ཐུབ་བསྟན་ཆོས་གྲགས།
ན་མོ་གུ་རུ། ཉེ་ལམ་ནས་བཟུང་མང་གཙོ་དང་རང་བཙན་བར་གྱི་ལྟ་གྲུབ་གཉིས་པོའི་ཐད་ནས་སྤྱི་ཚོགས་ནང་འུར་འདྲོགས་དང་། དྭོགས་འདྲོགས་མང་པོ་ཞིག་བསླངས་དང་སློང་བཞིན་པས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ངམ་ངམ་ཤུབ་ཤུབ་ཀྱི་གནོད་སྐྱོན་ཐེབས་བཞིན་འདུག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རང་ཉིད་ཀྱི་རྒྱབ་རྩར་འཁྱེར་ནས་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་དོན་གྲུབ་མཁན་དག་ལ་དམའ་འབེབས་བྱུང་རྒྱལ་དུ་བྱེད་པ་དང་། མངོན་ལྐོག་གང་རུང་བརྒྱུད་ནས་སྤྱི་ཚོགས་ནང་གཟིངས་སློང་གི་རྩོམ་ཡིག་གང་བྱུང་སྤེལ་བ་མ་ཟད། སྲིད་ཀྱི་སྣེ་མོ་འཛིན་པའི་ན་གཞོན་ཤེས་ལྡན་པ་དག་རང་གི་རྐང་མར་ཁྲག་ལས་གྲུབ་པ་དེ་གང་བྱུང་དུ་ཁ་འགྱུར་དང་། ངན་རོགས་ཕྱོགས་སྒྲིལ་བྱེད་ཐབས་སྤེལ་བ་སོགས་ཡིད་ལ་བཟོད་ཐབས་མེད་པའི་བྱ་འགུལ་གང་མང་བྱས་སོང་བ་སེམས་ཀྱིས་བཟོད་ཐབས་མ་མཆིས། དེ་དག་ནི་ཚེ་བརྟན་རྡོ་རྗེའི་ཞི་བའི་གོམ་བགྲོད་ལས་འགུལ་ནང་རྒྱ་དར་དམར་པོ་བསྒྲེངས་པར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོ་རྒོལ་གསལ་བསྒྲགས་སྤེལ་བའི་རྐྱེན་གྱིས་ཧ་ལམ་འབྲེལ་ལམ་ལ་དོ་ཕོག་བྱུང་སོང་སྙམ་པ་ཡང་ཡང་འཆར། འོན་ཀྱང་ད་བར་ཁ་མ་གྲགས་པར་གནས་པ་ནི་དུ་བ་རང་ཡལ་དུ་འགྲོ་བའི་རེ་བ་དྲག་པོ་བྱས་པ་ལས། སྤྱི་ཚོགས་ལ་འགན་མ་འཁྱེར་བ་དང་། ཡང་ན་ལྟད་མོ་བལྟས་པའི་ཟོལ་དུ་གནས་པ་ཞིག་རྩ་བ་ཉིད་ནས་མིན། ནད་རྙིང་དེ་འདྲ་ཞིག་གི་རྐྱེན་ལས་དམ་ཚིག་མདུད་པ་གཞིག་ན་དགྲ་དགའ་གཉེན་སྡུག་གི་གནས་ལས་མ་འདས་པས་། འདིར་གསལ་འདེབས་ཚིག་རེ་གཉིས་འདྲ་ཞུ་ན། ཞི་བའི་གྲོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ནི་ང་ཚོའི་སེམས་ནང་དུས་བརྟན་དུ་མ་ཡལ་བའི་བཙན་པོའི་གདུང་བརྒྱུད་ཀྱི་དཔའ་རྒོད་ཅིག་ཡིན།
སྐབས་དེ་དུས་ཁོང་གིས་རྒྱ་དར་འཁྱེར་བ་ཁག་མི་འདུག་སྙམ། རྒྱུ་མཚན་ནི་ཁོང་གིས་ཟིན་བྲིས་ཐོག་ནས་ལས་འགུལ་ལ་མཉམ་བཞུགས་ཡོང་བའི་རེ་སྐུལ་ཐེངས་མང་ཞུས་ཀྱང་། ཁོང་དང་མཉམ་དུ་བློ་གཅིག་སེམས་གཅིག་གིས་གོམ་བགྲོས་ལ་བཞུགས་རྒྱུར་མི་མང་པོར་ཐེ་ཚོམ་བྱུང་བ་དང་། ཁོང་གི་བློས་གཏོང་ཚད་གཞི་ཧ་ཅང་མཐོན་པོར་སོང་། ཁོང་དང་དམིགས་ཡུལ་གཅིག་མཚུངས་ཀྱི་གོམ་བགྲོད་པ་སུ་ཡང་བྱུང་མེད། ཁོང་མ་སྨད་གསུམ་གྱིས་ནར་རེར་ལུས་པའི་ལམ་ཕྲང་དག་དཀའ་བས་རྫིས་ཤིང་། སྙིང་ཁོངས་སུ་འགྱུར་མེད་ཀྱི་སྙིང་སྟོབས་གོ་ཆར་གྱོན་ཏེ་མདུན་དུ་བསྐྱོད། ཁོང་གིས་ཞི་བའི་ངོ་རྒོལ་དེ་རྒྱུན་མཐུད་བྱེད་ཐུབ་པའི་ཆེད་དུ་རྡི་ལི་ནས་རྒྱ་དར་དམར་པོ་ཞིག་ཀྱང་འཁྱེར་བར་བློ་ཁ་ཕྱོགས། དེར་བརྟེན་ཁོང་ནི་བོད་ཀྱི་རང་དབང་བསུ་བའི་ཕོ་ཉ་དང་། ན་གཞོན་ཤེས་ཡོན་ཅན་ཞིག་གིས་རང་གི་རྒྱལ་ཁབ་ཀྱི་དོན་དུ་བློས་གཏོང་ཚད་མཐོན་པོ་གནང་མཁན་ཞིག་ཡིན་པ་བརྗོད་མི་དགོས་པ་ཞིག་རེད།
གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཚེ་བརྟན་རྡོ་རྗེར་རྒྱ་དར་བསྒྲེངས་པའི་ཉེར་ལེན་ལས་ངོ་རྒོལ་གསལ་བསྒྲགས་སྤེལ་བའང་དོན་དང་ལྡན་པ་ཞིག་ཡིན། རྒྱུ་མཚན་ནི། གཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་རང་བཙན་ཡིན་པ་དང་། གཉིས་ནས་ཡུན་རིང་མ་སོང་གོང་རྒྱ་དར་མེར་བསྲེགས་ཀྱི་ལས་འགུལ་སྤེལ་གནང་བ། ལྷག་པར་དུ་གནས་ཚུལ་གལ་ཆེ་ཤོས་ཤིག་ནི། ཐོག་མར་ཚེ་བརྟན་རྡོ་རྗེ་ལས་འགུལ་འགོ་འཛུགས་སྐབས་གཞོན་ལྷན་དང་། འབྲེལ་གཏུག་གནང་བ་མ་ཟད་གཞོན་ལྷན་གྱི་རྒྱབ་སྐྱོར་གང་ཅིར་ཡག་པོ་གནང་སོང་། དེར་བརྟེན་གཞོན་ནུ་ལྷན་ཚོགས་དེ་ད་བར་བོད་སྤྱི་པའི་རྩ་དོན་ཐོག་ལ་ལས་དོན་གལ་ཆེན་མང་པོ་སྤེལ་གནང་ཡོད་ལ། བཙན་བྱོལ་དུ་གྱར་ནས་ཚོགས་པ་འདྲ་མིན་སྣ་ཚོགས་ཤིག་རྒྱ་བསྐྱེད་བྱུང་བའི་ནང་ནས་རྙིང་ཤོས་དང་། ནུས་པ་ཆེ་ཤོས་ལྡན་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ཚོགས་པའི་ལངས་ཕྱོགས་ཀྱང་རང་བཙན་གཙང་མར་གནས་ཡོད་སྟབས། རང་གི་ལྟ་གྲུབ་ཐོག་ནས་ལངས་ཕྱོགས་གསལ་པོ་བཟོ་དགོས་པ་དེ་ཧ་ཅང་གལ་ཆེན་ཆགས་ཡོད། དེར་བརྟེན་ང་ཚོ་བཙན་བྱོལ་བའི་ཁོར་ཡུག་དེ་ལྟ་བུའི་ནང་ཕན་ཚུན་གུ་ཡངས་དང་། བློ་རྒྱ་ཆེན་པོ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན། གལ་སྲིད་རྙོག་དྲ་ཆུང་ཆུང་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་འབྱུང་འགྱུར་མདུན་སྐྱོད་ཀྱི་བསམ་བློའི་འཁོར་རྒྱ་ཞིག་མེད་ན། ད་ལྟའི་གཉན་ཕྲང་ཅན་གྱི་ལམ་ཕྲང་འདི་ནས་མཐར་དཀའ་བ་ཡིན།
སྤུན་ཟླ་ཚོ་གཅིག་སྒྲིལ་གྱིས།
བོད་སྟོད་སྨད་བར་གསུམ་ཆིག་སྒྲིལ་གྱིས།
རང་ཕུ་ནུའི་འདུ་ཤེས་ཡལ་འགྱུར་ན།།
༸གོང་རྒྱལ་དབང་ཐུགས་ཀློང་མགྱེས་ཐབས་མེད།
མ་གཅིག་གིས་བསྐྱངས་པའི་བུ་ཕྲུག་རྣམས།
ཡིད་འཆམ་མཐུན་བརྩེ་ཞེན་ལྡན་འགྱུར་ན།
དགྲ་ཡ་མེད་སླེབས་ཀྱང་སྐྲག་མི་དགོས།
ཁོང་རྒྱལ་བའི་བཀའ་དྲིན་གསོལ་བའང་ཡིན།
མཐུན་ལམ་གྱིས་དང་། མཐུན་ལམ་གྱིས།
མཐུན་སྒྲིལ་ནི་ང་ཚོའི་རྒྱལ་ཁ་ཡིན།
མཐུན་ལམ་ནི་ང་ཚོའི་སྟོབས་ཤུགས་ཡིན།
བོད་རྒྱལ་ལོ།
དྲ་གྲོགས་ཐུབ་བསྟན་ཆོས་གྲགས་ལགས
ཁྱེད་ཀྱིས་གསུང་བ་དེ་ག་རང་རེད། ང་ནི་ཡང་སྐྱར་གཞོན་ནུ་ལ་ཁ་རྡུང་གཏོང་མཁན་ཞིག་སླེབས་སོང་སྙམ་ནས་ཞེད་སོང་།
རང་གི་རྒྱལ་ཁབ་བཙན་འཕྲོག་བྱེད་མཁན་གྱི་དགྲ་བོའི་མཚོན་རྟགས་ཁྲག་མདོག་གི་དར་དམར་མཁའ་དབྱིངས་སུ་ཕྱར་བ་དེ་འབྲོང་བསད་པའི་སྟེང་དུ་རྔ་མས་བྲབ་ཟེར་བ་དེ་ག་རང་དུ་ངོས་འཛིན་བྱེད་པ་ལས་བཟང་རྟགས་ཞིག་ཏུ་མ་མཐོང་ངོ་།