་ཆགས་རྒྱུའི་རེ་བ་མཐོན་པོ་ཞིག་ཀྱང་བཟུང་བ་རེད། སྟབས་མ་ལེགས་པ་ཞིག་ལ། འཇིག་རྟེན་ན་དཀོན་མཆོག་མ་འདྲ་བ་མང་དུ་བྱོན་འགོ་བརྩམས་པ་དང། དཀོན་མཆོག་གི་ཁྲོད་དུ་དཀོན་མཆོག་གི་རྒྱལ་པོ་སུ་ཞིག་ཡིན་མིན་ཐད་རྩོད་གླེང་ཆེན་པོ་བྱུང་སྟེ། འཇིག་རྟེན་འདི་དཀོན་མཆོག་གི་དམག་འཁྲུག་ཆེན་པོ་ཞིག་གི་ནང་དུ་ཚུད་པ་དང། དཀོན་མཆོག་གི་སྲས་དག་ཀྱང་དམག་དཔོན་ཆེན་པོ་དང་དམག་འགྱེད་ཀྱི་ཇུས་འདོན་པ་གྲགས་ཅན་དུ་གྱུར་བ་རེད། གང་ལྟར་དེ་ནས་བཟུང་དཀོན་མཆོག་ནི་འཇིག་རྟེན་གྱི་ཆེས་མཐོ་བའི་རྒྱལ་པོ་དང་། དཀོན་མཆོག་གི་བཀའ་ནི་འཇིག་རྟེན་གྱི་བླ་ན་མེད་པའི་ཁྲིམས་ལུགས་སུ་གྱུར་བ་རེད། འོན་ཀྱང་འཇིག་རྟེན་ན་དཀོན་མཆོག་གཏན་ནས་ཁས་མི་ལེན་མཁན་ཞིག་ཡོད་པ་ནི། འཇིག་རྟེན་གྱི་རང་བཞིན་ངོ་མ་དང་ཆོས་ཉིད་དག་མ་དེ་ཡིན།
རྔ་བ་རྒྱལ་ཁམས་པ་མཆོག་གི་ལོ་ཙཱའི་སྙིང་སྟོབས་ལ་གུས་འདུད་དང་རྗེས་སུ་ཡིད་རངས་ཡོད། ད་དུང་ཡང་མི་མཐུད་དུ་འགྱུར་རྩོམ་གང་མང་མང་དྲ་ཐོག་ཏུ་དགོད་རྒྱུ་རེ་བ་སྙིང་ནས་ཞུ།