རེབ་ཐོག་མདའ།
རྒྱ་ཡི་སྙིང་ལ་ཟུག་པའི་མེ་ལྕེ་དེ།།
གངས་རིའི་ཨ་མ་ཞིག་གི་མིག་ཆུ་ཡིན།།
མེ་མདའི་ཁ་ན་འབར་བའི་མེ་ལྕེ་དེ།།
ཕུ་ནུ་མིང་སྲིང་ཞིག་གི་ན་ཟུག་ཡིན།།
གཟན་ཤམ་ལྷབ་ལྷབ་འབར་བའི་མེ་ལྕེ་དེ།།
ཞི་བདེའི་ལྷ་བྱར་དུངས་པའི་བརྕེ་བ་ཡིན།།
ཕྱུག་རྫི་རི་ནས་འབར་བའི་སྙིང་སྟོབས་དེ།།
སྔོན་བྱོན་བཙན་པོ་ཞིག་གི་ཞབས་རྗེས་ཡིན།།
ཁ་སང་སྲང་ན་འབར་བའི་མེ་ལྕེ་དེ།།
ཨ་ཇོ་དྲན་པའི་གདུང་བ་ཟབ་མོ་ཡིན།།
ད་ནངས་གྲོང་ན་འབར་བའི་མེ་ལྕེ་དེ།།
ལོ་ཟླ་ནག་པོ་ཞིག་གི་གཏམ་རྒྱུད་ཡིན།།
གཞིས་ཁྱིམ་དྲོན་མོ་འབར་བའི་མེ་ལྕེ་དེ།།
གོ་ལ་ཟླུམ་པོ་དཀྲོག་པའི་དུང་བརྡ་ཡིན།།
གསོན་པོ་མེ་ལ་བསྒྲོན་པའི་མེ་ལྕེ་དེ།།
བདེན་པ་རྒྱང་ལ་བསྐུར་བའི་ཕོ་ཉ་ཡིན།།
བུ་ཆུང་ཨ་མ་བོར་བའི་མེ་ལྕེ་དེ།།
ཚ་བོ་ཚ་མོ་བཞག་པའི་དྲན་ཤིང་ཡིན།།
སློབ་གྲྭའི་གྲུ་ན་འབར་བའི་མེ་ལྕེ་དེ།།
ཀ་ཁའི་ལས་དབང་གླེང་བའི་སྟེགས་བུ་ཡིན།།
ཆོལ་གསུམ་བོད་པ་འབར་བའི་མེ་ལྕེ་དེ།།
མཉམ་སྦྲེལ་རྒྱལ་ཚོགས་རྩོད་པའི་དྲང་བདེན་ཡིན།།
སྐྱ་སེར་རྒན་གཞོན་མེད་པའི་མེ་ལྕེ་དེ།།
སྒང་བ་བོད་པ་ཚང་གི་མདུན་ལམ་ཡིན།།
མིག་ཆུ་སེམས་ལ་ལྷུང་བཞིན་མེ་དེ་དྲན།།
མྱ་ངན་མགོ་བོ་སྒུར་བཞིན་ཕ་ཡུལ་དྲན།།
དྲན་གདུང་ལྕི་མོ་འཁུར་བའི་ལོ་ཟླ་འདི།།
ཁ་བ་བོད་པ་ཚང་ནས་སངས་གྱུར་ཅིག།
ཕྱི་ལོ ༢༠༡༢ ལོའི ༡༠ ཚེས ༢༠ ལ། གངས་རིའི་དཔའ་བོ་གཅིག་དེ་རིང་འབར་བ་ཐོས་རྗེས།
སྙན་མོ་འདུག
ད་འི་རྒྱ་ཡི་སྙིང་ལ་བཟུག་པ་དེ་འདྲ་ཡིན་མིན་ལ་རྟགས་དགོས་པ་རེད་གྲོགས་པོ་ལགས་།