སྣང་རྒྱལ་ཤེས་དགེ། (ཝར་ཎཱ)
སེམས་པ་སྐྱོ་ཐེངས་རེ་ལ།།
ཚངས་དབྱངས་རྒྱ་མཚོ་དྲན་ཞིང་།།
མིག་ཆུ་ཤོར་ཐེངས་རེ་ལ།།
མ་སྐྱེས་ཨ་མ་དྲན་བྱུང་།།
པོ་ཏ་ལ་ཡི་རྩེ་ནས།།
གཞས་ཆུང་དབྱངས་སུ་གྱེར་དུས།།
སྤྱན་རིས་གཟིགས་ཀྱི་སྤྱན་མཐར།།
མཆི་མ་འཁོར་འཁོར་བྱས་སམ།
སྐྱིད་ཆུའི་རྒྱུན་ལ་བསྲེས་པའི།།
དུང་སེམས་འོ་མའི་ཉིང་ཁུ།།
ལྷ་སའི་སྨད་ལ་བཞུར་དུས།།
སུ་ཡིས་ལྕོགས་ཀྱིས་བཅུས་སམ།།
གོས་ཆེན་རྒྱ་སྨུག་གསེང་ནས།།
དུང་བའི་མིག་ཞགས་འཕེན་དུས།།
སློག་ཧྲུལ་འདབ་ཟད་ནང་གི།།
སེམས་པ་དྲོད་ལ་བལྟིམས་སོང་།།
ཉམས་རྟོགས་སེམས་སུ་སྦས་ནས།།
སེམས་པ་སེམས་ལ་སྦྱར་དུས།།
འཁོར་བའི་ཆོས་ཉིད་མཐོང་བའི།།
སྤྱན་ཟུང་བཙུམ་པ་གནང་ངམ།།
རྣལ་འབྱོར་ཉམས་ལེན་གསེང་ན།།
གསང་བ་ཅི་འདྲ་མང་ཡང་།།
ཚངས་རྒྱམ་ཉལ་བའི་གཏམ་རྒྱུད།།
སྐྱི་བསེར་རླུང་ལས་མགྱོགས་པ།།
རི་རྩེ་གངས་ཀྱིས་བཏུམས་དུས།།
སེམས་ལ་སྨུག་པ་འཐིབ་སོང་།།
དགུན་གྱི་གྲང་ངར་ཁྲོད་ནས།།
སུ་ཡི་དྲོད་ཁུལ་རུམ་ཡོད།།
ཕྱག་གི་ཕྲེང་བའི་གྲངས་ལ།།
བླ་མའི་མཚན་སྔགས་མ་བགྲང་།།
ཕྲེང་བར་བཏབས་པའི་བྱིན་རླབས། །
མ་སྐྱེས་ཨ་མའི་བརྩེ་སེམས།།
ཉི་མ་རི་ལ་ནུབ་དུས།
གོམ་ཁ་གྲོང་ལ་ཕྱོགས་སོང་།
གནམ་མཐའི་སྐྱ་རེངས་འགྱོག་དུས།།
རྐང་རྗེས་སྒོ་ཁར་ལྷག་སོང་།།
རྒྱ་ཕིབས་འོག་གི་མྱི་རྐྱང་།།
གདུང་སེམས་བྱ་ལ་བསྐུར་སོང་།།
ལི་ཐང་བསྐོར་བའི་ཁྲུང་ཁྲུང་།།
རྣམ་རིག་མི་ལས་རྒོད་པ།།
མོན་གྱི་གླུ་ངག་ནང་དུ།།
ལྷ་སའི་བརྩེ་བ་བསྲེས་ན།།
དུང་སེམས་དམར་པོའི་བཟི་ཁ།།
ལོ་ཆང་ལས་ཀྱང་བཙན་པ།།
དྲི་འཛིན་རི་བོའི་རྩེ་ནས།།
མགུར་གླུ་དབྱངས་ལ་གྱེར་སོང་།།
ཞོལ་གྱི་ཁང་ཆུང་ནང་ནས།།
མིག་ཆུ་གཏོང་མཁན་སུ་ཡིན།།
བཞུགས་ས་ཕོ་བྲང་དམར་པོ།།
ཕེབས་ས་ཞོལ་གྱི་སྲང་ལམ།།
གསེར་ཁྲི་རི་རྩེར་བཞག་ནས།།
སྤྲང་པོའི་ཁྱིམ་ལ་བཞུགས་སོང་།།
རྒྱ་ཕིབས་སྨུག་པས་གཡོག་དུས།།
གོམས་ཁ་རི་ལ་ཕྱོགས་སོང་།།
གླུ་སྐད་ནགས་ནས་གྲགས་དུས།།
སུ་ཡི་འགྲམ་པ་བརླན་སོང་།།
བླ་མའི་བཀའ་ལ་མ་ཉན།།
བཙན་པོའི་ཁྲིམས་ཀྱིས་མ་ཁོག །
མདོ་མེད་ཚངས་དབྱངས་རྒྱ་མཚོ།།
སྤྲང་ཚང་ནང་དུ་འཛུལ་སོང་།།
རྐང་རྗེས་གངས་ལ་བཞག་ནས།།
མྱི་ཁ་རླུང་གིས་ཁྱེར་དུས།།
ཕོ་བྲང་དམར་པོའི་རྩེ་ནས།།
ཁྱེད་རང་གང་དུ་ཕྱིན་ནམ།།
གཏམ་ངན་ལྷ་སར་བཞག་ནས།།
གོམ་པས་རི་ལུང་གནོན་དུས།།
རྐང་མཐིལ་མེད་པའི་ལྷམ་རྗེས།།
སུ་ཡི་ན་ཟུག་ཡིན་ནམ།།
ཚངས་རྒྱམ་ས་མཐར་འཁྱམ་ནས།།
གནམ་སྔོན་མལ་གོས་བྱས་དུས།།
གྲང་ལྷག་ཅི་ཙམ་རྒོད་ཀྱང་།།
སེམས་པ་དྲོད་ཀྱིས་ཁེངས་ཡོད།།
གནམ་གྱི་སྐར་འོད་བཞིན་དུ།།
ལུས་པོ་འདར་འདར་བྱེད་ཀྱང་།།
ཕོ་བྲང་དམར་པོའི་ནང་གི།།
གསེར་གྱི་མལ་ཁྲི་མ་དྲན།།
དཀར་གསལ་ཟླ་བའི་དཀྱིལ་ན།།
ཞོལ་གྱི་བྱམས་པ་མེད་ཀྱང་།།
བཟི་བོ་དང་བཟང་དབང་པོ།།
ཤར་གྱི་ཟླ་བར་འཁྲེང་སོང་།།
སེམས་པ་རྡོ་ལས་མ་གྲུབ།།
དམ་ཚིག་རྣོ་ལས་གྲུབ་སོང་།།
ཚངས་རྒྱམ་ས་མཐར་འཁྱམ་ཡང་།།
སེམས་པ་ལྷ་སར་བཞག་ཡོད།།
མགུར་གླུའི་འགྱུར་ཁུག་རེ་ལ།།
དུང་བའི་བདུད་རྩི་བྲན་ཏེ།།
སེམས་ཀྱི་རྨ་ཁ་གསོ་བའི།།
ལྷ་རྗེ་ཚངས་དབྱངས་རྒྱ་མཚོ།།
ཐུགས་རྗེ་ཆེ།
མ་སྐྱེས་ཨ་མ་དྲན་བྱུང་།། ཞེས་པའི་མ་སྐྱེས་ཟེར་བ་ག་རེ་ལ་གོ་དགོས་སམ། དོགས་པ་སྔ་ནས་ཡོད། ད་རེས་དྲི་བ་འགོད་པ་ཡིན། ལན་ཞིག་ཅིས་ཀྱང་ཞུ།
གསུང་ས་ཚངས་དབྱངས་རྒྱ་མཚོ།
མྱོང་བ་རང་གི་གཅོང་ནད།
གཟབ་གཟབ་བྱོས་ན་མ་གཏོགས།
འགྱོད་སེམས་རི་ལ་ཆས་དུས།
མིག་ཆུ་ས་ལ་བསྙིལ་ཡང་།
གུ་ཡངས་གནང་ས་མེད་པ།
ཤྭཀྱ་ཐུབ་པའི་ཁྲིམས་ཡིན།
གྲོགས་ཀྱི་བརྩེ་བ་བསམ་ནས།
མཆན་འདི་སློབ་གསོས་ཚུལ་ལོ།
སྐྱོ་བའི་སེམས་པ་ཕྲ་མོ།།
བླངས་ནས་རྫོགས་རྒྱུ་མེད་རུང་།།
དྲན་གདུང་ཡིད་ཀྱི་སེམས་པ།།
སྐྱོ་བའི་གླུ་དབྱངས་ལོས་ཡིན།།
ཝར་ཎཱའི་ཐལ་བའི་གསེབ་ནས།།
སེམས་པ་གླུ་རུ་ལེན་དུས།།
དུག་སྦྲང་གཅིག་ཡོང་གཉིས་ཡོང་།།
མལ་ས་གཉིས་ལས་དཀྲོལ་སོང་།།
དུག་སྦྲང་མང་ན་ཆོག་རུང་།།
ཤ་ཚ་སྙིང་རྗེ་མེད་པར།།
གཅིག་རྗེས་གཉིས་མཐུད་ཟོས་ན།།
སྐད་པའི་དུས་ལ་སླེབས་ཐལ།།
ཨ་ལ་སྣང་རྒྱལ་ཤེས་དགེ།
བྲིས་བའི་སྙན་རྩོམ་ཡག་རུང་།།
ཉི་མ་འགྲོ་ཐབས་མིན་ན།།
དེ་ལྟར་འབྲི་ནས་ཅི་བྱེད།།
དགོངས་དག སྐད་པའི་ ཞེས་པ་སྐམ་པའི་ཞེས་བཅོས་རོགས་ཞུ
དད་དུས་ཉམས་ལེན་ཡིན་ཟེར།།
སྡང་དུས་སྤྱོད་ངན་རེད་ཟེར།།
ཚངས་དབྱངས་རྒྱ་མཚོའི་ལས་འདི།།
བཤད་ནས་ཤེས་ས་མ་རེད།།
མེ་ཏོག་དཀར་པོ་ལགས་ཀྱིས་་་་མ་སྐྱེས་ཨ་མ་དྲན་བྱུང་་་་ཞེས་པའི་མ་སྐྱེས་བྱ་བ་དེ་གང་ལ་གོ་དགོས་ཞེས་དྲི་བ་བཏོན་གནང་བར་ཕྲན་གྱིས་བསམ་ན། དེ་ནི་ངོ་བོ་ཉིད་དམ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་གསུང་བ་ཡིན་ནམ་སྙམ།
ལན གསུངས་པར་དགའ། ཡིན་ནའང་བློ་ཁ་མ་ཚིམ། ཨ་མ་བཤད་དུས་སྟོང་ཉིད་ཀྱི་དོན་སྟོན་པ་ལ་དགོས་པ་ཅི་ཡོད། དཔྱོད་ལྡན་པ་ཚོས་ད་དུང་འདིའི་སྐོར་གསལ་བཤད་མཛོད།
མ་སྐྱེས་ཨ་མ་ཁོང་གི་དགའ་རོག་ལ་གོ་དགོས། དེ་ནི་ལུས་སྐྱེས་སའམ་བསྐྱེད་བྱེད་ཀྱི་ཨ་མ་མིན་ཡང་ཕན་གྱི་བརྩེ་བ་མ་བུ་དང་མཚུངས་པའི་ཆ་ནས་དེ་ལ་མ་སྐྱེས་པའི་ཨ་མ་ཞེས་བོས་པ་རེད་། མེ་དཀའ་ཁྱོད་འདི་ཙམ་ཡང་མི་གོ་བ་ཅི་ཡིན་། སྙིང་རྗེ་། རང་བཞིན་གྱིས་མ་སྐྱེས་པར་འགྲེལ་མཁན་ཁྱོད་ལ་དེ་བས་སྙིང་རྗེ་སོང་།
༸དྲུག་པས།
མ་སྐྱེས་ཨ་མ་དྲན་བྱུང་། །
གསུངས་པའི་དོན་ནི། རང་ཉིད་སྐྱེས་སའི་མ། མ་ཡིན་ན་ཡང་། མའམ་ཨ་མ་དང་འདྲ་བིའ་བྱམས་པའི་བརྩེ་བ་ཅན་གྱི་མཛེས་མ་ཁྱོད་དེ། དགའ་རོགས་མོ་དེ་དྲན་བྱུང་ཞེས་པའི་དོན་ནོ། མེ་དཀར་ལགས།
ཉི་མས་གསལ་བཤད་ལ་དགའ། ད་དུང་ཁྱོད་ཀྱིས་བཤད་པ་ལྟར་ཁས་ལེན་དཀའ་སྟེ། རང་གི་དགའ་རོགས་ལ་ཨ་མའི་མིང་ནས་སྨྲོས་པ་ནི་མི་མཛེས་སོ།།
ཚིག་ཙམ་ལ་མཛེས་མིན་ཇི་ལྟར་ཡང་དོན་གྱི་ཉམས་ཐོན་པས་མི་སྐྱོན་ སྙན་ངག་མཁན་ལ་ཅི་ཡང་རྒྱན་ཞེས་པ་དེ་རེད་། མན་ངག་རྩལ་ཡོད་པས་དགའ་བར་གྱིས།
སྣང་རྒྱལ་ཤེས་དགེ་མཆོག་གིས་གུས་པར་ཡང་དྲན་གསོ་ཞིག་སྤྲད་པ་ནི། སྔོན་གྱི་སྙན་ངག་པ་མང་ཆེ་བ། ཚིག་དོན་གཉིས་ཀར་ཆུབ་པ་ལ། དེང་གི་སྙན་ངག་པ་ཕལ་ཆེ་བ་རེ་འཇོག་ལྟ་བུ་རེད།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ།
ཚིག་དོན་གཉིས་ཀ་ཟབ་པ།
ལྷོ་རོང་མོན་གྱི་བུད་མེད།
ཁ་དང་འོག་སྒོ་དམ་པ།
དེང་གི་སྙན་ངག་ཕལ་ཆེར།
ཤོག་པ་རྨས་པའི་བྱ་བཞིན།
གཡས་ལྷུང་གཡོན་ལྷུང་ཁྱོར་བཞིན།
གཉིས་ཀ་ཡོད་པ་དཀོན་ནོ།
ཆིག་ལབ་སྨྱོ་ལབ་འཆལ་ལབ།
རོང་སྨད་གྲོང་གི་ཨ་མ།
ཆོལ་ལབ་ཆོས་ལབ་བརྒྱ་ལབ།
ཁ་བརྡ་གྲོང་གི་ལྡོམ་པོ།
ཕྲག་དོག་གཞན་གྱི་ལོ་ཏོག
བཅོམ་མཁན་བ་མོ་ནག་ཁྲ།
སྲིད་སྐྱོང་བློ་བཟང་སེང་གེར།
རྨུག་མཁན་སྨྱུག་མིང་ཁ་བདེ།
ཚངས་དབྱངས་རང་གི་གསུང་མགུར་གྱི་བབ་ལ་གཟིགས་ན་མ་སྐྱེས་ཨ་མ་ཞེས་པ་དེ་གང་ལ་གསུངས་འདུག་ཧ་གོ་ཡོང་དེ་མིན་མེད་རྩོད་སྙོགས་མང་ན་ཅི་ཕན་ཁོ་རེ་ཚོ་་་་་
དབུས་སྐད་དུ་སྤྱིར་ཨ་མ་ཟེར་ན་གོ་རྒྱུ་མང་ཙམ་ཡོད། སློབ་གྲྭའི་ཨ་མ་ཟེར་ན་སློབ་གྲྭའི་བུ་མོ་ལ་གོ། ཨ་བ་ཨ་མ་ཟེར་དུས་བུ་བུ་མོ་ཟེར་བའི་དོན། མ་སྐྱེས་ཨ་མ་ནི་རང་གི་བྱམས་པའི་དོན།
ད་བར་ང་ཚོའི་དཔྱད་བརྗོད་པ་དག་གི་འདོད་ཚུལ་ལ་རིགས་དགར་ཆོག དེ་ཡང་ཁོང་གི་མགུར་གླུ་ཚང་མ་ཕོ་མོའི་མཛའ་གཏམ་ཁོ་ནར་སྦྱར་ཏེ་འགྲེལ་མཁན་རིགས་གཅིག་དང་། མགུར་གླུའི་ནང་དོན་དམ་པའི་ཆོས་ལ་སྦྱར་ནས་འགྲེལ་མཁན་རིགས་གཅིག སྐབས་དེའི་ལོ་རྒྱུས་དང་སྲིད་དོན་གྱི་གནས་ཚུལ་གཙོ་བོར་སྟོན་ནས་འགྲེལ་ལུགས་མི་འདྲ་བ་གསུམ་ཡོད། མ་གཞི་ནས་རྩོམ་པ་པོའི་གནས་བབས་དང་ཤེས་ཚད་ད་དུང་ཁོང་ལ་བཅངས་པའི་འདུ་ཤེས་སོགས་ལ་བརྟེན་ནས་ཁོང་གི་བརྩམས་ཆོས་ཀྱི་དངོས་ཤུགས་བརྒྱུད་གསུམ་ནས་བསྟན་པའི་ཚུལ་གྱི་གོ་བ་ཇི་ལྟར་ལེན་ཡང་ཆོག་པ་ནི་རྩོམ་རིག་ཡོངས་ལ་ཁྱབ་པའི་ཁྱད་ཆོས་ཤིག་རེད། འོན་ཀྱང་ངའི་ལྟ་ཚུལ་ནི་ཁོང་གི་མགུར་གླུའི་ཚོམ་བུ་འདི་ཁོང་མི་ཡུལ་འདིར་བཞུགས་རིང་འཚོ་བ་དངོས་ལས་ཐོན་པ་ཁོ་ནར་བརྟེན་ཁོང་གི་ལོ་རྒྱུས་ཧྲིལ་པོ་འདུས་ཡོད་ཟེར་ནའང་འགྲིགས། དེས་ན་མི་ཞིག་གི་མི་ཚེའི་ནང་ཨ་མ་དྲན་ཆོག་ལ་དགའ་རོགས་ཡང་དྲན་ཆོག་པས་ཚང་དབྱངས་རྒྱ་མཚོའི་མགུར་གླུའི་ནང་གོང་གསལ་རིགས་གསུམ་ཀ་འདུས་ཡོད། མདོར་ན། ཤར་ཕྱོགས་རི་བོའི་རྩེ་ནས། དཀར་གསལ་ཟླ་བ་ཤར་བྱུང་། མ་སྐྱེས་ཨ་མའི་ཞལ་རས། ཡིད་ལ་འཁོར་འཁོར་བྱས་བྱུང་། མ་སྐྱེས་འདི་ཁོང་གི་མ་ཡུམ་ལ་གོ་དགོས་ཤིང་ས་མཐར་འཁྱམས་བའི་ཉིན་ཞིག་ལ་མ་ཡུལ་དྲན་གདུང་གིས་ཤོར་བའི་མགུར་གླུ་ཞིག་ཡིན་ནོ།། །།
ཆོས་སྐད་ནང་ཨ་མ་ཟེར་ན་སྟོང་པ་ཉིད་ལ་གོ། སྟོང་ཉིད་ཨ་མ་ངོས་འཛིན་ལྟ་བུ།
ཨ་མའི་བཀའ་ལ་བརྩིས་ནས། །དམ་པའི་ཆོས་སྒོར་བཞུགས་ཡིན། །ད་ཆ་འདི་ཕྱི་གཉིས་མེད། །ཡུམ་ཆེན་དགོངས་པ་མ་འཚོམས།
གོང་གསལ་མཆན་བུ་བ་དག་ལ་ཐུགས་རྗེ་ཆེ་ཞུ། ད་དུང་ཞུ་འདོད་པ་ནི་འདི་སྟེ། མ་སྐྱེས་ཨ་མ་ཞེས་མ་ཡིན་པར་ཨ་མ་གཅིག་པུ་ཡིན་ན་ཆོས་ཕྱོགས་སྟོང་ཉིད་འདྲ་དང་། སྤྱིར་བཏང་ནས་འབྱུང་ཁུངས། གཙོ་བོ། ལྟེ་བ། སྐྱེད་བྱེད་སོགས་ལ་གོ་བ་ཤེས་མོད། འདིར་མ་སྐྱེས་ཨ་མ་ཞེས་པས་དོན་མ་གོ་ཞིང་། ཚིག་འདི་ནི་བྱིས་པའི་སྐབས་ནས་གོ་མྱོང་ལ་ཨ་མ་ལ་སྦྱར་བ་ཡིན་ཤག་བྱས་ཏེ་སྡད་ཡོད།
ད་དུང་བགྲོ་བ་མང་ཙམ་མཛོད།
སློབ་གྲྭའི་ཨ་མ་ཟེར་བ་སློབ་ཕྲུག་བུ་མོ་ལ་གོ་ཟེར་བ་དེ་རིང་དང་པོར་གོ ཡིད་ཆེས་ཐབས་མ་བྱུང་།
དཀར་མཛེས་ལངས་ཚོ་རྒྱས་པའི་ལུས་ཕྲ་མ།
ཕན་བདེ་དཔལ་སྐྱེད་བརྩེ་ལྡན་མ་མ་ལགས།
ཇི་ལྟར་འདོད་འཕེལ་སྙིང་གྲོགས་མ་ཡིན་པས།
ཁེངས་དྲེགས་སྤངས་ཏེ་དགའ་མ་ལྟ་བུར་སྐྱོངས། བསེ་ཚང་བློ་བཟང་དཔལ་ལྡན་གྱིས།
མ་སྐྱེས་ཨ་མ་སྐྱེད་བྱེད་མིན་པའི་མ། བྱམས་དང་བརྩེ་བ་མ་དང་མཚུངས་པའི་མ།
སློབ་གྲའི་ཨ་བ་བྱིས་པ་སྤྱི་ལ་གོ སློབ་གྲའི་ཨ་མ་ཟེར་བ་གོ་མྱོང་མེད།
སྤྱིར་ཨ་བ་ཞེས་པ་དབུས་གཙང་ཟེར་རུང་ལྷ་སའི་ཁ་སྐད་རེད། དེ་ཡང་སློབ་གྲྭའི་ཕྲུ་གུ་ཡིན་ག་ལ་དགོས། མི་ཚང་ཆེ་ཁག་གི་བུ་ཕྲུག་ཚོར་ཨ་བ་ཟེར། ཡང་འབྲུག་རྫོང་ཁའི་སྐད་ལ་སྐྱག་པ་ལ་ཨ་བ་ཟེར། འདིའི་སྐོར་དགོད་བྲོ་བའི་གཏམ་རྒྱུད་གཅིག་ཀྱང་ཡོད་ཨང་།
རང་ཉིད་སྐྱེས་སའི་ཨ་མ་མིན་ན་ཡང་། །
མ་དང་འདྲ་བའི་ལྷད་མེད་བརྩེ་སེམས་ཀྱིས། །
ནམ་ཡང་བརྗེད་པ་མེད་པའི་སྙིང་སྡུག་མའི། །
ཞལ་རས་ཡིད་ལ་འཁོར་འཁོར་བྱས་བྱུང་། །
སྤྱིར་ཕོ་མོའི་བརྩེ་དུངས་དང་། མ་བུའི་བརྩེ་དུངས་ལ་འདྲ་ས་དང་མི་འདྲ་ས་མང་དག་ཡོད། མར་པ་དང་མི་ལའི་བརྩེ་དུངས། མི་ལ་དང་པེ་ཏའི་བརྩེ་དུངས། དེས་ན་རང་གི་དགའ་གྲོགས་མོ་ལ་བརྩེ་བ་དེ་ཨ་མ་ལ་བརྩེ་བའི་དཔེ་བཞག་ཐབས་ཨ་ཡོད་ན།
ཡང་ན་ཚིག་ལ་སྣུམ་བཙིར་རྒྱུ་བཞག་ནས་མ་སྐྱེས་ཨ་མ་ཞེས་པ་དགའ་གྲོགས་མོའི་འདོད་རྒྱལ་གྱི་མིང་དུ་འདོད་དགོས་སམ།
ཡང་བསྐྱར་གླེང་བར་ཞུ།།
མ་སྐྱེས་ཨ་མ་ཞེས་པའི་དོན་ནི་་་་རྟག་པ་དང་ཨ་མའི་གཞི་མཐུན་པ་ཞིག་སྟེ་་དཔེར་ན་་་ཚངས་དབྱངས་རྒྱ་མཚོའི་མ་ལྟ་བུ་ལ་ཟེར་
སྤྱིར་བཏང་བཤད་ན་་་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དེ་་་་གོ་རྒྱུ་ཚོར་རྒྱུ་མེད་པའི་རྒྱལ་བའི་ཞབས་འདྲེན་མཁན་ཞིག་ཡིན་པ་འདྲ་གང་ཡིན་ཞེ་ན་་སྤྱོད་པ་ལ་གོ་རྒྱུ་མེད་པ་་་་སྐྱ་མིན་སེར་མིན་གྱི་སྤྱོད་པ་དང་་རྩོམ་ཆོས་ལ་གོ་རྒྱུ་མེད་པ་་འདི་རེད་དེ་རེད་མེད་པ་་་ཆོས་དང་འཇིག་རྟེན་སོགས་་་་བཞུགས་གནས་ལ་གོ་རྒྱུ་མེད་པ་་ཉིན་མོ་ཕོ་བྲང་དང་་་མཚན་མོ་གྲོང་འཁྱམས་་་་ཁོ་ན་གནང་བའི་་་་མྱི་ངན་ཞིག་ཡིན་རབས་ཐོས་་་་་་
ལྟ་སྙིང་འདོད་པ་ཞིག་བྱུང་སོང་། ལེགས་སོ།།
ལྕོགས་དང་སྐྱོགས་ཀྱི་ཁྱད་པར་ཤེས་ན་བཟང་། །
སྤྱན་རིས་སྤྱན་རས་གཉིས་ལ་ཞིབ་པར་ལྟོས། །
ཝར་ཎཱ་མགོ་བརྗོད་འཇོག་ལ་བྲེལ་མི་དགོས། །
ངོ་བོ་ཉིད་ལ་ཁ་ལྕེ་གཡོ་མི་རན། །
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བརྡ་དག་ཚིག་གི་མཁར་བར་མ་བརྟེན་པར། །
གཞུང་ཆེན་རི་ལ་འཛེགས་པར་བཞད་གད་རྒྱུ། །
འདི་ན་མགྲོན་པོ་མང་གི་རེ།
ཡག་རྟགས་རེད་ད།
མ་སྐྱེས་དགྲ་ཞེས་པ་ཞིག་འདུག་པ་དེའི་དོན་ནི། མ་སྐྱེས་གོང་གི་དགྲ་ཞེས་པ་རེད་འདུག་ག
རྒྱལ་བ་ཚངས་དབྱངས་པས། མ་སྐྱེས་ཨ་མ་་་་་་་གསུངས་པ་དེ་ད་ལྟ་མ་སྐྱེས་ཀྱང་འབྱུང་འགྱུར་གྱི་མ་ཡུམ་ལ་དགོངས་པ་སྟེ།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
ཤོག་རྩལ་ང་ལ་གཡར་དང་།།
ཐག་རིང་རྒྱང་ནས་མི་འགྲོ།།
ལི་ཐང་བསྐོར་ནས་སླེབས་ཡོང་།།
ཞེས་སྐུ་སྐྱེ་ཕྱི་མ་བོད་ཤར་ཕྱོགས་ལི་ཐང་དུ་འཁྲུངས་རྒྱུའི་དོན་དུ་བཀྲལ་བ་དང་གཅིག་ཏུ་བབས་སོ།།
རྣམ་པ་ཚོ་ཕེབས་པར་བསུ་བ་ཞུ། མི་ཉག་དུང་བརྡ་ལགས་ཀྱིས་ནོར་བཅོས་གནང་བར་ངོས་ལེན་དང་གུས་བརྩི་ཞུ། བཀའ་དྲིན་ཆེ། ཚངས་དབྱངས་རྒྱ་མཚོའི་མཛད་པ་རྣམ་འུ་ཅག་གི་སྣང་བར་འགྲོ་འགྲོ་ཞིག་མི་འདུག་སྟེ། དད་པ་ཅན་ཚོས་རྣལ་འབྱོར་བའི་སར་བཞག་ནས་མགུར་གླུའི་ཚིག་རེ་རེ་ལའང་སྔགས་ཀྱི་བཤད་པ་ཅི་མང་བྱས། མྱི་ལུགས་གཙོ་འཛིན་པ་ཚོས་མྱི་དྲངས་མོ་ཞིག་དང་ཚུལ་འཆོས་མེད་པ། བརྩེ་དུང་ཅན་ཞིག་རེད་ཟེར་ནས་ལེགས་ལེགས་འདྲ་ཞིག་ཀྱང་བརྗོད་མཁན་ཡོད། ཁོ་བོས་རྩོམ་ཡིག་ཐེབས་ཆག་འདི་བཤད་སྲོལ་ཕྱི་མའི་དབང་དུ་བྱས་ཏེ་བྲིས་པ་ཡིན། མ་སྐྱེས་ཨ་མ་ལ་འགྲེལ་བཤད་རྒྱག་སྟངས་གཉིས་ཡོང་གི་ཡོད་པ་དེ་གོང་དུ་དྲྭ་གྲོགས་གཉིས་ཀྱིས་བཤད་ཟིན་འདུག་པས་བསྐྱར་གླེང་མི་བྱེད།
‘ཤོག’ ཅེས་པ་ ‘གཤོག’ ལ་གཅོས་རོགས།
ཡི་གེ་གཏགས་ཀྱིན་གཏགས་ཀྱིན།
ཡིག་སྐྱོན་ཤོར་གྱིན་ཤོར་གྱིན།
མིག་གིས་མཐོང་གིན་མཐོང་གིན།
འགྱོད་པ་སྐྱེ་གིན་སྐྱེ་གིན།
གོང་དུ་(དྲངས་)ཞེས་པ་(དྲང་)ལ་བཅོས་རོགས།
སྙན་ངག་སྙན་མོ་རེད། ལྟ་ཚུལ་དྲང་མོ་རེད།
ཨ་ཝ་ཞེས་པ་ནི་དབུས་གཙང་སྐད་དུ་ཕྲུ་གུ་ཞེས་པའི་ཞེ་སའོ། འོན་ཏང་ཨ་བ་བྲིས་ན་ཡིག་ནོར་ཡིན་པར་སྙམ། ད་དུང་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།།
ཡང་སྤྲུལ་ཉི་མ་གཞོན་ནུ།།
བསིལ་ལྗོངས་མགོན་དུ་ཤར་ཡང་།།
ཕྱོགས་ཞེན་སྤྲིན་པ་ནག་པོས།།
རྟ་བདུན་འོད་ཟེར་སྒྲིབས་འདུག།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།།
འདི་ལྟར་བཞུད་པ་བདེན་ནམ།།
ཁྱེད་སྐུ་དུང་ཟླ་དཀར་པོ།།
ཐུགས་ཟིན་ན་ཆུང་ཚོགས་ལ།།
ཚངས་དབྱངས་དྲུག་འགྱུར་འཐེན་བཞིན།།
དབང་མེད་ནུབ་རི་བརྒལ་འདུག།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།།
འདི་ལྟར་བཞུད་པ་བདེན་ནམ།།
སྡུག་བསྔལ་དབུལ་བ་སེལ་བའི།།
སྐྱབས་གཅིག་འདོད་འབྱུང་བུམ་བཟང་།།
ཀུན་ལ་ཚད་ཐིག་འདེབས་པའི།།
བླུན་རྒན་ལག་ཏུ་ཤོར་འདུག།།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།།
འདི་ལྟར་བཞུད་པ་བདེན་ནམ།།
ཡོན་ཏན་བྱེ་བས་རྒྱན་པའི།།
གངས་རིའི་སྙིང་གི་ནོར་བུ།།
ཁྲེལ་མེད་གཡོ་སྒྱུ་ཅན་ཚོས།།
ཐབས་བརྒྱས་མཐའ་ལ་སྤྱུགས་འདུག།།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།།
འདི་ལྟར་བཞུད་པ་བདེན་ནམ།།
གངས་ལྗོངས་ན་གཞོན་ང་ཚོས།།
ཁྱེད་གསུང་དབྱངས་སུ་གྱེར་ནས།།
དྲན་པའི་སྐྱོ་གླུ་ལེན་བཞིན།།
མིག་མཐའ་མཆི་མས་བསྐོར་སོང་།།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ།།
འདི་ལྟར་བཞུད་པ་བདེན་ནམ།།
ཕྲན་བྲེ་སེར་འབྲོང་ནས་ཐོག་མར་འཚམས་འདྲི་ཞུ་བ་ལགས།
ཕྲན་གྱི་སྨྱུག་མིང་བྲེ་སེར་འབྲོང་དུ་གཏན་འཁེལ་ཞུ།
ཚངས་དབྱངས་རྒྱ་མཚོའི་ངག་ནས་འདི་འདྲའི་སྙན་ཚིག་ཅིག་ཡོང་ཐུབ་པ་དེ་ཁོང་གི་སྤྱངས་སྟོབས་གཅིག་པུ་མ་ཡིན་པར་མོན་པའི་གོམས་གཤིས་ཀྱིས་ཤུགས་རྐྱེན་ཆེན་པོ་ཞིག་ཀྱང་ཐེབས་པ་ཡིན་འདུག་སྟེ། མོན་གྱི་ལོ་ན་རྒན་གཞོན་ཀུན་གྱི་ངག་ནས་འདི་དང་འདི་འདྲ་བའི་མགུར་གླུའི་བྲོ་བ་ཅན་གྱི་སྙན་ཚིག་མང་དུ་ཐོས་ཐུབ་པ་རེད།
རྩོམ་པ་པོ་སུ་ཡིན་ད་ལྟ་དྲན་ཡུལ་དུ་མི་འདུག་མོད། འོན་ཀྱང་ཚངས་རྒྱམ་གྱི་མགུར་གླུའི་གྲལ་དུ་བཙུད་པའི་ཚན་པ་འགའ་ཞིག་དེ་སྔོན་ནས་མོན་ཡུལ་དུ་ཡོངས་སུ་ཁྱབ་པ་ཞིག་ཡིན་པ་ལས་ཁོང་གིས་གསར་དུ་བརྩམས་པ་ཞིག་མ་ཡིན་ཚུལ་ཡང་བཤད་འདུག
སྐད་ཆ་འདི་ལ་གནས་ལུགས་དེ་ཙམ་མི་འདུག་ལགས། ཚང་དབྱངས་རྒྱ་མཚོ་ནི་སྐུ་ན་ཆུང་དུས་ནས་ལྷ་སར་ཕེབས་པ་མ་ཟད་ཁོང་གསེར་ཁྲི་ལས་ཕབས་ནས་སོག་ཡུལ་ལ་བཙན་ཁྲིད་མ་བྱས་བར་ལྷ་ས་རང་ལ་བཞུགས་ཡོད་འདུག་པས་མོན་པའི་ཤུགས་རྐྱེན་ཐེབ་དོན་མེད་པ་རེད།
ལུང་རྟོགས་ལགས། ཚངས་རྒྱམ་གྱི་རྣམ་ཐར་ལ་ཕྱི་ནང་གསང་གསུམ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ཆུང་ཆུང་སྐབས་ནས་ལྷ་སར་ཡོང་བ་ཡིན་ནའང་མོན་གྱི་ཤུགས་རྐྱེན་ཐེབས་མི་ཆོག་པ་ཅི་ལ་ཡོད། ཡུལ་ཁམས་རེར་ཤ གསེང་རུས་གསེང་དང་མིའི་གཤིས་རྒྱུད་ལ་འཐིམ་པའི་ཁྱད་ཆོས་ཀྱང་ཡོད་པ་མངོན་སུམ་རེད།