མགོན་པོ་ཕྱག་གཉིས་པ།
དཔེ་ཀློག་བྱས་ནས་ཁ་ཁར་སྡོད་འདོད་ཀྱང་།།
མ་ཤེས་འཁྲུལ་བཤད་མང་པོ་མཐོང་བ་ན།།
ཁ་འདི་ཁ་རོག་སྡོད་ཐབས་མི་འདུག་པས།
སེམས་ལ་གང་དྲན་ཁ་རུ་བཏོན་པ་ཡིན།།
ཉིན་ཤས་གོང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐལ་ལྡན་བློ་གྲོས་ལགས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་ལ་འཁྱུག་ཙམ་ཉན་པ་ཡིན། དེའི་ནང་དམིགས་བསལ་དོ་སྣང་བྱུང་བ་ཞིག་ལ་སྐལ་ལྡན་བློ་གྲོས་ལགས་ནས་ཚིག་ཐག་ཆོད་པོས་བོད་དོན་དེ་རྒྱ་ནག་དང་གྲོས་མོལ་གྱི་ལམ་ནས་མ་གཏོགས་ཐག་གཅོད་ཐབས་མེད་པ་ལྟ་བུ་ཞིག་བཤད་པ་དེ་ངས་གོ་བ་དང་གད་མོ་ཞིག་ཀྱང་རང་དབང་མེད་པར་ཤོར་སོང་། རྒྱུ་མཚན་ནི་ངས་བསམ་བློའི་ནང་བོད་དོན་དེ་རྒྱ་བོད་གཉིས་གྲོས་མོལ་གྱི་ལམ་ནས་མ་གཏོགས་སེལ་ཐབས་མེད་པར་མཐོང་བའི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་དེ་ལ་ཡིད་ཆེས་རྩ་ནས་བྱེད་ཀྱི་མེད་པས་ཡིན། ཁོང་ནི་བོད་མིའི་སྤྱི་ཚོགས་ནང་གི་ཅུང་གོ་རིམ་མཐོ་བར་གནས་པའི་གསར་འགོད་པ་ཞིག་དང་ཤེས་ལྡན་མི་སྣ་ཞིག་རེད། བོད་ཀྱི་མཐོ་རིམ་ཤེས་ལྡན་མི་སྣའི་ནང་འདི་ལྟར་གཞི་རྩ་མེད་པའི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་དེས་བོད་མིའི་སྤྱི་ཚོགས་ནང་དེ་འདྲའི་མི་མང་པོ་ཞིག་ཡོད་པ་དེ་བསྟན་པ་རེད། ཞིབ་ཙམ་བསམ་ན་དེ་ནི་བོད་མིའི་སྤྱི་ཚོགས་ཙམ་གྱིས་མི་ཚད་པར་རྒྱལ་སྤྱིའི་ཐོག་གི་མི་སྣ་གང་མང་ཞིག་དང་རྒྱ་ཡི་མཁས་པ་མང་པོ་ཞིག་ནས་ཀྱང་དེ་ལྟར་བསམ་གྱི་ཡོད་པ་དེ་ཁོ་ཚོའི་གཏམ་བཤད་དང་བྲིས་རྩོམ་ཁག་ལས་མཐོང་ཐུབ་པ་ཞིག་རེད། དེས་ན་དོན་དག་འདི་གད་མོ་ཙམ་ཤོར་ནས་འཇོག་འོས་པ་ཞིག་ཀྱང་མིན་པས་དྲ་གྲོགས་ཚོ་དང་མཉམ་དུ་དཔྱད་གླེང་ཅུང་ཙམ་བྱེད་པར་སྤྲོ།
བོད་ནི་རྒྱ་གཞུང་གི་དབང་འོག་ཏུ་ཤོར་ནས་ད་ཆ་ལོ་དྲུག་ཅུ་ལྷག་འགྲོ་གི་ཡོད་པ་རེད། དེའི་རིང་བཟང་ངན་ལ་མ་ལྟོས་པར་རྩ་ཁྲིམས་དང་བཅའ་ཁྲིམས། ས་ཁུལ་གྱི་སྲོལ་ཞིག་སོགས་ལ་བཟོ་བཅོས་ཐེངས་སྔ་ཕྱིར་ཕྱིན་ཡོད་པ་རེད། ཡིན་ནའང་དེ་ནི་འདས་པ་ཡིན་པས་འདི་རུ་གླེང་སློང་བྱེད་ཀྱི་མིན། བོད་ཀྱི་འབྱུང་འགྱུར་སྐོར་གླེང་གི་ཡིན། ད་ཆ་རྒྱ་གཞུང་གི་འགོ་ཁྲིད་དག་ཕྱོགས་ཁག་ཏུ་ཆད་ནས་གོ་གནས་འཐབ་རྩོད་ནང་ཡོད་པའི་སྐབས་ཤིག་རེད། གཙོ་བོ་ནི་དམར་སྲིད་རྒྱུན་འཇགས་ཀྱི་ལྟ་བ་འཛིན་མཁན་དང་བཅོས་སྒྱུར་གྱི་ལྟ་བ་འཛིན་མཁན་ཕྱོགས་གཉིས་རེད། དེ་བས་བོད་ཀྱི་མདུན་ལམ་ལའང་ཕྱོགས་གཉིས་ནས་བལྟ་དགོས་པ་འདྲ། དམར་སྲིད་འཛིན་མཁན་ནམ་མཁྲེགས་འཛིན་པ་ཚོའི་ལག་ཏུ་དབང་ཆ་ཤོར་ནས་ཡུན་རིང་གནས་པ་ཡིན་ན་བོད་དོན་དེའང་འཆི་བའི་ལམ་ཁ་ལ་ཕྱོགས་རྒྱུ་ལས་གཞན་མེད་པ་རེད། དེ་ནི་བོད་དོན་ལ་རེ་ཆེན་པོ་མེད་པའི་ཕྱོགས་ཤིག་རེད། ད་ལྟའི་རྒྱ་ནག་དང་རྒྱལ་སྤྱིའི་འགྱུར་བ། རྒྱ་ནག་གི་དངོས་ཡོད་གནས་སྟངས་སོགས་གནས་དུས་གང་ལ་བལྟས་ཀྱང་རང་འཇགས་གནས་པ་དང་ཕྱི་བཤིག་བྱེད་པ་ནི་མི་སྲིད་པ་ཞིག་རེད། ཝུན་ཇ་པོས་ཡང་ཡང་གླེང་བཞིན་པ་དང་ཞི་ཅིན་ཕེན་གྱིས་ཀྱང་སྔ་ཕྱིར་བཤད་པ་ལྟར་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ངེས་པར་འགྲོ་གི་རེད་སྙམ།
ད་ཐེངས་ཀྱི་རྒྱ་ནག་གི་འགྱུར་བ་དེ་ཁོ་ཚོས་གླེང་བཞིན་པ་ལྟར་ཆབ་སྲིད་ཀྱི་འགྱུར་བ་རེད། འགྱུར་བ་ག་འདྲ་ཞིག་འགྲོ་གི་རེད་ཟེར་ན་ད་དུང་ལན་འདེབས་བྱེད་དཀའ་བ་ཞིག་རེད། གང་ལྟར་མགྱོགས་པོའམ་རིམ་པས་རྒྱ་ནག་དམངས་གཙོར་འགྱུར་རྒྱུ་ཡིན་པ་དེའང་ཕྱོགས་གང་ནས་བལྟས་ཀྱང་གཡོལ་ཐབས་མེད་པའི་དོན་དག་ཅིག་རེད། ཁོ་ཚོ་དམངས་གཙོར་ཆགས་སྐབས་བོད་དོན་དེ་གང་འདྲ་ཞིག་ཏུ་འགྲོ་གི་རེད་དམ། དེ་ཡང་བཤད་ཚོད་མི་ཐིག་པ་ཞིག་རེད། གཙོ་བོ་དེ་སྐབས་ཁོ་ཚོས་གྲངས་ཉུང་མི་རིགས་ཆེ་ཁག་ལ་སྲིད་བྱུས་ཀྱི་གདན་ག་འདྲ་ཞིག་བཏིང་རྒྱུ་ཡིན་མིན་ལ་བལྟ་དགོས་པ་རེད། མི་མང་འཐུས་མི་ཚོགས་ཆེན་ཟེར་བར་དབང་ཚད་ག་འདྲ་ཞིག་ཡོད་མེད་དང་། ལྷག་པར་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དག་ལ་དབང་ཚད་ག་འདྲ་ཞིག་སྤྲད་མིན། མི་རིགས་ཤིག་ལ་ཡོད་དགོས་པའི་རང་ཐག་རང་གཅོད་ངོ་མ་ཞིག་སྤྲད་རྒྱུ་ཡིན་མིན་ལ་བལྟ་དགོས་པ་རེད། འཛམ་གླིང་མི་མང་དང་བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་བལྟ་བསྡད་རྒྱུ་ཡིན་པ་རེད། གྲངས་ཉུང་མི་རིགས་ཆེ་ཁག་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཞིག་མ་སྤྲད་པ་ཡིན་ན། ཁོ་ཚོའི་དམངས་གཙོ་དེ་ཡང་སྙིང་པོས་སྟོང་བའི་ཆུ་ཤིང་གི་སྨྱུག་མ་ཙམ་ཞིག་དང་ཕྱི་ཤུན་ཙམ་ཞིག་ལས་མིན་པས་ཕྱི་ནང་གཉིས་སུ་སྐད་འབོད་བྱེད་མཁན་སྔར་བཞིན་མཚམས་ཆད་རྒྱུ་མིན་པ་དང་རྒྱ་ནག་ནང་རྒྱལ་སྤྱིའི་བྱུས་གཏོགས་ཀྱང་སྔར་བཞིན་སླེབས་རྒྱུ་ཡིན་པས། རྒྱ་ནག་གིས་བསམ་བློ་སྐྱར་མ་ཞིག་དང་བཅོས་སྒྱུར་སྐྱར་མ་ཞིག་བྱེད་དགོས་ཐུག་གི་རེད།
ཁྱེད་ཀྱིས་འདི་བར་དུ་ཀློག་པ་ཡིན་ན། གོང་གསལ་གྱི་བོད་དོན་དེ་རྒྱ་བོད་གྲོས་མོལ་ལམ་ནས་སེལ་གྱི་རེད་བསམ་པ་དེ་ནོར་འཁྲུལ་ཡིན་པ་སེམས་ལ་རོབ་ཙམ་འཆར་སྲིད་ཀྱང་ཆ་ཚང་བ་དང་ཡོངས་སུ་རྫོགས་པ་ཞིག་ད་རུང་འཆར་དཀའ་བར་མཐོང་བས་འདི་ནས་མར་བཙན་བྱོལ་བོད་གཞུང་གི་གནས་སྟངས་དང་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་ལ་འཛིན་པའི་ལྟ་སྟངས་སོགས་ཀྱི་སྐོར་ནས་རོབ་ཙམ་ཞུས་པ་ཡིན་ན་གཞི་ནས་ཁྱེད་རང་ལ་ནོར་འཁྲུལ་ཅན་གྱི་བསམ་བློ་དེའི་སྐོར་གོ་རྟོགས་རགས་ཙམ་སྐྱེ་བར་ཡིད་ཆེས་བྱེད་ཀྱི་ཡོད། ཐོག་མར་ངས་བཙན་བྱོལ་བོད་གཞུང་དང་འབྲེལ་བའི་དྲི་བ་ཁ་ཤས་ཞུ་གི་ཡིན། རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་དེ་བོད་མི་མང་གི་སྐུ་ཚབ་དང་བོད་མི་མང་གི་གཞུང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་དམ། དེ་ལྟར་ངོས་འཛིན་བྱེད་གི་རེད་དམ། དེ་ལྟར་མིན་ན་བཙན་བྱོལ་བོད་གཞུང་དང་འབྲེལ་མོལ་བྱེད་དགོས་པ་ག་རེ་ལྷག་ཡོད་པ་རེད། བོད་ནང་དུ་རང་དབང་ཡོད་པ་ཡིན་ན་བོད་མི་མང་གི་སྐུ་ཚབ་དང་དོན་གྱི་བདག་པོ་དེ་གཞིས་བཞུགས་བོད་མི་རྣམས་ཡིན་དགོས་པ་ལས་བྱེས་བཞུགས་ཀྱི་གཞུང་ཡིན་མི་སྲིད་པ་རེད། དེས་ན་བོད་ནང་གི་མི་མང་ཚོའི་འདོད་འདུན་ལྟར་ཐག་གཅོད་བྱེད་པ་ལས་བཙན་བྱོལ་བོད་གཞུང་ལ་དེ་དོན་སྐོར་འབྲེལ་མོལ་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡོད་པ་རེད། བཙན་བྱོལ་བོད་གཞུང་དེ་སྔོན་མའི་བོད་གཞུང་གི་ཤུལ་འཛིན་པ་ལྟ་བུ་ཞིག་ཡིན་ནའང་ད་ཆ་བཙལ་བྱོལ་དུ་ཡོད་པའི་བོད་མི་གཅིག་པུའི་སྒྲིག་འཛུགས་ལྟ་བུ་ཞིག་ཏུ་མིང་བསྒྱར་བྱས་ཡོད་པས། ལྷག་པར་དུའང་རྒྱ་གཞུང་གིས་ཕྱི་ལོགས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཤིག་ལ་ག་རེ་བྱས་ནས་ནང་གི་འགྱུར་བའི་སྐོར་གྲོས་མོལ་བྱེད་དགོས་པ་རེད། བོད་གཞུང་ལ་རྒྱལ་སྤྱིའི་ནང་བོད་དོན་ཐད་ནུས་པ་དང་ཤུགས་རྐྱེན་ཆེན་པོ་རྒྱ་གཞུང་གིས་འབྲེལ་བ་ངེས་པར་མ་བྱེད་ཐབས་མེད་ཆགས་པ་དེ་འདྲ་ག་རེ་ཡོད་པ་རེད།
ནོར་འཁྲུལ་ཅན་གྱི་བསམ་བློའི་འབྱུང་རྐྱེན་ལ་དཔྱད་པ།
གོང་གསལ་འདི་དག་ལས་ང་ཚོར་ངོ་འཕྲོད་པ་ནི། བོད་དོན་དེ་རྒྱ་མི་དང་གྲོས་མོལ་གྱིས་མ་གཏོགས་སེལ་ཐབས་ཡོད་པ་མ་རེད་བསམ་པ་དེ་ནོར་འཁྲུལ་ཡིན་པ་སྟོན་གྱི་ཡོད་པ་རེད། མི་མང་པོའི་སེམས་ལ་ནོར་འཁྲུལ་འདི་ལྟ་བུ་ཞིག་འབྱུང་བཞིན་པ་དེ་ལའང་ཁག་མི་འདུག་སྙམ། དེ་ལའང་རྒྱུ་མཚན་ཞིག་དང་གོ་རིམ་ཞིག་ངེས་པར་ཡོད་པར་མཐོང་། དང་པོ་བོད་དེ་བོད་གཞུང་དང་བོད་ཀྱི་རྒྱལ་ཕྲན་དཔོན་ཕྲན་ཚོའི་ལག་ནས་ཕར་རྒྱ་གཞུང་ལ་ཤོར་བ་རེད། ཚུར་བཙན་བྱོལ་དུ་ཡོང་སྐབས་རང་ཉིད་བོད་གཞུང་དང་བོད་ཀྱི་སྐུ་ཚབ་ངོ་མ་དེ་ཡིན་བསམ་གྱི་ཡོད་པ་རེད། བོད་དེ་ཤོར་ས་ནས་ཚུར་ལེན་གྱི་ཡིན། ལེན་མཁན་རང་ཉིད་ཡིན་བསམ་གྱི་ཡོད་པ་རེད། བོད་དོན་སྐོར་སྐད་ཆ་སུ་ཞིག་ནས་བཤད་ཀྱང་བཤད་ས་དེ་བོད་གཞུང་ཡིན་བསམ་གྱི་ཡོད་པ་རེད། དེ་ལྟར་རེད་ཀྱང་རེད་བདེན་པ་རེད། ད་ཆ་རྒྱ་ནག་དང་བོད་གཞུང་གི་གནས་སྟངས་སོགས་ལ་འགྱུར་བ་ཕྱིན་ཚར་བ་རེད་དེ། མང་པོ་ཞིག་གི་ཐོག་མའི་བསམ་བློའི་འཛིན་སྟངས་ཏེ་བོད་གཞུང་དེ་སྔོན་མའི་བོད་གཞུང་གི་ཤུལ་འཛིན་ཡིན་པས་བོད་དོན་དེ་བོད་གཞུང་དང་འབྲེལ་མོལ་གྱིས་ཐག་གཅོད་བྱེད་དགོས་ཀྱི་རེད་བསམ་པ་དང་དེ་ལྟར་ཐག་གཅོད་བྱེད་ཀྱི་རེད་བསམ་པ། བོད་གཞུང་དང་འབྲེལ་བ་མ་བྱས་པར་བོད་དོན་ཐག་གཅོད་ཐབས་རྩ་ནས་ཡོད་པ་མ་རེད་བསམ་པའི་ནོར་འཁྲུལ་ཅན་གྱི་ཨ་འཐས་ཀྱི་བསམ་བློ་འདི་མིག་སྔའི་གནས་ཚུལ་ལ་འགྱུར་བ་ཕྱིན་ཡོད་ཀྱང་བསམ་བློ་དེ་སྔར་བཞིན་འགྱུར་བ་མ་ཕྱིན་པར་བཅངས་བསྡད་ཡོད་པ་རེད།
ད་དུང་ནོར་འཁྲུལ་ཅན་གྱི་བསམ་བློ་འདིར་འགྱུར་བ་མ་ཕྱིན་པར་ཨ་འཐས་སུ་གནས་རྐྱེན་གཞན་པ་ཞིག་ནི། རྗེས་སུ་རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ཕར་གདན་ཞུ་བྱས་ཏེ་བོད་གཞུང་བསྡུ་གསོག་བརྒྱབ་ནས་གུང་ཁྲན་ཏང་གི་དབང་འོག་ཏུ་འཐབ་ཕྱོགས་གཅིག་གྱུར་ཡོང་བའི་ཆེད་དུ་འཐབ་ཕྱོགས་གཅིག་གྱུར་ཁང་ནས་ཚུར་བོད་གཞུང་ལ་འབྲེལ་བ་བྱས་པ་རེད། བོད་གཞུང་གིས་རྒྱ་མིའི་དམིགས་ཡུལ་དང་བསམ་ཚུལ་ངོ་མ་མ་རྟོགས་པའམ་གང་ལྟར་བོད་དོན་དེ་ཕན་ཚུན་གཉིས་མོལ་ལམ་གཉིས་མོས་ཀྱི་ལམ་ནས་ཐག་ཆོད་ས་རེད་སྙམ་པའི་རྨི་ལམ་སྟོང་བ་ཞིག་རྨིས་མགོ་བཙུགས་པ་རེད། རྒྱ་གཞུང་ལ་འབྲེལ་བ་རིམ་པ་བྱས་པ་རེད། ༧རྒྱལ་བ་རིན་པོ་ཆེས་ཀྱང་བོད་དོན་དེ་ཕན་ཚུན་གཉིས་མོས་ཀྱི་ལམ་ནས་སེལ་འོས་པའི་དགོངས་ཚུལ་ཡང་ཡང་བཏོན་པས་རྒྱལ་སྤྱིའ་ཐོག་གི་བོད་དོན་མི་སྣ་གང་མང་། བོད་མི་ཕལ་ཆེ་བ། རྒྱ་མི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གི་སེམས་ཁ་རྒྱ་བོད་གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་རྒྱུ་ཡིན་པར་བློ་ཁ་ཕྱོགས་པ་རེད། ཝང་ལི་ཞུང་གིས་ཀྱང་བོད་དོན་གྱི་ལྡེ་མིག་༧རྒྱལ་བ་རིན་པོ་ཆེ་ཡིན་པར་བཤད་པ་རེད། དོན་དངོས་ལ་ཉེ་བར་བཅར་ནས་ཞིབ་ཙམ་དཔྱད་ན་བསམ་ཚུལ་དང་ལྟ་བ་འདི་དག་ནི་གཞི་རྩ་མེད་པ་དང་ནོར་འཁྲུལ་ཅན་ཞིག་ཡིན་པ་ང་ཚོར་ར་སྤྲོད་འབྱུང་གི་རེད། རྒྱ་གཞུང་གིས་བོད་གཞུང་ལ་འབྲེལ་བ་འཛིན་པ་དེ་བོད་དོན་མིན་པར་བོད་གཞུང་རྩ་མེད་བཟོ་བའི་ཆེད་ཡིན་པ་ཕྱོགས་དུ་མ་ནས་ཁུངས་སྐྱེལ་བྱེད་ཐུབ་པ་རེད། ཁོ་ཚོས་ཐོག་མའི་འཆར་གཞི་ལྟར་བོད་གཞུང་བསྡུ་གསོག་རྒྱག་མ་ཐུབ་པ་རེད། རྗེས་སུ་རྒྱ་དཔོན་ཀྲང་ཆིས་ལེན་གྱིས་། བོད་གཞུང་དེ་སྦྲུལ་ལྟ་བུ་ཞིག་དང་༧རྒྱལ་བ་རིན་པོ་ཆེ་སྦྲུལ་མགོ་ལྟ་བུ་ཞིག་ཏུ་བརྗོད་དེ་སྦྲུལ་གསོད་ན་དང་པོར་སྦྲུལ་མགོ་རྫོགས་དགོས་པ་རེད་ཟེར་ནས་དམར་རྗེན་དུ་བཤད་པ་ལྟར་རེད།
ཕན་ཚུན་གཉིས་མོལ་ཟེར་བ་འདི་དབུ་མའི་ལམ་པ་བ་ཚོས་བོད་དོན་ཆེད་བཤད་རྒྱུའི་སྐད་ཆ་ཡོད་ན་མེད་ན་ཞིག་རེད། སྐད་ཆ་འདི་ལ་རེ་བ་ཡོད་མེད་བཤད་ན་རེ་བ་ཆེན་པོ་མེད་པ་གོང་སོང་ལྟར་རེད། གཞན་པ་ཁོ་ཚོས་བཤད་རྒྱུ་གཙོ་བོ་ཞིག་ནི། བོད་དང་བོད་ཀྱི་རིག་གཞུང་། སྐད་ཡིག་གོམས་སྲོལ་སོགས་རྩ་མེད་དུ་མ་འགྲོ་བའི་ཆེད་ཟེར་ནས་བཤད་ཀྱི་ཡོད་པ་རེད། དེ་ཡང་གཅིག་པ་གཅིག་རྐྱང་རེད། རེ་སྟོང་བཅངས་པ་ཙམ་རེད། རྒྱ་གཞུང་ལ་འགྱུར་བ་མ་ཕྱིན་པར་སྦྲུལ་ལྟ་བུར་མཐོང་བའི་གཞུང་ལ་འབྲེལ་བ་བྱེད་ཀྱི་མ་རེད། བྱས་པ་ཡིན་ནའང་ཀུན་སློབ་སྔོན་མའི་དེ་ལས་མ་མཆིས། གོང་སུ་བཤད་པ་ལྟར། རྒྱ་གཞུང་ལ་འགྱུར་བ་ཕྱིན་པ་ཡིན་ན་བོད་མི་མང་གི་འདོད་འདུན་ལྟར་མི་རིགས་སྲིད་བྱུས་དེ་ཡང་བཟང་ཕྱོགས་སུ་འཕེལ་རྒྱུ་ཡིན་པ་དང་རང་མི་རིགས་ཀྱི་ངོ་བོ་དེ་བོད་ནང་གི་མི་མང་ཚོས་གཅེས་འཛིན་བྱེད་ཐུབ་རྒྱུ་ཡིན་པས་བོད་གཞུང་ལ་ཕར་ལག་པ་བསྲིང་ས་ཞིག་དང་ནུས་པ་འདོན་ས་ཞིག་ངས་ནི་ཤིན་ཏུ་ནས་ཀྱང་མཐོང་དཀའ་འོ།
དེས་ན་བོད་གཞུང་གིས་ག་རེ་བྱེད་དགོས་པ་རེད། བོད་གཞུང་ལ་བོད་ནང་དམིགས་བསལ་བྱེད་རྒྱུ་མེད་ནའང་རྒྱལ་སྤྱིའི་ཐོག་ལས་ཀ་བྱེད་རྒྱུ་མང་པོ་ཞིག་ཡོད་པ་རེད་འདོད། རྒྱ་བོད་གཉིས་མོལ་གྱི་འབྲེལ་ལམ་དེའང་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཆ་ཤས་གཙོ་བོ་ཞིག་ཏུ་བཟུང་ན་འགྲིགས་པར་སྙམ། གཙོ་བོ་རང་ཉིད་ཀྱི་རྐང་པ་སྲ་བརྟན་དང་ནུས་པ་ཆེ་བསྐྱེད། རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཡོང་ཐབས། ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་། བར་སྐབས་ཤིག་ནས་ཁ་རྒྱ་ལ་འཁོར་ཏེ་སྣང་ཆུང་ཅམ་འཇོག་ཏུ་ལུས་པའི་མཉམ་སྦྲེལ་རྒྱལ་ཚོགས་ནང་བཞག་པའི་གྲོས་ཆོད་ཁག་ལ་མཇུག་གནོན་ཡོང་ཐབས། རྒྱལ་སྤྱིའི་ནང་བོད་ནང་རང་དབང་སྤུ་ཙམ་མེད་པའི་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ངོ་མ་ཞིག་ཡོང་ཐབས། དབུ་མའི་ལམ་ཟེར་བ་ནུས་མེད་ཀྱི་སྲིད་བྱུས་དེ་ཁ་ནས་མ་ཎི་བགྲང་བགྲང་བྱེད་པ་ལས་ བོད་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་སྟེ་ རང་ཐག་རང་གཅོད་ ཟེར་བ་འདི་བོད་མི་རྣམས་ལ་ཆ་ཚང་ཞིག་མ་རག་བར་དུ། རྒྱ་གཞུང་གི་རྣ་ལམ་དང་རྒྱལ་སྤྱིའི་སྙན་ལམ་དུ་འོན་འོན་བར་དུ་བསྒྲགས་ཤིང་འབོད་དགོས་པར་མཐོང་། མ་ནི་ཡིག་དྲུག་གི་ཚབ་ཏུ་རང་ཐག་རང་གཅོད་ཐོན། ༧རྒྱལ་བའི་ཞབས་བརྟན་གྱི་ཆེད་དུ་རང་ཐག་རང་གཅོད་སྐོར་ཀློག་འདོན་བྱོས། རྒྱ་བོད་འབྲེལ་མོལ་བྱུང་ན་རང་ཐག་རང་གཅོད་སྒྲོགས། བོད་མི་མང་གི་མགྲིན་ཚབ་དང་སྐུ་ཚབ་ངོ་མ་ཞིག་བྱེད་འདོད་ན་རང་ཐག་རང་གཅོད་གླེང་། རང་བཙན་དང་ཚད་མཐོའི་རང་སྐྱོང་ཟེར་ནས་གང་ཟག་སྒེར་བ་རྐྱང་གི་བསམ་ཚུལ་གླེང་སྡོད་པ་ལས་རང་ཐག་རང་གཅོད་གླེང་།
ཉོན་ཅིག རྒྱ་གཞུང་དང་བོད་གཞུང་གཉིས་ཀར་བོད་མིའི་མདུན་ལམ་ཐག་གཅོད་པའི་དབང་ཚད་མེད་པ་དེ་ཤེས་པར་གྱིས། མ་འོངས་པ་ན་བོད་མི་མང་གི་མདུན་ལམ་བོད་མི་རང་གིས་ཐག་གཅོད་པའི་དབང་ཚད་ཡོད་པ་དེ་ལ་ང་ཚོ་ཚང་མས་བརྩི་འཇོག་བྱེད་དགོས་ངེས་སུ་མཐོང་།
བསྒྲགས་པར་འདོད་ན་རང་ཐག་རང་གཅོད་སྒྲོགས།།
རྩོད་པར་འདོད་ན་རང་ཐག་རང་གཅོད་རྩོད།།
རང་ཐག་རང་གཅོད་བོད་མིའི་ཐོབ་ཐང་ཡིན།།
ཁྱོད་ཀྱིས་འཁྱེར་དང་གཞན་གྱིས་འཕྲོག་ས་མེད།།
མོ་ཡིས་བཤད་ན་རང་བཙན་དགོས་ཡོད་ཟེར།།
ཁོང་གིས་གསུང་ན་རང་སྐྱོང་རྩོད་སླ་ཟེར།།
ཁྲིམས་མཐུན་ཐོབ་ཐང་རང་ཐག་རང་གཅོད་རེད།།
ལྕེ་རྩེ་ཡར་མར་ཡོ་དོན་ཅི་ལ་ཡོད།།
རང་ཐག་རང་གཅོད་རྒྱལ་གྱུར་ཅིག །
མགོན་པོ་ཕྱག་གཉིས་པའི་བསམ་ཚུལ་ལ་རྒྱུ་མཚན་འདུག། རྒྱབ་སྐྱོར་ཡོད་།
དཔྱད་གཏམ་ཡག་པོ་ཞེ་དྲག་བྲིས་གནང་འདུག་པར་ལེགས་སོ་ཟེར་མི་ཐུབ་པ་ཁག་ཅིག་འདུག་སྟེ་རེ་ཞིག་འཇོག་གི་ཡིན།
མགོན་པོ་ཕྱག་གཉིས་པས་བསམ་ཚུལ་་ལ་ང་ནི་ག་དུས་ཡིན་ཡང་མོས་མཐུན་ཡོད།
མགོན་པོ་ཕྱག་གཉིས་པ་ལགས་ནས་དཔྱད་རྩོམ་གནད་ལ་ཁེལ་བ་ཞིག་བྱས་འདུག
ཡག་པོ་རེད། དགའ་བོ་བྱུང་།
བཙན་བྱོལ་ནང་གི་ཆབ་སྲིད་པ་ང་ཡིན་ཟེར་མཁན་མང་པོ་ཞིག་ལ་ཕན་ཐོག་ཡོང་ངེས་རེད། ཁོང་ཚོར་དཔྱད་གཞིའི་ཁ་ཕྱོགས་ཤིག་བསྟན་པ་རེད་སྙམ།
སྐད་ཆ་འདི་འདྲ་ཤོད་ཡོང་ན་ཁ་བཙུམ་ནས་སྡོད་ཐབས་མི་འདུག
༡་ བཙན་བྱོལ་བོད་གཞུང་དེ་སྔོན་མའི་བོད་གཞུང་གི་ཤུལ་འཛིན་ལྟ་བུ་ཞིག་ཡིན་ནའང་ད་ཆ་བཙན་བྱོལ་དུ་ཡོད་པའི་བོད་མི་གཅིག་པུའི་སྒྲིག་འཛུགས་ལྟ་བུ་ཞིག་ཏུ་མིང་བསྒྱུར་བྱས་ཡོད་པས། རྒྱ་གཞུང་གིས་ཕྱི་ལོགས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཤིག་ལ་ག་རེ་བྱས་ནས་ནང་གི་འགྱུར་བའི་སྐོར་གྲོས་མོལ་བྱེད་དགོས་པ་རེད་ཟེ་ཟེར།
མགོན་ཕྱག་ལགས། ཁྱེད་འདི་ལྟར་ཤོད་པ་ནི་རང་གི་ཀླད་པའི་ཚད་གཞི་གཞིར་བཟུང་ནས་གོ་བ་ལེན་ཕྱོགས་ཙམ་རེད། བཙན་བྱོལ་བོད་གཞུང་ཞེས་པ་བོད་མིའི་སྒྲིག་འཛུགས་ལ་མིང་བསྒྱུར་བྱས་པ་ནི་བདེན་ན་ཡང་། བཙན་བྱོལ་དུ་ཡོད་པའི་བོད་མི་གཅིག་པུ་ཡི་ཆེད་དུ་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ཤེས་པ་ཡིན། དེ་འདྲ་ཐག་གཅོད་བྱ་མཁན་སུ་རེད། གང་ནས་བྱས་པ་རེད། སྐད་ཆ་འདི་འདྲ་ནི་ཁྱོད་བུའི་མི་ཁག་ཅིག་གི་འོལ་ཚོད་དང་ལོང་བཤད་ཙམ་མ་རེད་དམ།
བཙན་བྱོལ་བོད་གཞུང་ནས་བོད་མིའི་སྒྲིག་འཛུགས་ལ་མིང་བསྒྱུར་བྱས་པ་ནི་བོད་མིའི་ཞི་བའི་འཐབ་རྩོད་ལ་མིག་རྒྱང་ལེ་དབར་སྟོང་ཕྲག་གི་ཁོར་བརྒྱ་ཇེ་ཡངས་སུ་བཏང་ཡོད་པ། དཔེར་ན། སྒྲིག་འཛུགས་འདིའི་ཁུངས་སུ་ཞུགས་འདོད་པའི་མི་ཞིག་ཡིན་ན་བཙན་བྱོལ་པ་རྐྱང་བ་ལས་གཞན་ཡིན་མི་ཆོག་པ་དེ་འདྲ་ཡིན་དགོས་གི་མ་རེད་ལ། བོད་རིགས་ཁོ་ན་མ་གཏོགས་སྒྲིག་ཁུངས་སུ་ཞུགས་མི་ཆོག་པ་དེ་འདྲའང་མ་རེད།
དོན་དག་དེ་གཉིས་ཀྱི་དོན་གནད་ཡིད་ལ་ངེས་ཐུབ་ན་བོད་མིའི་སྒྲིག་འཛུགས་ནི་ལོ་ངོ་ལྔ་བཅུ་ཙམ་མ་ཟད་ལྔ་བརྒྱ་ཐམ་པར་འཐབ་རྩོད་བྱེད་དགོས་ནའང་རྩ་བ་ཇེ་བརྟན་དང་ཡལ་ག་ཇེ་རྒྱས་ལ་བཏང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ནི་རྡ་རམ་ས་ལར་རྩ་བ་ཚུགས་པའི་ཡལ་ག་དང་ལོ་མ་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་ཡོད་པ་མ་ཟད། ཐ་ན་བོད་ནང་དུ་མྱུ་གུ་འབུས་ཆོག་པའི་སྒྲིག་འཛུགས་སྲ་བརྟན་ཤིག་རེད།
རྒྱ་གཞུང་དང་ཞི་མོལ་ཡོང་རེ་བྱེད་པ་ནི་ང་ཚོས་རང་གི་བསམ་ཚུལ་ལེགས་ཕྱོགས་སུ་བཏང་བ་ཙམ་ཡིན་པ་ལས་ཐབས་ལམ་གཞན་མེད་པར་རྙེད་པའི་འུ་ཐུག་པའི་ལམ་ཁ་བཙལ་བ་མ་ཡིན། གལ་ཏེ་རྒྱ་གཞུང་གིས་དུས་ཡུན་ག་ཚད་ཕྱིར་འཐེན་བྱས་ནས་ང་ཚོར་འབྲལ་བ་མི་བྱེད་ན་ང་ཚོས་ཀྱང་དེ་ཚེ་བར་དུ་ངང་སྒུག་བྱེད་ཆོག་གི་རེད། མཐར་གྱོང་གུན་ཕོག་ས་དེ་རྒྱ་གཞུང་ལ་ཕོག་པ་ལས་ང་ཚོར་ཕོག་གི་མ་རེད། དོན་དག་འདི་རྒྱ་གཞུང་ཡིན་ནའང་རེད། བོད་རྒྱ་ཞི་མོལ་ལ་མི་འཐད་པའི་སྣ་ཐག་ཐུང་བའི་བོད་རིགས་དེ་ཚོ་ཡིན་ན་ཡང་རེད། ཚང་མས་ག་ལེར་ལྟ་ཆོག་གི་རེད།
ད་རུང་ནོར་འཁྲུལ་གྱི་སྐད་ཆ་མང་ནའང་འདིར་མི་ཤོད་་་
བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ལོན་པས་དབང་དུ་བྱས་རུང་རྒྱའི་ལག་མཐིལ་དུ་བསྡད་ཡོད་པ་རེད། གང་ལྟར་ལག་མཐིལ་དེར་བསྡད་ཕྱིན་ཆད་འཆི་ལམ་དུ་ཞུགས་པ་དང་གཉིས་སུ་མི་འདུག རང་སྲིད་རང་སྐྱོང་གི་ཐོབ་ཐང་འོག་ནས་རྒྱ་མི་རིགས་བོད་དུ་ཡོང་བར་ཚོད་འཛིན་བྱེད་ཐུབ་བམ། བོད་ཀྱི་སྤྱི་ཚོགས་ཁྲོད་རྒྱའི་སྐད་ཡིག་གི་ཁབ་ཚད་ལ་སྟངས་འཛིན་བྱེད་ཐུབ་བམ། ངས་བསམ་ན་དཀའ་རྒྱུ་རེད་འདོད། ལྷག་པར་དུ་དུས་ཡུན་རིང་པོར་དཀའ་རྒྱུ་རེད། དེ་བས་འདི་འཆི་ལམ་རེད་འདོད།
གོང་དུ་(ཁབ་)ཅེས་པ་(ཁྱབ)་ལ་བཅོས་རོགས།
དྲ་གྲོགས་ཕྱག་གཉིས་ལགས།
གཞི་རྩའི་བསམ་ཚུལ་གཅིག་པ་ཡིན་འདུག་པས་ཁྱེད་ལ་རྒྱབ་སྐྱོར་ཞུ། ཁྱེད་དང་ཁྱེད་ལ་རྒྱབ་སྐྱོར་ཞུ་མཁན་མཆན་པ་དག་གིས་ཉེ་ཆར་ཁོ་བོས་དུས་བབ་ཐོག་བྲིས་པའི་ ཆིག་སྒྲིལ་གྱི་ལྡེ་མིག་ ཅེས་པ་ལན་རེ་ཀློག་རོགས་ཞུ། དེའི་འབྲེལ་ལམ་འདིར་ཕུལ་ཡོད། http://tibettimes.net/news.php?id=6730
ཐུ་བ་རྒྱ་མཚོ་ལགས་སུ་འདྲི་རྒྱུར། ད་ལྟའི་བར་ཏུ་བོད་གཞུང་ངམ་བོད་ཀྱི་སྒྲིག་འཛུགས་ཀྱིས་བོད་ནང་དུ་གང་དང་གང་གནང་ཐུབ་པ་ཡོད་དམ། ཁྱེད་ཀྱིས་དཔེ་མཚོན་འགའ་བཀོད་རྒྱུ་ཡོད་པའི་རེ་བ་ཞུ།
དེ་མིན་རང་ཐག་རང་གཅོད་ལ་དགེ་སྐྱོན་ཡོད་པར་འདོད་ཀྱི་ཡོད། རང་གི་དོན་རང་གིས་ཐག་གཅོད་པ་ལ་མི་མང་གི་ཤེས་ཚད་གོང་མཚམས་ཡོད་དགོས་པ་ཤིག་དང་། གཞན་གྱིས་དེ་ལྟ་བུའི་ཐག་གཅོད་ལ་ཤུགས་རྐྱེན་ཡང་སྤྲོད་ས་ཡོད་པ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་། རྩ་བའི་སྲིད་ཇུས་དེར་ནོར་འཁྲུལ་འཁེལ་མེད་རུང་། དེའི་ལག་ལེན་ལ་ཁྱད་པར་ངེས་ཅན་ཐོན་སྲིད་པ་ཞིག་རེད་འདོད་ཀྱི་ཡོད།
ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་དང་དེ་རིང་་གི་མགོན་པོ་ཕྱག་གཉིས་ཀྱིས་བསམ་བློ་རང་བཞིན་གྱི་རྩོམ་ཡིག་ཅིག་སྤེལ་བར་དགའ་བསུ་དང་ཡི་རངས་ཞུ། ཤེས་ཡོན་པ་ཟེར་བ་མ་མཐར་ཡང་གཞི་རིམ་མང་ཚོགས་ལས་ཅིས་ཀྱང་སྔོན་ལ་སླེབས་པ་ཞིག་ཡིན་དགོས་པ་ཅི་ལ་མིན། འོན་ཀྱང་། དེ་ནི་ད་དུང་དྲ་ངོས་འདིར་རེ་གཉིས་ཙམ་ལས་དཀོན་ཚོད་དུ་གདའ།
བསམ་ཚུལ་ལེགས་པོ་འདུག་་་་་་་་་འོན་ཀྱང་ཀུན་སློང་དང་ལྟ་སྤྱོད་བཟང་པོ་འཛིན་རོགས་ཞུ།་་་་་་་་་་་་་་་་བཙན་བྱོལ་བོད་གཞུང་གིས་མིང་བསྒྱུར་བྱས་པར་ཐག་གཅོད་ལས་སླ་པོའི་ཐོག་ནས་བྱས་མེད་པ་རེད་བསམ་ཡོད།་་་་་་་གནས་ཡུལ་ཁྲིམས་ཐོག་གི་གོ་མིང་ནི་༼བཙན་བྱོལ་བོད་མིའི་སྒྲིག་འཛུགས་༽་རེད། བོད་གཞུང་ཞེས་པ་ང་ཚོ་མི་མང་གི་ནང་ང་ཚོས་དང་དུ་བླང་ནས་བེད་སྤྱད་དགོས་པ་གནད་འགག་རེད་དོ། ་
རྩོམ་ཡིག་ལ་རིན་ཐང་ཁྱི་ཏུག་ཙམ་ཡང་མེད་པས་ཀློག་རིན་མི་འདུག དུས་ཚོད་འཕྲོ་བརླག་རང་རེད། བོད་ཀྱི་ད་ལྟའི་ཛ་དྲག་སྐྱོབ་མི་ཐུབ་པར་ཕུགས་ཀྱི་རང་བཙན་རྩོད་ཐུབ་ཟེར་བ་ཁྱི་རྒན་ཁ་ནས་མུ་ཏིག་གི་རེ་བ་དང་རྐུབ་སྒོ་ཡི་ཏུག་དྲི་ལ་བསུར་དུ་རེ་བ་ཙམ་མོ། །མགོན་ཕྱག་དང་ཨ་མཆོད་དང་སྤྲུལ་དབང་དང་རིག་བུ་ཟེར་བ་འདི་དག་གིས་སོ་སོའི་མིང་ཙམ་ཡང་རང་དབང་ལུང་པའི་ནང་དུའང་སྟོན་མ་ཕོད་ན་རྒྱ་རྒན་དགྲ་བོའི་མདུན་དུ་རང་བཙན་རྩོད་རྒྱུ་ཨེ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ། དབུ་མའི་ལམ་ལ་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་གྲུབ་འབྲས་མཐར་ཐུག་བོད་རང་དབང་དེ་ཐོབ་མེད་ན་སང་ལོ་གནངས་ལོ་ལོ་ཁ ཤས་རྗེས་མི་ཐོབ་པའི་གདེངས་ཚོད་ཁྱེད་ཚོ་སུ་ལ་ཡོད། རང་བཙན་ལབ་ནས་རྒྱ་གར་ལྡི་ལི་དུ་ཡོངས་གྲགས་སུ་ངོ་རྒོལ་གཅིག་བྱོས་དཱ། རྒྱལ་སྤྱི་ཕར་བཞག་རྒྱ་གར་བས་ཇི་ལྟར་བྱེད་ང་ཚོས་ལྟ་ཆོག བོད་རང་བཙན་ལ་སུ་གཅིག་གིས་ངོས་ལེན་མེད། ཐ་ན་ང་རང་ཚོའི་མཁས་དབང་དུང་དཀར་དང་པཎ་ཆེན་རིན་པོ་སོགས་ནས་ཀྱང་ངོས་ལེན་བྱས་མེད། འོ་ན་དྲི་བ་ཞིག་བྲི་རྒྱུ་ལ་བོད་རང་བཙན་ཡིན་པའི་ཁུངས་གང་ཡོད།
ད་བར་བོད་རང་བཙན་གྱི་ཁུངས་མེད་པར་བསྙད་མཁན་ནི་རྒྱ་གཞུང་དང་རྒྱ་གཞུང་གི་ཨབ་གསོ་འགའ་ལས་མེད་མོད། དེང་འདིར་བློ་གྲགས་ཟེར་བས་ཀྱང་དེ་ལྟར་བཤད་ན། ད་ཁོང་ལ་ལན་དང་ཡ་བྱེད་རིན་ཞིག་མེད་པ་ས་རིས་ཐང་གསལ་ཡིན་ནོ།
མཚོ་མོ་ལགས། ངས་བོད་རང་བཙན་ཡིན་པའི་སྒྲུབ་བྱེད་ཁུར་ཤོག་ཟེར་བ་ལས་རང་བཙན་ཡིན་མིན་སྐོར་ཟུར་ཙམ་བཤད་མེད། གོང་དུ་ཨ མཆོད་དང་མགོན་ཕྱག་ཟེར་བ་ཁ གདངས་ཚད་ནས་དབུ་མའི་ལམ་མི་འགྲིག་ཟེར་མཁན་ཚོའི་ཁོག་པ་རྔོག་འདོད་ནས་རང་བཙན་ཡིན་པའི་ཁུངས་དྲིས་པ་ཡིན། ཁྱོད་རང་ལྟོས་ཨང་། ཁོ་ཚོས་ཡག་པོ་གང་ཡང་བཤད་རྒྱུ་ཡོད་མ་རེད། མེད་བཞིན་དུ་དབུ་ལམ་མི་འགྲིག་པ་དང་རང་བཙན་ད་ལྟ་ནས་རྩོད་དགོས་ཟེར་བ་ཀུན་སློང་གཞཉ་ཞིག་ཡོད་རྟགས་ལས་བོད་ལ་ཤ་ཚ་ནས་མིན་པ་ཤེས་དགོས། ཁོ་ཚོར་རྒྱུ་མཚན་བཤད་རྒྱུ་ཡོད་ན་རང་བཙན་ཡིན་པའི་རྒྱུ་མཚན་ཤོད་དཱ། རང་གཞུང་ལ་ཉིན་མཚན་མེད་པར་ཁ་གཏོང་ཐུབ་ས་ལ་རང་གིས་ཁ་གདངས་ཚད་ནས་རང་བཙན་རྩོད་དགོས་ཟེར་བའི་རྩོད་རྒྱུའི་རང་བཙན་གྱི་སྒྲུབ་བྱེད་པ་མེད་པ་ག་ལ་རུང་། མགོན་ཕྱག་དང་ཨ མཆོད་དང་རིག་བུ་སོགས་ཐོན་ཤོག རྒྱུ་མཚན་བཤད་ཤོག
ངས་ཚད་མ་རྣམ་འགྲེལ་གྱི་རིགས་པས་བསྡད་ས་མགོ་ལ་བསྡད་ནས་མིག་ལ་ཐལ་བ་གཏོར་མཁན་དེ་ཚོ་ཁ གྲགས་རྒྱུ་མེད་པར་བཟོ་ངེས་ཡིན།
མགོན་ཕྱག་ལགས་ཀྱི་དཔྱད་རྩོམ་འདིར་རྒྱབ་སྐྱོར་ཡོད། རིག་པ་གསལ་པོའི་ཐོག་ནས་བོད་ཀྱི་མདུན་ལམ་གངས་ཅན་པ་ལ་གླེང་འདུག། སེམས་ཚོར་ཟབ་མོའི་ཐོག་ནས་ཕྱི་ནང་བོད་མིའི་མངོན་འདོད་གསལ་སྟོན་བྱས་འདུག། གནས་ཚུལ་མང་དག་ཞིག་གིས་མུན་ནག་བོད་ཕྲུག་ཚོ་ལ་སློབ་གསོལ་སྤྲོད་འདུག། དོན་གནད་ཆེ་དག་ཞིག་གིས་རྒྱར་དགའ་བོད་ཕྲུག་རྣམས་ལ་སྐུལ་མ་གཏོང་འདུག།
ཚད་མ་རྣམ་འགྲེལ་གྱི་རིགས་པས་ཁ་གྲགས་རྒྱུ་མེད་པ་བཟོ་རྒྱུ་ཙམ་ལས་གཞན་བེད་སྤྱོད་ཅང་ཡོད་ས་མ་རེད། སྔ་མོ་བོད་གཞུང་ཟེར་བ་དགེ་ལུགས་རེད། དགེ་ལུགས་དགེ་ལུགས་ཟེར་དུས་དགེ་ལུགས་པའི་གྲྭ་སའི་བླ་རྒན་ཚོ་རེད། དེ་ཚོས་བྱིས་སོ་དཀར་ནས་རྒན་མགོ་དཀར་བར་དུ་ཐལ་ཐལ་ཕྱིར་ཕྱིར་ཟེར་གིན་བསྡད། དབྱིན་ཇི་སློབ་གྲྭས་བོད་ལ་གནོད་གི་ཡོད་པ་བསྒྲུབས། བོད་འབྲས་བར་དུ་སྣུམ་ལམ་གཏོད་དགོས་ཟེར་དུས་སེ་འབྲས་པའི་རྟ་བོང་ཚོ་ལས་མེད་དུ་འགྲོབའི་སྡུག་བསྔལ་གྱིས་དེ་ལ་དགག་པ་རྒྱབ། རྟ་བོང་བཙོང་ནས་སྣུམ་འཁོར་ཉོ་རྒྱུ་ཡོད་པ་རིགས་པས་སྒྲུབ་མ་ཐུབ།
བློ་གྲགས་ལགས་ལ། ཆབ་སྲིད་ལ་དོད་སྣང་ཏོག་ཙམ་གནང་རོགས་བྱོས། དེ་ནས་ཁ་གྲགས་ན་ད་གཟོད་ཕན་ཐོགས་ཡོད།
རང་སྲིད་རང་སྐྱོང་། རང་ཐག་རང་གཅོད། ཚད་མཐོའི་རང་སྐྱོང་། རང་བཙན་གཙང་མ། དབུ་མའི་ལམ།
ཨ་ཡོ་ཤེད་ཟིག་གལ། ཆི་ཟིག་ཟེར་གི་ཡོད་ནི་ན་ཆི་གོ། ཡག་གོ་ཟིག་མི་གོ་འི་ར། རྒྱ་རྒྱ་ཡུལ་དང་བོད་བོད་ཡུལ་བྱས་ན་ཡག་གི་རེད་ཟེར་གི་ཡོད་ནི་ལོས་ཡིན།
རེ་ཟུང་གིས་ངས་གང་ཞིག་བཤད་ཀྱི་ཡོད་པ་མགོ་ཚོས་གི་མེད་པ་འདྲ། རང་བཙན་བཤད་མེད། བོད་དོན་དེ་རྗེས་མ་རྒྱ་བོད་འབྲེལ་མོལ་གྱི་ལམ་ནས་སེལ་གྱི་མ་རེད། རྒྱ་ནག་ལ་འགྱུར་བ་ཞིག་ཡོད་ན། དེ་རྒྱ་ནག་གི་འགྱུར་བ་དང་ལྷག་པར་རྒྱ་ནག་དམངས་གཙོར་འགྱུར་བ་ལ་བརྟེན་ནས་བོད་ནང་ལའང་འགྱུར་བ་འགྲོ་གི་རེད་ཟེར་གྱི་ཡོད། ཡིན་ནའང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཞིག་རག་མིན་དེའི་སྐབས་ཀྱི་ཁོ་ཚོའི་རྩ་ཁྲིམས་ནང་ག་རེ་བཀོད་མིན་ལ་ཐུག་ཡོད་པ་རེད།
ང་ཚོས་ད་ལྟ་ནས་མགོ་བཙུགས་ཏེ་རང་ཐག་རང་གཅོད་ཆ་ཚང་བ་ཞིག་མ་ཐོབ་པར་དུ་སྐད་རྒྱག་དགོས་པ་རེད་ཟེར་གྱི་ཡོད། རང་ཐག་རང་གཅོད་ནི་བོད་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་ངོ་མ་དེ་རེད། དེ་ཐོབ་པར་སྔོན་མ་རང་བཙན་ཡིན་མིན་དེ་དེ་འདྲའི་གལ་ཆེན་པོ་མ་རེད། གཙོ་བོ་རང་ཉིད་ལོགས་སུ་ཐོན་ནས་རང་མགོ་རང་གིས་སྐྱོང་རྒྱུའི་འདུན་པ་བོད་མི་མང་ཚང་མ་ལ་ཡོད་མེད་དེ་རེད།
རྒྱ་ནག་དམངས་གཙོ་ཆགས་སྐབས། གྲངས་ཉུང་མི་རིགས་ཁག་ལ་ཐོབ་ཐང་ག་འདྲ་ཞིག་སྤྲད་ཀྱི་ཡོད་པ་དེ་ཁོ་ཚོའི་དམངས་གཙོ་དེའི་རིན་ཐང་འཇལ་བྱེད་ཀྱི་ཚད་ཤིང་གལ་ཆེན་ཞིག་ཆགས་ཀྱི་རེད། ང་སྡོད་སའི་ཁི་སྦེག་ཟེར་བའི་ས་ཆ་འདིའི་ནང་དུའང་རང་བཙན་དགོས་ཟེར་མཁན་མང་པོ་ཡོད་པ་རེད། དེ་ལ་སྔོན་ཁོ་ཚོ་རང་བཙན་ཡིན་མིན་རྩོད་མཁན་སུ་གང་ཡོད་པ་མ་རེད། ཐ་ན་ཁུ་སྦེག་མི་རིགས་ཟེར་ནས་མི་རིགས་ཀྱི་མིང་འདིའང་བཏགས་ཡོད་པ་མ་རེད། ཁོ་ཚོའི་སྐད་དང་ཡི་གེ་ལོགས་སུ་རེད། དེ་སྲུང་སྐྱོབ་བྱེད་པའི་ཆེད་དུ་རང་བཙན་དགོས་ཟེར་གི་ཡོད་རེད། ཁོ་ཚོ་ལ་རང་བཙན་བྱེད་པའི་ཐོབ་ཐང་ཡོད་པ་རེད། དེ་བས་གཞུང་གིས་ཀྱང་སྔ་ཕྱི་ཐེངས་གཉིས་ལ་འོས་འདེམས་བྱེད་བཅུག་པ་རེད། རང་བཙན་དགོས་ཟེར་མཁན་ལ་བརྒྱ་ཆ་ཉུང་ཤས་ཤིག་གིས་རྒྱལ་ཁ་མ་ཐོབ་པ་རེད།
སྔོན་མའི་ལོ་རྒྱུས་ཅི་ཡིན་དེ་ཧ་ལས་པའི་གལ་ཆེན་པོ་མ་རེད། ཁྲིམས་ཐོག་གི་ཐོབ་ཐང་དེ་གལ་ཆེན་པོ་རེད། མི་རིགས་གང་དེའི་མི་མང་ཚོའི་འདུན་པ་དེ་གལ་ཆེན་པོ་རེད། མི་མང་ཚང་མར་གཅིག་གྱུར་གྱི་འདུན་པ་ཞིག་ཡོད་ཕྱིན་གཞུང་གང་ཞིག་ནས་ཀྱང་དེ་ལ་ཚོད་འཛིན་དང་བཀག་འགོག་བྱེད་པ་ནི་དམངས་གཙོའི་ལྟ་གྲུབ་དང་འགལ་བ་རེད།
ཐུ་བ།
་་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་་ ཟེར་བ་འདིར་འགྲེལ་བཤད་ཅིག་གནང་དང་། བཙན་བྱོལ་བོད་མི་ཟེར་ན་ག་རེ་རེད། འབྲེལ་སྒྲ་འི་ཡིས་ག་རེ་སྦྲེལ་ཡོད་པ་རེད། སྒྲིག་འཛུགས་ཟེར་ན་ག་རེ་རེད། སུའི་སྒྲིག་འཛུགས་རེད།
མིང་བཙན་བྱོལ་བོད་མིའི་ ་་སྒྲིག་འཛུགས་་ ཙམ་ཡིན་ནའང་། རྒྱལ་སྤྱིའི་ཐོག་རང་གི་མཐོང་དང་། ནུས་པ། ཤུགས་རྐྱེན་སོགས་རྒྱ་སྐྱེད་བཟོ་ཐབས་ཡོད་པ་རེད། སྒྲི་འཛུགས་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤིག་ཡིན་ནའང་། བཙན་བྱོལ་གྱི་བོད་མི་ཁོ་ནའི་ཆེད་མིན་པར་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་ཀྱང་བྱེད་ཀྱི་ཡོད་པ་རེད། བོད་ནང་གི་བོད་མི་ཚོའི་ཆེད་དུ་འགན་ཆེན་པོ་ཞིག་འཁུར་གྱི་ཡོད་པ་རེད།
བོད་དོན་ཐད་རྒྱལ་སྤྱིའི་ཐོག་ནུས་པ་དང་ཤུགས་རྐྱེན་ཆེན་པོ་བཟོ་ཐུབ་ན། རྒྱ་གཞུང་ལ་གྱོང་གུན་མང་པོ་གཏོང་ཐུབ་ན་ཉིན་ཞིག་རྒྱ་གཞུང་གིས་ལག་པ་གཏོང་མ་སྲིད་པ་མ་རེད། དེ་ནི་ཆབ་སྲིད་རེད།
རང་ཉིད་ཀྱི་རྐང་པ་སྲ་བརྟན་དང་ནུས་པ་ཆེ་སྐྱེད་ལ་ཤུགས་མ་བརྒྱབ་པར་ཉམས་ཆུང་གིས་ཁ་རྒྱ་ནང་ལ་འཁོར་ཏེ་སྒུག་བསྡད་པ་ཡིན་ན་རྒྱ་གཞུང་གིས་ཡ་བྱེད་དགོས་པའི་དོན་དག་ཁོ་རང་ཡོད་པ་མ་རེད།
་་་་་ ང་ཚོས་ད་ལྟ་ནས་མགོ་བཙུགས་ཏེ་རང་ཐག་རང་གཅོད་ཆ་ཚང་བ་ཞིག་མ་ཐོབ་པར་དུ་སྐད་རྒྱག་དགོས་པ་རེད་ཟེར་གྱི་ཡོད། རང་ཐག་རང་གཅོད་ནི་བོད་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་ངོ་མ་དེ་རེད། དེ་ཐོབ་པར་སྔོན་མ་རང་བཙན་ཡིན་མིན་དེ་དེ་འདྲའི་གལ་ཆེན་པོ་མ་རེད། ་་་་་་ཟེར།
བོད་ཀྱི་གནད་དོན་སེལ་ཐབས། བོད་རྒྱ་གྲོལ་མོལ་ལ་རང་གད་མོ་ཤོར་བ་རེད། བྱས་ན་དམག་བརྒྱག་རྒྱུ་དེ་ཡིན་ནམ། དེ་མིན་རྒྱ་མི་དམངས་གཙོར་གྱུར་ན། བོད་རྒྱ་གྲོས་མོལ་མི་དགོས་པར་བོད་ལ་རང་བཙན་སྤྲོད་ཀྱི་རེད་དམ། གཞས་ལུས་མི་མང་གི་མངོན་འདོད་དེ། བོད་རྒྱ་གྲོས་མོལ་མ་དགོས་པར་གང་འདོད་ཅི་ལེགས་ཀྱིས་སྤྲོད་ཀྱི་རེད་དམ། དེང་སྐབས་རྒྱ་མིའི་རྩ་ཁྲིམས་ན་གསལ་བའི་མི་རིགས་རང་སྐྱོང་བཅའ་ཁྲིམས་སྐོར་ཞིག་ཀྱང་མཐོ་རིམ་བོད་མི་འགའ་རས་སྐུ་མངལ་གྱོན་པའི་གྲུབ་དོན་ཡིན་པ ཞེས་པའི་དཔེ་དེབ་ཀློག་དང་ཅུང་ཙམ་ངེས་ཤེས་སྐྱེ་ངེས་རེད། རང་གིས་བྱས་ན། གྲོལ་མོལ་དང་དམག་འཐབ་མི་དགོས་པར། རྒྱ་མིའི་འགྱུར་བ་ཁོ་ནས་ང་ཚོ་ལ་རང་བཙན་གནམ་ནས་འབབ་ཡོང་རྒྱུ་ཡིན་ནམ།
ཨ་་མགོན་ཕྱག
བོད་མིའི་སྒྲིག་འཛུགས་ལ་འགྲེལ་བཤད་ལོགས་སུ་དགོས་པ་འདུག་གམ། མི་སུས་ཀློགས་ཀྱང་ཚིག་གི་ངོ་ཐོག་ནས་གསལ་བཤད་བྱས་མི་འདུག་གམ། འི་སྒྲས་བོད་མི་དང་སྒྲིག་འཛུགས་གཉིས་གཞི་གཅིག་ཏུ་སྦྲེལ་བའི་སྒྲ་སྟོན་པ་རེད། སྒྲིག་འཛུགས་ནི་སྤྱི་ཚོགས་གང་ཞིག་གོ་རིམ་ངེས་ཅན་ལྡན་པའི་ཐོག་ཐུན་མོང་གི་དམིགས་ཡུལ་་ཕྱོགས་གཅིག་ཏུ་བསྒྲུབ་པར་བཙུགས་པའི་ལམ་ལུགས་ཤིག་མ་རེད་པས།
བོད་མིའི་སྒྲིག་འཛུགས་ནི་ཨ་ཅང་ཅང་བོད་མིའི་རང་དབང་གི་བདེན་དོན་བསྒྲུབ་ཆེད་རྒྱ་འོག་ནས་ལུས་སེམས་མཐར་པའི་རང་དབང་གི་ཡུལ་གྲུ་རྒྱ་གར་གཙོ་བའི་འཛམ་གླིང་གི་ས་ཕྱོགས་གང་སར་གནས་སྡོད་བྱེད་བཞིན་པའི་བོད་མི་ཡོངས་དབུ་འོག་གཅིག་ཏུ་འདུས་པའི་གཞུང་འཛིན་སྒྲིག་འཛུགས་ཤིག་རེད།
དེ་སྔོན་གྱི་བཙན་བྱོལ་བོད་གཞུང་ཞེས་པ་ཉིས་སྟོང་བཅུ་གཅིག་ལོར་མིའི་སྒྲིག་འཛུགས་སམ་ཡང་ན་དབུས་བོད་མིའི་སྒྲིག་འཛུགས་ལ་མཚན་བསྒྱུར་བྱས་པ་ནི་མིང་དོན་ལྡབ་རྒྱ་འགྱུར་གྱི་འཕེལ་རྒྱས་སུ་ཕྱིན་པ་ཞིག་རེད། དོན ་གནད་འདི་ལོ་ངོ་ལྔ་བཅུའི་རིང་གི་ཉམས་མྱོང་ཅིག་རེད། ལོ་ངོ་ལྔ་བརྒྱའི་རིང་ལ་རྐང་འཛུགས་ཐུབ་པའི་མིང་དོན་མཚུངས་པའི་མཚན་བྱང་ཞིག་རེད། ང་ཚོས་རྩ་དོན་བསྒྲུབ་ཆེད་མི་སོ་སོས་རང་མོས་ཀྱི་མིང་དང་ལྟ་གྲུབ་ག་རེ་བཀོལ་ཡང་དེ་ལ་ཁྱད་པར་ཀྱང་མེད། གཙོ་བོ་དེ་ས་ཡ་དྲག་གི་བདེ་སྐྱིད་དང་རང་དབང་ཆེད་རེད།
ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་མིང་འདི་བེད་སྤྱོད་བྱེད་པ་ནི་མཚན་རིག་དང་མཐུན་པ་ཞིག་རེད། མི་རིགས་རིགས་ཞེན་ཅན་ཞིག་ཡིན་ན་བོད་མའི་སྒྲིག་འཛུགས་ལ་ས་མཚམས་དང་ཕྱི་ནང་གི་དབྱེ་བ་ཡོད་པ་མ་རེད། སུ་ཡིན་ཡང་འཛུལ་ཞུགས་བྱེད་ཆོག་གི་རེད། སུ་ཡིན་ཡང་རྒྱབ་སྐྱོར་བྱེད་ཆོག་གི་རེད། ང་ཚོས་རྒྱ་གཞུང་ལ་དམག་འཛིང་བྱེད་དགོས་གི་མ་རེད། ང་ཚོས་རང་དབང་གི་སའི་གོ་ལའི་ཐོག་སྒྲིག་འཛུགས་འདི་རྒྱ་སྐྱེད་བཏང་ཆོག་གི་རེད། ཞི་བདེ་དང་དྲང་བདེན་དགའ་བའི་འཛམ་གླིང་གི་མི་མང་མང་པོ་ཞིག་ག་ལེར་ང་ཚོའི་ཕྱོགས་ལ་སེམས་འགུལ་ཐེབས་པ་ཡོང་གི་རེད། འདི་ནི་ང་ཚོའི་རྒྱལ་ཁ་ཡིན། འདི་ནི་ང་ཚོའི་བདེ་སྐྱིད་ཡིན།།
སྐལ་ལྡན་བློ་གྲོས་ཟེར་བའི་མི་ངན་དེ་ཡི་ངག་ལ་གང་ཡང་ཉན་རྒྱུ་ཡོད་པ་མ་རེད། ཆོས་རྒྱུད་ཀྱི་ཕྱོགས་འཐེན་དང་ཆོལ་ཁའི་དབྱེན་དཀྲུག་གཞོན་ནུ་དང་རང་བཙན་རྩོད་མཁན་རྣམས་ཀྱི་སྟེང་དུ་གནོན་ཤུགས་སྤྲོད་གང་ཐུབ་བྱེད་རྒྱུ་མ་གཏོགས་གཞན་ཁོ་ལ་ལས་ཀ་གང་ཡང་ཡོད་པ་མ་རེད་འདོད།
སྐལ་བློ་སོགས་ཀྱི་འཐབ་རྩོད་དང་རྒྱ་ནག་གི་འགྲོ་ཕྱོགས་མི་རྟོགས་མཁན་ཀུན་གྱིས་བཤད་ཡ་མང་དྲགས་པས་ལྷ་ས་ནས་རྒྱ་རྒོལ་བྱེད་མཁན་ཉུང་བའི་གནས་སྟངས་འདི་བྱུང་བ་རེད། རྣམ་གྲྭ་ནས་བྷོ་ལི་ཝོ་དྲི་ཡི་གློག་བརྙན་དང་ཞལ་འདོན་ཁ་ཤས་ཁ་ལས་མ་སྦྱང་བས་ཞ་ར་ལྟ་བུ་ཕྱོགས་གཅིག་ལས་ཐམས་ཅད་མི་མཐོང་མཁན་ཆགས་པ་རེད།
དྲ་གྲོགས་རྣམས་ལ་ཞུ་རྒྱུ་ཞིག་ལ།
དེ་རིང་གསར་འགྱུར་བྱུང་བ་ལྟར་ན་དབྱིན་ཇའི་མངའ་འོག་ཏུ་ཡོད་པའི་སིཀོཊ་ལནད་མི་མང་གིས་༢༠༡༤་ལོ་ཚུན་ཆད་ནང་དབྱིན་ཇིའི་འོག་ནས་རང་བཙན་བྱེད་དང་མ་བྱེད་མི་མང་འོས་བསྡུ་བྱེད་རྒྱུ་ཐག་ཆོད་པ་རེད།